སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱའི་བཙོན་འོག་ཏུ་ཚུད་དེ་ལོ་ ༡༣ འཁོར་བའི་ཉིན་མོ་དང་བསྟུན་ཏེ་དྷ་རམ་ས་ལ་གཙོས་པའི་ཡུ་རོབ་དང་ཨ་རི་སོགས་སུ་ཁོང་སྨན་བཅོས་ཆེད་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་ཡོད།
ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤། ༣༠ སྟེང་། དྷ་སའི་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞབས་ཞུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་འོག་ཏུ་ཚུད་ནས་ལོ་ ༡༣ འཁོར་བའི་དུས་དྲན་དང་། རིན་པོ་ཆེ་ཁོང་གི་བཀའ་དྲིན་རྗེས་དྲན་གྱི་དུས་དེབ་དབུ་འབྱེད་བཅས་གནང་སོང་།
སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སློབ་ཕྲུག་ཨ་ནེ་བདེ་ལེགས་གཡུ་སྒྲོན། དེ་བཞིན། དྷ་སའི་ས་གནས་མགོ་འཛིན་གཙོས་པའི་ས་གནས་མི་མིང་དང་། རྒྱལ་ཁབ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་སོགས་མི་ ༡༠༠ ཡས་མས་འཛོམས་སོང་།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐོར་གྱི་དུས་དེབ་ “མཛད་རྣམ་ཁ་བ་དཀར་པོ།” ཞེས་པ་དབུ་འབྱེད་གནང་རྗེས་ཨ་ནེ་བདེ་ལེགས་གཡུ་སྒྲོན་ལགས་ཀྱིས་དུས་དེབ་དེ་ནི། རྒྱ་གཞུང་གིས་རིན་པོ་ཆེ་མ་བཟུང་སྔོན་གྱི་དགོངས་ཚུལ་བཀའ་སློབ་དང་ཕྱག་ལས་སོགས་མི་མང་གིས་ཤེས་རྟོགས་ཡོང་ཆེད་དང་། རིན་པོ་ཆེའི་སྐོར་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྣ་སོགས་ལ་བཅའ་འདྲི་ཞུས་པ་སོགས་འཁོད་ཡོད་ཚུལ་ངོ་སྤྲོད་གནང་སོང་།
ལས་འགུལ་གོ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་གནང་བར། ༢༠༡༤ ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ནང་མི་ཚོས་རྒྱ་གཞུང་ལ་རིན་པོ་ཆེར་སྨན་བཅོས་བྱ་དགོས་པའི་ཞུ་གཏུག་ཡི་གེ་ཞིག་ཕུལ་བར། ཉན་འཇོག་བྱས་མེད་པ་མ་ཟད། སྐབས་དེ་ནས་ལོ་གཅིག་དང་ཕྱེད་ཀ་ཙམ་ལ་ནང་མི་ཚོར་ཐུག་འཕྲད་བྱེད་དུ་བཅུག་མི་འདུག སྤྱིར་བཏང་རྒྱ་ནག་གི་ཁྲིམས་ནང་། ཆབ་སྲིད་བཙོན་པ་ག་འདྲ་ཞིག་ཡིན་ཡང་ལོ་བདུན་ལྷག་འཛིན་བཟུང་བྱས་རྗེས་བཙོན་པའི་འཕྲོད་བསྟེན་ཛ་དྲག་ཡིན་ན་སྨན་བཅོས་བྱ་རྒྱུའི་ཐོབ་ཐང་ཡོད་ཀྱང་རིན་པོ་ཆེར་ངོས་ལེན་བྱས་མེད། སྤྱིར་བཏང་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རིན་པོ་ཆེའི་སྐོར་ལ་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་ཀྱང་། ད་རེབ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྨན་བཅོས་ཆེད་ཀློད་གྲོལ་ཡོང་བའི་ལས་འགུལ་གསར་བ་ཞིག་ཡིན། ལས་འགུལ་འདི་ནི་དྷ་རམ་ས་ལ་གཙོས་པའི་རྒྱལ་ཁབ་གཞན་ཁག་ཅིག་ཏུའང་སྤེལ་བཞིན་ཡོད། ཅེས་བརྗོད་སོང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སློབ་ཕྲུག་ཨ་ནེ་བདེ་ལེགས་གཡུ་སྒྲོན་ལགས་ཀྱིས་གཏམ་བཤད་གནང་དོན། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༦ ཉིན། རིན་པོ་ཆེའི་སྐུ་མཆེད་ནང་མི་གསུམ་ཁྲིན་ཏུའུ་བཙོན་ཁང་དུ་ཆུ་ཚོད་གཉིས་ཙམ་རིང་ཐུག་འཕྲད་བྱས་སྐབས། རིན་པོ་ཆེའི་སྐུ་གཟུགས་འདར་སིག་རྒྱག་པ་དང་། མཚམས་རེར་དྲན་མེད་དུ་བརྒྱལ་བ་དང་སྐུའི་ཞབས་གཉིས་ཀྱང་བདེ་ཐང་མེད་པ། སྙིང་གི་སྙུང་གཞི་ཕོག་ནས་སྐུའི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག ཅེས་བརྗོད་སོང་།
ཁོ་མོས་མུ་མཐུད་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་ཁོ་མོ་ཐུག་འཕྲད་མཐའ་མའི་སྐབས་སུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས། “ངས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་ཀ་ཏིལ་འབྲུ་ཙམ་ཡང་བྱས་མྱོང་མེད། ཁྱེད་རང་ཚོས་གོང་རིམ་ག་འདྲ་ཞིག་ལ་ཞུ་གཏུག་བྱ་ཐུབ་ན་བྱོས། འགའ་རེས་ངའི་ཆེད་དུ་ཞུ་གཏུག་དང་ལས་འགུལ་སྤེལ་ན་ངའི་གནས་སྟངས་སྡུག་ཏུ་འགྲོ་སྲིད་པའི་སྐོར་བཤད་མཁན་ཡོད་ཀྱང་། ད་ལྟ་ང་ལྷུང་ས་མེད་ན་མ་གཏོགས་ལྷུང་ཚར་བ་རེད། ཞུ་གཏུག་སོགས་ཀྱི་ལས་འགུལ་གང་ཞིག་སྤེལ་དགོས་ཀྱང་སྤེལ་ཤོག” ཅེས་གསུངས་ཡོད་སྟབས། ད་རེབ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དགོས་འདུན་དོན་ཚན་བཞི་འདོན་བཞིན་ཡོད། ཅེས་སོགས་བརྗོད་སོང་།
སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ངོ་སྤྲོད་གནང་དོན། ཁོས་ཐོག་མར་སྤྲུལ་སྐུ་བསྟན་འཛེན་བདེ་ལེགས་ངོ་ཤེས་པ་དེ་ ༡༩༩༤ དང་ ༡༩༩༥ ཡས་མས་ལ་ཁོ་རིན་པོ་ཆེའི་སྐད་བསྒྱུར་བྱས་ནས་ངོ་ཤེས་ཆགས་ཡོད་པ་དང་། རིན་པོ་ཆེ་རྒྱ་གར་ནས་བོད་ལ་ཕྱིར་ཕེབས་རྗེས་ལི་ཐང་དང་ཉག་ཆུ་སོགས་སུ་དྭ་ཕྲུག་ཁང་དང་སློབ་གྲྭ རྒན་གསོ་ཁང་སོགས་བཙུགས་ཏེ་ཁོང་གི་མཛད་འཕྲིན་རྒྱས་ཡོང་སྐབས། རྒྱ་གཞུང་གིས་སྲིད་གྲོས་འཐུས་མིའི་གོ་གནས་ཤིག་བསྩལ་ཡོད་པ་དང་། ༡༩༩༧ ལོར་རིན་པོ་ཆེར་གཞུང་གི་སྲིད་ཇུས་ལ་ཐེ་ཇུས་བྱས་པ་དང་སྤྲུལ་སྐུ་རྫུན་མ་ཡིན་པའི་ནག་ཉེས་འོག་འཛིན་བཟུང་བྱ་འཆར་ཐེངས་གཉིས་བྱས་ཀྱང་། མང་ཚོགས་ཁྲི་ཕྲག་མང་པས་རིན་པོ་ཆེར་རྒྱབ་སྐྱོར་བྱས་པ་དང་། རིན་པོ་ཆེ་ཁོང་རི་སྒང་སོགས་སུ་ཟླ་བ་མང་པོར་གྲོས་བྱོལ་བྱས་སྟབས་འཛིན་བཟུང་ཐུབ་མེད་ཀྱང་། ཨ་རིའི་ནང་ ༩། ༡༡ ཁང་པ་གཏོར་བའི་རྗེས་འཛམ་གླིང་ཡོངས་ཀྱིས་འཇིགས་སྐུལ་རང་ལུགས་པར་ངོ་རྒོལ་བྱེད་བཞིན་པ་དང་བསྟུན་ཏེ། ༢༠༠༢ ལོར་རྒྱ་ནག་གཞུང་གིས་རིན་པོ་ཆེར་ཁྲིན་ཏུའུ་རུ་འབར་རྫས་བཞག་པའི་ཉེས་འཛུགས་བྱས་པ་རེད། ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་དུ། རྒྱ་གཞུང་གིས་མ་ཉེས་ཁ་ཡོག་བྱས་པའི་རྒྱུ་མཚན་གཙོ་བོ་དེ། ཁྲིན་ཏུའུ་འབར་རྫས་བཀས་ཐོར་བྱས་པའི་གནས་ཚུལ་ཐོག་མ་འགོད་མཁན་ནི་ “ཧྭ་ཞི་ཏོ་ཧྲི་པའོ་” ཞེས་པ་དེ་ཡིན་པ་དང་། གསར་ཁང་དེས་གནས་ཚུལ་སྤེལ་པའི་སྐབས་ལ་འབར་རྫས་བཀས་ཐོར་བྱུང་པའི་མཐའ་ཁོར་དུ་བོད་དང་འབྲེལ་བའི་གནས་ཚུལ་གང་ཡང་མེད་ཀྱང་། ཕྱིས་སུ་རིན་པོ་ཆེའི་དགེ་ཕྲུག་བློ་བཟང་དོན་འགྲུབ་འཛིན་བཟུང་བྱས་རྗེས། བློ་བཟང་དོན་འགྲུབ་རྒྱབ་ཕྱོགས་ཀྱི་གཏེ་བོ་དེ་རིན་པོ་ཆེ་རེད་ཅེས་རིན་པོ་ཆེར་ནག་ཉེས་བཙུགས་པ་རེད། དཀའ་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིན་པོ་ཆེར་ནག་ཉེས་བཅད་པའི་སྐབས་སུ། རིན་པོ་ཆེར་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་རྩ་བ་ནས་བྱུང་མེད། ཅེས་སོགས་བརྗོད་སོང་།
སྐལ་བཟང་རྒྱལ་མཚན་ལགས་ཀྱིས། མ་ཉེས་ཁག་གཡོགས་ཀྱི་ཁྲིམས་གཅོད་བརྒྱུད་རིམ་ཁྲོད་ཀྱི་མགོ་བ་གཙོ་བོ་དེ་སྐབས་དེའི་སི་ཁྲིན་ཞིང་ཆེན་གྱི་མགོ་ཁྲིད་གཙོ་བོ་ཀྲུའུ་ཡོན་ཁཱང་ཆགས་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས། དེ་བཞིན་ནག་ཉེས་གཏུག་བཤེར་ཁྲིམས་ལུགས་ནང་དུ་ཁྲིམས་ཐག་བཅད་ཚར་བའི་འབྲེལ་ཡོད་དོ་བདག་དང་། ཡང་ན་དེའི་སྤུན་ཉེས་ཚོས་ཁྲིམས་ཐག་བཅད་པ་དེ་དྲང་བདེན་མིན་པ་དང་ཁྲིམས་ཐག་བཅད་ཀྱང་དཔང་རྟགས་འདང་མེད་ན་བསྐྱར་དུ་ཞུ་གཏུག་བྱེད་པའི་ཐོབ་ཐང་ཡོད་པ་དེ་གསལ་བོར་འཁོད་ཡོད། འོན་ཀྱང་རྒྱ་ནག་གིས་རིན་པོ་ཆེ་ལ་དཔང་རྟགས་གང་ཡང་མེད་པའི་མ་ཉེས་ཁག་གཡོགས་བྱས་པའི་ཁྲིམས་ཐག་བཅད་པ་དང་། དེའི་སྐབས་ཀྱི་རྒྱ་ནག་གི་མགོ་ཁྲིད་གཙོ་བོ་ཀྲུའུ་ཡོན་ཁཱང་ཟེར་བ་དེ་ད་ལྟ་རྒྱ་ནག་གི་ཁྲིམས་འགལ་ལུགས་འགལ་འོག་བཙོན་དུ་ཚུད་ཡོད། རིན་པོ་ཆེ་ལ་མ་ཉེས་ཁག་གཡོགས་ཀྱི་ནག་ཉེས་ལ་བསྐྱར་ཏུ་ཞུ་གཏུག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མི་མང་པོ་ཞིག་གིས་གལ་སྲིད་ལས་འགུལ་དེ་འདྲ་སྤེལ་ན་བཙོན་པ་ཁོ་རང་ཚོར་གནོད་སྐྱོན་འབྱུང་སྲིད་སྐོར་བརྗོད་ཀྱང་། ང་ཚོ་བོད་ཕྱི་ན་སྡོད་པ་ཚོས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེན་པོ་མཐོང་གི་འདུག ཅེས་བརྗོད་སོང་།
སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། རིན་པོ་ཆེའི་སྐུ་གཟུགས་གནས་བབ་སྐྱོ་བོ་ཆགས་ཡོད་པས་ཀློད་གྲོལ་དགོས་པ་རྒྱ་ནག་གཞུང་ལ་ཡར་ཞུ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལས་འགུལ་སྤེལ་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་རེད། ཆབ་སྲིད་བཙོན་ཟུར་ཚོར་ཐུག་འཕྲད་བྱས་སྐབས། ཁོ་རང་ཚོས་རྒྱལ་སྤྱིའི་ཐོག་ལས་འགུལ་ག་ཚོད་སྤེལ་ཐུབ་ན། ཏན་ཏན་བཙོན་པ་ཚོར་ཁྱད་པར་ཞིག་འགྲོ་བཞིན་འདུག་ཅེས་གསུང་གི་ཡོད་སྟབས། ང་ཚོས་ལས་འགུལ་ཤུགས་ཆེན་པོ་སྤེལ་དགོས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་གལ་ཆེན་པོ་རེད། རིན་པོ་ཆེ་གཙོས་པའི་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་། བྱ་བྲལ་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད། རུང་རྒྱས་ཨ་གྲགས་ད་ལོ་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་བཙོན་གྲོལ་བྱེད་དགོས་པ་ཆགས་ཀྱི་ཡོད་ཀྱང་། རྗེས་སུ་གནས་བབ་ག་འདྲ་འབྱུང་མིན་ཐག་གཅོད་ཐུབ་པ་ཞིག་མ་རེད། གང་ལྟར་ཁོ་རང་ཚོ་གཙོས་པའི་ཆབ་སྲིད་བཙོན་པ་ ༡༣༠༠ ལྷག་ཡོད་པ་དག་ལ། རྒྱ་ནག་གཞུང་གི་ངོས་ནས་བོད་མི་རིགས་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་དམངས་དང་འདྲ་མཉམ་ཞིག་ཏུ་རྩི་བཞིན་ཡོད་ན། དངོས་ཡོད་གནས་སྟངས་གཞིར་བཞག་ནས་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།
ཚོགས་གཙོ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྐོར་གསུངས་སོང་། ད་ལྟའི་རྒྱ་ནག་གི་མགོ་ཁྲིད་སྲིད་འཛིན་ཞི་ཅིན་ཕིན་ཕལ་ཆེར་རྒྱ་ནག་གི་ལོ་རྒྱུས་ནང་མའོ་ཙི་ཏུང་ཕུད་པའི་སྟོབས་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་པ་བརྒྱུད་ལམ་ཁག་དང་ཉམས་ཞིབ་པ་ཚོས་ཤོད་བཞིན་ཡོད་པ་རེད། སྟོབས་ཤུགས་ཆེན་པོ་ཆགས་པ་ལྟར། རིན་པ་ཆེར་ནག་ཉེས་འཛུགས་མཁན་གཙོ་བོ་དེ་ཀྲུའུ་ཡོན་ཁཱང་ཡིན་པ་དང་། ད་ལྟ་ཁོ་རང་ལ་ནག་ཉེས་ཕོག་ཡོད་སྟབས་རིན་པོ་ཆེའི་གནས་སྟངས་ལ་བསྐྱར་ཞིབ་བྱས་ཏེ་དངོས་ཡོད་གནས་ཚུལ་ཕྱིར་འདོན་ཐུབ་ན། རྒྱ་ནག་གི་མགོ་ཁྲིད་ཚོས་དྲང་པོ་བྱས་སོང་བསམ་བའི་གནས་ཚུལ་ཞིག་རྒྱལ་སྤྱིའི་ཁྱོན་ལ་རང་བཞིན་གྱིས་ཡོང་གི་རེད། ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་དུ། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གི་མགོ་ཁྲིད་ཚོར་འབོད་སྐུལ་བྱེད་རྒྱུར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་ཡོད་པ་དང་། ང་ཚོའི་མི་རིགས་སྲུང་སྐྱོབ་ཆེད་བོད་པའི་ཆོས་དང་རིགས་གཞུང་སྲུང་སྐྱོབ། ཁོར་ཡུག་སོགས་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག་ཅེས་པའི་སྐད་བརྒྱབ་པ་མ་གཏོགས། རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་བ་ཞིག་ཆགས་མེད་པ་དང་། བོད་པ་ཚོས་སོ་སོའི་ཐོབ་ཐང་བཤད་ཡོང་སྐབས། རྒྱ་གཞུང་གིས་ག་དུས་ཡིན་ནའང་རྒྱལ་ཁབ་ཁ་བྲལ་དང་། རྒྱལ་ཁབ་ཀྱི་བརྟེན་གནས་ལ་གནོད་སྐྱོན་གཏོང་གི་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱིན་ཡོད་སྟབས། བོད་པ་ཚོར་ཁ་བྲལ་ལབ་མཁན་དེ་རྒྱ་ནག་གཞུང་ཁོ་རང་ཚོ་ཡིན་སྟབས། རྒྱ་གཞུང་གཅིག་མཐུན་མ་ཡོང་པ་དང་ཁ་བྲལ་བཏང་པའི་གཞི་རྩ་དེ་རྒྱ་ནག་རང་གིས་བཟོ་བཞིན་ཡོད་པ་གསལ་བོར་མཐོང་ཐུབ་ཀྱི་འདུག ང་ཚོས་དབུ་མའི་ལམ་ནས་བོད་རྒྱ་གཉིས་ཕན་གྱི་ལམ་ཞིག་བསྐྲུན་ཏེ་ད་ལྟའི་བར་དུ་གནས་ཡོད་པ་དང་། ༧གོང་ས་མཆོག་གི་དགོངས་གཞི་དང་མི་མང་གི་འདོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་ལ་ཕབས་པའི་སྲིད་ཇུས་དེ་མ་ཎི་བགྲང་བགྲང་བྱས་ནས་བཤད་བཞིན་ཡོད་པ་རེད། རྒྱ་ནག་གོང་བུ་གཅིག་གྱུར་གནས་པ་དང་བརྟན་གནས་དགོས་ན། བོད་མི་རིགས་ཀྱི་དཀའ་ངལ་དེ་སེལ་དགོས་ཀྱི་ཡོད་པ་མ་ཟད། ཤར་ཏུར་ཀི་སི་ཐན་དང་སོག་པོའི་མི་རིགས་ཀྱི་དཀའ་ངལ་ཡང་སེལ་དགོས་ཀྱི་ཡོད་པ་རེད། དེ་ནས་རྒྱ་ནག་མི་དམངས་རང་གི་དཀའ་ངལ་དེ་ཚོའང་སེལ་དགོས་ཀྱི་ཡོད་པ་རེད། སོ་སོའི་མི་དམངས་ལ་རང་དབང་སྤྲོད་དགོས་པ་རེད། རྒྱ་ནག་མི་མང་གིས་སོ་སོའི་གཞུང་གིས་ག་རེ་བྱེད་བཞིན་ཡོད་པ་དེའང་ཧ་གོ་བའི་ཐོབ་ཐང་ཡོད་པ་རེད། ཅེས་བརྗོད་སོང་།
སྐུ་མགྲོན་དག་གི་གསུང་བཤད་གྲུབ་རྗེས་ལས་འགུལ་བ་རྣམས་ཀྱི་ལག་པའི་སྟེང་སྨན་པའི་རྒྱ་གྲམ་དམར་པོ་དང་། T D R ཀྱི་ཡི་གེ་བྲིས་ཏེ་ལས་འགུལ་བ་ཡོངས་ལྷན་དུ་ཁྱབ་བསྒྲགས་ལས་འགུལ་སྤེལ་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་མིང་དེ་བོད་ཀྱི་རྒྱལ་ཡོངས་བཙོན་གྲོལ་ཚོགས་པ་ཞེས་པ་བསྒྱུར་ན་བོད་ཁྱོན་ཡོངས་ལ་ཁྱབ་ཀྱི་ཡོད་པ་གསལ་པོ་མ་རེད་པས་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་ཆབས་ཅིག ཞུ་དགོས་ཡ་ཁ་ཤས་འདུག
༡ ཞབས་ཞུ་ཚོགས་ཆུང་གིས་རིན་པོ་ཆེ་བཙོན་གྲོལ་ལས་འགུལ་འདི་དགུ་བཅུ་གསུམ་ལྟ་བུར་སྣེ་ཁྲིད་དུ་མི་བཅུགས་བར། ངོ་བོ་དང་བྱེད་ལས། ལས་སྡོམ། བྱུང་སོང་དངུལ་གྱི་ཡོང་ཁུངས་མི་གསལ་བའི་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་བ་ལྟ་བུར་སྣེ་ཁྲིད་འཇུག་དོན་ཅི་ཞིག་ཡིན་ནམ།
༢ སྣེ་ཁྲིད་དུ་བཅུགས་པ་དེར་རིན་པོ་ཆེའི་སྐུ་མཆེད་ཉེ་འབྲེལ་སོགས་འཐད་པ་བྱུང་ཡོད་དམ།
༣ ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་ཐད་ཀར་ཟུར་ཟ་བྱེད་མཁན། རང་བཙན་རྒྱལ་ཡོངས་ལྷན་ཚོགས་ཟེར་བའི་འཇམ་ནོར་སོགས་ཀྱི་ངན་ཇུས་འོག་ཡོད་པ་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་པ་ལྟ་བུས་ལས་འགུལ་སྤེལ་ན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཕེབས་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
༤ ཚོགས་གཙོ་མཆོག་དེ་ལ་ཕེབས་ཆོག་གི་རེད་དམ། དེ་སྔ་ཚོགས་པ་དེས་རང་བཙན་གསལ་བསྒྲགས་རྗེས་དྲན་ཟེར་བ་སོགས་སྤེལ་ཏེ་ཟུར་ཟ་བྱས་པ་བོད་མི་མང་ལ་མངལ་གསལ་ཡིན་བཞིན་དུ། ཚོགས་གཙོ་མཆོག་གིས་མ་མཁྱེན་དོན་ཅི་ཞིག་ཡིན་ནམ།
༥ དགུ་བཅུ་གསུམ་སྒྲིག་འཛུགས་ལ་འདིའི་ཐད་དགོངས་ཕྱོགས་ཡོད་ཚེ་དེར་ཞབས་ཞུ་ཚོགས་ཆུང་ཟེར་བས་འགན་ཁུར་ཐུབ་བམ།