ཁཱར་ལོདྲི་ཨར་པི་(claude Arpi) ཡིས་བསྩམས།
སྤོན་ཊ་གཏན་སློབ་བོད་དགེ མིག་དམར་ནས་དབྱིན་ཡིག་ནས་བསྒྱུར།
རྒྱ་གཞུང་གཞིར་བྱས་ན་༸ཏཱ་ལའི་བླ་མའི་ཡང་སྲིད་རྒྱ་ནག་དམར་ཤོག་ཚོགས་པས་ཐག་གཅོད་རྒྱུ་ཡིན་པ་འདོད་ཀྱི་ཡོད། དེ་ལྟའི་བརྒྱུད་རིམ་བཞིན་བྱས་ཚེ་མཐར་དོན་ལ་ཆུང་སྲིད་པཎ་ཆེན་རིན་པོ་ཆེའི་གནད་དོན་བཞིན་དགོད་བྲོས་ཟློས་གར་ཅན་ཞིག་ཏུ་འགྱུར་རྒྱུ་རེད།
རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཨཇིཏ་དྲོལྦོལ་ (Indian National Security Advisor Ajit Doval )དང་རྒྱ་དཀར་ནག་གི་ས་མཚམས་གནད་དོན་སྐོར་དམིགས་བསལ་འཐུས་མི་རྒྱ་ནག་གི་ཡཱང་ཇེ་ཊི་(Chinese counterpart State Councilor Yang Jiechi,) གཉིས་ཀྱི་གྲོས་མོལ་སྐབས་གནད་དོན་དེའི་ཐད་གང་ཡང་གླེང་མེད། ཡིན་ན་ཡང་། རྒྱ་དཀར་ནག་རྒྱལ་ཁབ་གཉིས་བར་གྱི་གལ་ཆེའི་འབྲེལ་བ་ནི་བོད་ཀྱི་དབུ་ཁྲིད་ཁོང་དགོངས་པ་རྫོགས་པའི་རྗེས་༸ཏཱ་ལའི་བླ་མ་ཁོང་གི་མ་འོངས་པའི་ལམ་ལུགས་ཇི་ལྟར་ཆགས་མིན་དེ་རེད།
བདུན་ཕྲག་དེའི་སྔོན་རྒྱ་དཀར་ནག་གི་འཐུས་མི་ཁོང་གཉིས་ཀྱི་གྲོས་མོལ་རྗེས། ཤིན་ཧྭ་གསར་ཁང་ནས། “རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་དཀའ་རྙོག་མ་སེལ་སྔོན་རྒྱལ་ཁབ་གཉིས་ཕན་ཚུན་ཞི་བདེ་བརྟན་བརླིང་དང་ལྷིང་འཇགས། ཚོད་འཛིན་གཟབ་པོ་བྱེད་དགོས་པའི་ཁས་ལེན་བྱས་ཡོད།” ཅེས་བརྗོད་ཡོད། གང་ལྟར་ཡང་། དེའི་སྐབས་༸ཏཱ་ལའི་བླ་མའི་སྐོར་སྐད་ཆ་ཚིག་གཅིག་ཀྱང་གླེང་མེད། ཉེ་ཆར་རྒྱ་ནག་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚོགས་པའི་སྐབས་དང་རྒྱ་དཀར་ནག་འཐུས་མི་གྲོས་མོལ་བྱེད་པའི་སྐབས་ཀྱི་གནད་དོན་གཉིས་ལ་ཁྱད་པར་ཆེན་པོ་བྱུང་ཡོད། རྒྱ་ནག་ཚོགས་ཆེན་དེའི་སྐབས་གསར་འགོད་ལྷན་ཚོགས་ཤིག་སྤེལ་བའི་ནང་། དེ་སྔོན་༸ཏཱ་ལའི་བླ་མ་མཆོག་ནས་ཁོང་གི་ཆོས་ཕྱོགས་ཀྱི་ལམ་ལུགས་འདི་ཁོང་དགོངས་པ་རྫོགས་པ་དང་མེད་པ་ཆགས་སྲིད་པ་རེད་ཅེས་གསལ་བཤད་གནང་བ་དེར་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོ་པདྨ་འཕྲིན་ལས་ཀྱིས་སྐྱོན་བརྗོད་དགག་པ་བརྒྱབ་ཡོད།
པདྨ་འཕྲིན་ལས་ཀྱིས་ “ཏཱ་ལའི་བླ་མ་ཁོང་རང་གི་ཡང་སྲིད་ཐག་གཅོག་བྱེད་རྒྱུ་༸དེ་ཏཱ་ལའི་བླ་མར་རག་ལས་པ་ཞིག་གཏན་ནས་མིན།” ཞེས་ཁྱབ་བསྒྲགས་བྱས་ཡོད། དེས་རྒྱ་གཞུང་ལ་འབྲེལ་འཚུབ་ཅིག་བསྐྲུན་པ་རེད། གཞན་ཡང་ཁོང་གིས། “ཏཱ་ལའི་བླ་མའི་ལམ་ལུགས་ཀྱི་བརྒྱུད་རིམ་དེ་ལོ་རྒྱུས་གཏིང་ཟབ་ལྡན་པའི་མཐུན་གྲོས་ཀྱི་ལམ་ལུགས་འོག་འགྲོ་དགོས་ཀྱི་ཡོད། དེ་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་ཡིན།” ཞེས་བརྗོད་ཡོད། རྒྱ་གཞུང་ལ་ཆ་མཚོན་ན། མ་འོངས་པའི་ཏཱ་ལའི་བླ་མ་སུ་ཡོང་མིན་དམར་ཤོག་ཚོགས་པས་ཐག་གཅོད་བྱེད་པ་ཡིན། དེ་ནི་བདེན་པ་རེད།
འོན་ཀྱང་། ༸ཏཱ་ལའི་བླ་མའི་ཡང་སྲིད་ག་འདྲ་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པས་ངོས་འཛིན་བྱེད་རྒྱུ་ཡིན་ནམ། ཕྱི་ལོ་ ༡༩༩༥ ལོར་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་བྱེད་པའི་འཁྲབ་ཚན་ཆེན་པོ་དེའི་ཁོངས་སུ་ཡོད་པའི་བོད་ཀྱི་བླ་མ་དང་ཁོང་ད་ལྟའི་ཆར་ཨ་རིར་སྐྱབས་བཅོལ་ལ་བཞུགས་ཡོད་པའི་ཨཀྱ་རིན་པོ་ཆེས་བརྩམས་བཞག་པའི་ཕྱག་དཔེ་ “ ངར་ཤུགས་ཀྱི་འབྲུག རྒྱ་འོག་ཏུ་མི་ལོ་བཞི་བཅུ་མྱང་བའི་བོད་ཀྱི་བླ་མ་ཞིག་གི་རྣམ་པ།” ཞེས་པའི་ཕྱག་དཔེ་འདི་གལ་སྲིད་ཁྱོད་ཀྱིས་བཀླགས་མྱོང་ཡོད་ན། དྲི་བ་འདིར་ལན་འདེབས་བྱེད་རྒྱུ་དཀའ་ལས་ཁག་པོ་གཏན་ནས་མེད།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་ལ་གནས་གཟིགས་ལ་ཕེབས་པའི་སྐབས་གནས་སྟངས་ཡ་མཚན་པོ་ཞིག་གི་འོག་སྐུ་མྱ་ངན་ལས་འདས་པ་དང་། དེའི་རྗེས་མི་རིང་བར་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་དང་། བཀྲ་ཤིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ། ཨཱ་ཀྱ་རིན་པོ་ཆེ་སོགས་ཐད་བསྐོས་ཀྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་བའི་ཚོགས་ཆུང་ཞིག་གཏན་འབེབས་བྱས་པ་རེད། ཨཱཀྱ་མཆོག་ནས། “རྒྱ་ནག་གཞུང་ནས་ཁོ་རང་ཚོའི་འདོད་པ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གིས་གནང་གི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།” ཅེས་གསུངས་ཡོད།
འོན་ཀྱང་། མི་རིང་བར་རྒྱ་ཡག་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་རྗེས། རྒྱ་གཞུང་གི་གཡོ་སྒྱུའི་འཆར་གཞི་ལ་འགྱུར་བ་ཕྱིན་པ་རེད། རྒྱུ་མཚན་ནི། བྱ་བྲལ་རིན་པོ་ཆེ་མཆོག་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཕྱོགས་ཐད་གསང་བའི་འབྲེལ་བ་ཡོད་པ་རྒྱ་གཞུང་གིས་ཤེས་ཀྱི་ཡོད། ཕྱི་ལོ་ ༡༩༩༥ ལོ་འགོར་གནས་སྟངས་དེ་རིགས་ཡག་རྟགས་མེད་པར་བརྟེན་ཏེ། ཛ་དྲག་གི་ཚོགས་འདུ་ཞིག་རྒྱ་ནག་ཏུ་བསྐོངས་ནས་ཡང་སྲིད་འཚོལ་ཕྱོགས་དེའི་ཐད་རྒྱ་གཞུང་ལ་གནས་བབས་ཇི་ལྟར་ཡོད་མེད་གསལ་བཤད་བྱས་པ་རེད།
སྐུ་འབུམ་དགོན་པའི་མཁན་ཟུར་ཨཱཀྱ་མཆོག་གིས། “བྱ་བྲལ་རིན་པོ་ཆེ་མཆོག་འཛིན་བཟུང་བྱེད་དགོས་དོན་ངས་གཞི་ནས་ཧ་གོ་སོང་། དེའི་རྗེས་རྒྱ་གཞུང་གིས་གསེར་བུམ་དཀྲུག་ནས་ཡང་སྲིད་འདེམ་ཕྱོགས་ཐད་༸ཏཱ་ལའི་བླ་མའི་ཁ་བྲལ་ཚོགས་པས་ཐེ་བྱུས་གཏན་ནས་བྱེད་ཆོག་གི་མེད་ཅེས་ང་ཚོར་རྫིག་རྫིག་བསྐུལ་ཏེ་བཤད་སོང་། གནས་ཚུལ་དེ་རིགས་ཕྱི་ལ་གྱར་ཆོག་གི་ཡོད་པ་མ་རེད། མདོར་ན། ཡང་སྲིད་འདེམས་ཕྱོགས་ཐད་༸གོང་ས་མཆོག་གིས་ཐེ་གཏོགས་བྱེད་ཆོག་གི་མེད་པ་དང་། གསེར་བུམ་དཀྲུག་ནས་ཡང་སྲིད་འདེམས་པའི་ཐབས་ལམ་དེ་བདམས་པ་གསལ་པོ་གསལ་རྐྱང་རེད།“ ཅེས་གསུངས་ཡོད། དེའི་ཉི་མ་རྗེས་མར་ཚོགས་འདུ་གཞན་ཞིག་བསྐོངས་ཏེ་དེའི་ནང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་མཁན་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། བོད་རང་སྐྱོངས་ལྗོངས་ནས་འབྲོག་མི་རིན་པོ་ཆེ། ཨཱཀྱ་རིན་པོ་ཆེ་བཅས་མཉམ་བཞུགས་གནང་ཡོད། མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡཱིང་ཁཱཧྲང་ཡང་སླེབས་ཡོད།
རྒྱ་ནག་གཞུང་གིས་ཇི་ལྟར་ཐག་གཅོད་བྱས་པ་ཁས་ལེན་བྱེད་རྒྱུ་ལས་ལྷག་པའི་བོད་ཀྱི་བླ་མ་ཚོར་གདམ་ཀ་གཞན་རྩ་བ་ཉིད་ནས་མེད། ཨཱཀྱ་རིན་པོ་ཆེ་མཆོག་གིས། “ཚོགས་འདུ་དེ་མགྱོགས་པོ་ཞེ་པོ་ཚར་བ་རེད། དེའི་ཉིན་གུང་རྒྱབ་ལ་རྒྱ་ནག་ཡོངས་དང་འཛམ་གླིང་སྤྱི་ལ་གཟུགས་མཐོང་རླུང་འཕྲིན་ཐོག་ནས་ཁྱབ་བསྒྲགས་བྱས་སོང་།“ ཅེས་གསུངས་ཡོད། དེའི་རྗེས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གསེར་བུམ་དཀྲུག་ནས་ངོས་འཛིན་ཐག་གཅོད་བྱེད་པའི་ཆེད་སླར་ཡང་ཚོགས་འདུ་གཞན་ཞིག་བསྐོང་འཚོགས་གནང་ཡོད། དེ་ནི་ལྷ་སའི་ཇོ་ཁང་ནང་དུ་འཚོགས་ཡོད། ཨཀྱ་རིན་པོ་ཆེ་མཆོག་ནས། “ཐོག་མར་ང་ཚོ་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་འབྱོར་སྐབས། ཉེན་རྟོག་པ་དང་བཅིངས་འགྲོལ་དམག་མིས་དམ་དྲག་ཆེན་པོས་མཐའ་ཚང་མ་བསྐོར་ཞིང་ང་ཚོ་སྲུང་སྐྱོབ་ཆེད་ཕྱོགས་ཚང་མ་དམག་མིས་བང་བསྒྲིགས་ནས་འདུག“ ཅེས་གསུངས།
རིན་པོ་ཆེ་ཁོ་ཚོ་ཞུགས་སའི་མགྲོན་ཁང་གི་ཕྱི་རོལ་ཚང་མ་མེ་མདའ་སྦག་སྦག་འཁྱེར་བའི་བཅིངས་འགྲོལ་དམག་མིས་མཐའ་བསྐོར་བསྡད་ཡོད་པ་ཁོ་ཚོས་མགྲོན་ཁང་ནས་གཟིགས་ཡོད། དེའི་རྐྱེན་པས་སུ་གང་ཡང་ཕྱི་ལོགས་ལ་འབྲོ་ཐུབ་ཀྱི་མེད། རྒྱ་ནག་དམར་ཤོག་ཚོགས་པས་རིན་པོ་ཆེ་ཚོར། “གལ་སྲིད་༸ཏཱ་ལའི་རུ་ཚོགས་ཀྱིས་གསེར་བུམ་དཀྲུག་པའི་ལས་གཞི་ལ་གནོད་སྐྱོན་བཟོས་པ་བྱུང་ཚེ། ཁྱོད་རྣམས་ཀྱི་བདེ་འཇགས་ང་ཚོས་སྲུང་སྐྱོབ་བྱེད་རྒྱུ་ཡིན། གལ་སྲིད་ཁྱོད་རྣམས་ཀྱི་ཁྲོད་ནས་༸ཏཱ་ལའི་རུ་ཚོགས་ཀྱི་བྱེད་ཐབས་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་མཁན་བྱུང་ཚེ་སྙིང་རྗེ་མེད་པར་ཁྱོད་རྣམས་ལ་ཉེས་ཆད་འགེལ་རྒྱུ་ཡིན།” ཞེས་ནན་བརྗོད་བྱས། བརྡ་ལན་དེ་གསལ་པོ་དང་སྐད་ཤུགས་ཆེན་པོས་བརྗོད་ཡོད།
ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༡༡ པའི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་གཉིས་པའི་ཐོག་གསེར་བུམ་དཀྲུག་པའི་མཛད་སྒོ་དེ་ལྷ་སའི་ཇོ་ཁང་དུ་མགོ་འཛུགས་བྱས་ཡོད། ཨཀྱ་རིན་པོ་ཆེ་མཆོག་གིས། “མཚན་དཀྱིལ་ལ་རྦད་དེ་ནག་ཁུང་ཡིན་ན་ཡང་། མདའ་འགོག་དམག་ཆས་གྱོན་པའི་དམག་མི་ཉམ་སྐྱོ་བོའི་སྲང་ལམ་ཁྲོད་གོམ་སྟབས་སྤོ་བཞིན་པ་ང་ཚོས་མཐོང་ཐུབ་ཀྱི་འདུག་ལ། ཁང་པའི་ཟུར་དང་གྲིབ་ནག་ཡོད་ཚད་ལ་དྲག་ཆས་ཉེན་རྟོག་པ་ལངས་ནས་བསྡད་ཡོད་པ་ཡང་ང་ཚོས་མཐོང་བྱུང་།” གཞན་ཡང་ཨཀྱ་རིན་པོ་ཆེ་མཆོག་གིས་གཡོ་སྒྱུའི་འཁྲབ་གཞུང་དེའི་སྐོར་མུ་མཐུད་དུ་བརྗོད་དོན། “གོས་ཆེན་སེར་པོས་གཡོགས་པའི་ཅོག་ཙེ་ཆེན་པོ་ཞིག་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་དུ་གྲལ་བསྒྲིགས་པ་དང་། དེའི་ཐོག་མཐོ་ཚད་ཨིན་ཅི་བཅོ་ལྔ་ཙམ་ཡོད་པའི་གསེར་བུམ་དེ་བཞག་ནས་ཕྱོགས་ཚང་མ་མཐོ་རིམ་མི་སྣའི་མཐའ་བསྐོར་ཏེ་བཞུགས་ཡོད་།” ཅེས་དང་། རྒྱ་གཞུང་ཁྲིམས་དོན་སློབ་སྟོན་པ་ལཱོ་གཱན་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་མཚན་ནོར་བུ་ཡང་མཛད་སྒོར་དེར་བསླེབས་ཡོད།
དེ་ནས་གསེར་བུམ་གྱི་མཛད་སྒོ་དེ་མགོ་འཛུགས་བྱས་པ་རེད། “གསེར་བུམ་གྱི་ནང་དུ་སྒམ་ཆུང་ཆུང་ཞིག་ཡོད་པ་དང་། དེའི་ནང་བ་སོ་གསུམ་ཡོད་ཅིང་དེ་དག་གི་མཐའ་ལ་སྤྲིན་དབྱིབས་ཀྱི་བསྐོས་བརྒྱབ་ཡོད། ཡང་སྲིད་ཀྱི་འོས་མི་གསུམ་གྱི་མིང་ལོགས་སུ་ཤོག་བུའི་སྟེང་བྲིས་ཏེ། ཤོག་བུ་དེ་དག་བ་སོའི་དབྱུག་པར་བསྐོན་ནས་གསེར་བུམ་ནང་བླུགས་ཡོད།” རྒྱ་གཞུང་ནས་འབྲོག་མི་རིན་པོ་ཆེ་ལ་དགའ་ལྡན་ཁྲི་བའི་གོ་གནས་སྤྲད་ཅིང་བསྟུན་མཁས་མང་དག་བྱས་ཡོད། འབྲོག་མི་རིན་པོ་ཆེས་ཡང་སྲིད་འོས་མི་གཏན་འབེབས་ཆེད་སེར་གྱི་ཁུག་མ་དེ་ལཱོགཱན་ལ་ཕུལ་བ་དང་། དེའི་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཕུལ་ཡོད། དེ་འདྲ་ཞིག་གི་འོག་དམར་ཤོག་ཚོགས་པའི་ཆོས་ཕྱོགས་བྱེད་སྒོ་དེ་འཁྱུག་ཙམ་ཞིག་ལ་མཇུག་བསྒྲིལ་བ་རེད།
ཡང་སྲིད་འོས་མི་རྒྱལ་མཚན་ནོར་བུ་བདམས་ཡོད་པ་དང་། སྤྱི་ཁྱབ་བློན་ཆེན་གྱི་འདོད་པ་བཞིན་རྒྱལ་མཚན་ནོར་བུས་རྒྱལ་མཚན་ནོར་བུ་བདམས་པས། རྒྱ་གཞུང་ཁོ་རང་ཚོས་པཎ་ཆེན་རིན་པོ་ཆེ་དེ་ལྟར་ངོས་འཛིན་བྱས་པ་རེད། ཕྱིས་སུ་གད་མོ་ཤོར་བའི་གནས་ཚུལ་མང་པོ་འཁྱབ་ཡོད། གང་ལྟར་ཡང་། དེ་ལྟ་བུའི་འཁྲབ་སྟོན་དེ་ད་དུང་འཇུག་བསྒྲིལ་མེད། ཁྱེད་རང་ཚོས་དོ་སྣང་བྱས་ཚེ། ༸གོང་ས་མཆོག་གི་ཡང་སྲིད་དེའང་འདེམ་སྒྲུག་གང་འདྲ་བྱེད་མིན་ཁྱེད་ཀྱི་རྟོགས་ཐུབ་ངེས་ཡིན།
གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོའི་དགོན་པར་རྒྱལ་མཚན་ནོར་བུའི་ཁྲི་འདོན་བྱས་པའི་རྗེས་ཨཀྱ་རི་པོ་ཆེ་མཁའ་ལམ་བརྒྱུད་རྒྱ་ནག་ལ་ཕྱིར་ལོག་བྱས་པ་རེད། རྒྱ་གཞུང་ཆོས་རིག་ལྷན་ཁང་གི་མགོ་འཛིན་ཡཱེ་ཞའོལྦན་དང་དབུས་གཞུང་གི་བློན་ཆེན་ལཱི་ཐའེ་ཡིང་གཉིས་ཀྱི་ལྷན་ཁང་དུ་ཨཀྱ་རིན་པོ་ཆེ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་སྐད་བཏང་བ་རེད། དབུས་གཞུང་གི་དཔོན་རིགས་ཁོ་གཉིས་ནི་ཤིན་ཏུ་དགའ་བོ་བྱུང་ཡོད་པ་དང་། ལཱི་ཐའེཡིང་གིས་རྒྱ་ནག་གི་ལོ་རྒྱུས་ཁྲོད་འགྱུར་བ་ཆེན་པོའི་བྱ་བཞག་ཅིག་ལེགས་འགྲུབ་བྱུང་བར་འདོད་ཀྱིན་ཡོད།
ཡཱེ་ཞའོ་ལྦན་གྱིས་ཧང་སངས་བའི་གསང་བ་ཞིག་བཤད་པ་རེད། “ང་ཚོས་ཡང་སྲིད་ཀྱི་འོས་མི་འདེམ་སྒྲུག་བྱེད་པའི་སྐབས་འོས་མི་གཞན་སླེབས་པའི་རེ་བ་གཏན་ནས་མེད་པ་བྱས་པ་ཡིན། གོས་ཆེན་གྱི་ཁུག་མའི་ནང་ཡོད་པའི་བ་སོའི་དབྱུག་པ་གཅིག་གི་འོག་ལ་སྤྲིན་བལ་ཏོག་ཙམ་བཞག་པ་ཡིན། དེ་ལ་བརྟེན་ནས་འོས་མི་གཞན་གྱི་དབྱུག་པ་དེ་ཚོ་ལས་ཅུང་མཐོ་བ་ཆགས་ཡོད་སྟབས། ང་ཚོའི་ཡང་སྲིད་འོས་མི་ནོར་འཁྲུལ་མེད་པར་བདམས་ཐུབ་པ་རེད།”
བྱེད་སྟངས་དེ་འདྲ་ནི་རྒྱ་གཞུང་གི་སྤྱོད་ཚུལ་ཞིག་རེད། ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་པ་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་རྗེས་མི་ལོ་ཉི་ཤུ་ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་བ་དང་། དུས་ད་ལྟ་ཡང་བཟང་བཙོན་ནང་བཞུགས་ཡོད། གལ་སྲིད་རྒྱ་གཞུང་གིས་༸ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པ་འབྱུང་ཚེ། པཎ་ཆེན་རིན་པོའི་ཡང་སྲིད་ངོ་འཛིན་བྱེད་ཚུལ་གྱི་བྱ་སྤྱོད་ཇི་བཞིན་༸ཏཱ་ལའི་བླ་མའི་ཡང་སྲིད་ཡང་དེ་ལྟར་ངོས་འཛིན་བྱེད་རྒྱུ་ཡིན་པ་ཐེ་ཚོམ་སྤུ་ཙམ་མེད། ཡིད་སྐྱོ་བོའི་འཁྲབ་སྟོན་དེ་ཏན་ཏན་སྤེལ་ངེས་ཡིན།
མ་རྩོམ་འབྲེལ་ཐག http://news.statetimes.in/next-dalai-lama-handpicked-by-china/
ཉེ་བའི་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་བསྒྲིལ་བ་དང་། ཁ་སང་དེ་རིང་གསར་འགྱུར་བརྒྱུད་ལམ་ཁག་དང་ལྷག་པར་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེ་བ་ཞིག་འགྲོ་བཞིན་པ་ནི། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་ད་དུང་ཡང་སྤྱི་འཐུས་ཀྱི་ཐོབ་ཐང་རག་མེད་པའི་སྐོར་དང་། ༧གོང་ས་མཆོག་གི་ཡངས་སྲིད་སྐོར་སོགས་རེད།
ད་ལྟ་སྐབས་སུ་བབ་པར་ཇོ་ནང་པའི་ཆོས་བརྒྱུད་ལ་སྤྱི་འཐུས་ཀྱི་ཐོབ་ཐང་རག་ཀྱང་རུང་མ་རག་ཀྱང་རུང་། སྤྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོད་པ་ཙམ་གྱིས། དེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་བོད་བརྒྱུད་ནང་བསྟན་ལ་ཕན་ཐོགས་ཇི་ཙམ་ཆགས་ཀྱི་ཡོད་དམ། མ་འོངས་པར་གནད་འགག་ཇི་ཙམ་ཆགས་སྲིད་དམ།
ལྷག་པར་བོད་བརྒྱུད་ནང་བསྟན་འདི་ཉིད་གཉན་འཕྲང་ཛ་དྲག་གི་དུས་ཤིག་བརྩི་བཞིན་པའི་སྐབས་འདིར། ང་ཚོས་དོན་ཆེན་པོ་ཞིག་ཕར་བཞག་ནས་དོན་ཆུང་ཆུང་ཞིག་ལ་རྩོད་ནས། ཧ་ཅང་གི་གནད་འགག་ཆེ་བའི་དོན་དག་ཞིག་ང་ཚོས་སྣང་མེད་འཐུས་ཤོར་འགྲོ་བཞིན་འདུག་བསམས།
མ་འོངས་པར་བོད་བརྒྱུད་ནང་བསྟན་འདི་ལ་འཕྲད་ཉེན་ཆེ་བའི་ཕྱི་ནང་གཉིས་ཀྱི་དགྲ་དང་དཀའ་ཉེན་ཁག་ལ་གདོང་ལེན་བྱེད་པར་བོད་མི་མང་སྤྱི་འཐུས་ནང་ཡོད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་འཐུས་མི་རྣམས་ལ་འཇོན་ནུས་ག་ཚོད་ཅིག་ཡོད་དམ། ཁོང་རྣམ་པར་ཐག་གཅོད་ཀྱི་དབང་ཚད་དང་ནུས་པ། ཁོང་རྣམ་པའི་ཐག་གཅོད་ལ་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་མང་གིས་ཀྱང་གདེང་འཇོག་ག་ཚོད་ཅིག་བྱེད་སྲིད་དམ།
མིག་སྔར་བོད་བརྒྱུད་ནང་བསྟན་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་ཅིག་ཞུས་ན། གཅིག་ནི་རྒྱ་ནག་གཞུང་གིས་བཟོས་པའི་སྤྲུལ་སྐུའི་ཡངས་སྲིད་ལམ་ལུགས་སྐོར་གཡོ་ཇུས་དང་། གཉིས་པ། དོལ་ཚོགས་ཀྱིས་འུར་སྒྲོགས། གསུམ་པ། བླ་རྫུན་གྲྭ་རྫུན་གྱི་ཟློས་གར་བཅས་རེད། དཀའ་ངལ་དེ་ཚོར་ཁ་གཏད་གཅོག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ལྷག་པར་གྲོས་ཚོགས་དེའི་ནང་ཡོད་པའི་ཆོས་ལུགས་ཆོས་བརྒྱུད་ཀྱི་འཐུས་མི་རྣམས་ཀྱིས་ཐག་གཅོད་དང་གྲོས་ཆོད་ཁག་ལ་ནུས་པ་ག་ཚོད་ཅིག་ཡོད་སྲིད་དམ།
དེ་ལས་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཡོ་ལངས་དེ་ཕར་བཞག་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་འགན་འཁུར་ཆེ་བཞེས་ཐོག ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཞི་པ་ཆེན་པོ་མཆོག་གི་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་དམ་པ་མང་པོ་ཞལ་བཞུགས་པའི་སྐབས་འདིར། <<ཆེས་མཐོའི་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་ལྷན་ཚོགས་>>ཞིག་འཕྲལ་དུ་གསར་འཛུགས་དོན་འཁྱོལ་ཡོངས་བ་བྱེད་དགོས། དེ་འདྲ་ཞིག་གསར་འཛུགས་བྱེད་པར་སྔ་དྲག་མེད་རུང་ཕྱིས་དྲགས་མེད།
བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོའི་སྒྲིག་འཛུགས་དེས། མ་འོངས་པར་བོད་བརྒྱུད་ནང་བསྟན་འདི་ཉིད་མི་ཉམས་གོང་འཕེལ་དང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་འཕྲད་དང་འཕྲད་སྲིད་པའི་དཀའ་ངལ་གདོང་ལེན་དང་སྔོན་འགོག་ཆེད་བོད་བརྒྱུད་ནང་བསྟན་གྱི་<<བཅའ་ཡིག་ཆེན་མོ་>>ཞིག་གཏན་ལ་ཕབ་དགོས།
བཅའ་ཡིག་དེའི་ནང་སྤྱིར་མདོ་སྔགས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་སྟངས་དང་། སྒོས་བླ་སྤྲུལ་ངོས་འཛིན་གནང་ཕྱོགས། ལྷ་སྲུང་བསྟན་ཕྱོགས་ལ་སོགས་གནད་འགག་ཡོད་ཚད་བླ་མ་བསྟན་བདག་རྣམས་ཀྱི་ཞལ་ནས་གསུང་པ་ཙམ་མ་ཡིན་པར། ཤོག་བུ་དཀར་པོའི་ངོས་སུ་ཡིག་གེ་ནག་པོ་གཟུགས་སུ་བསྐོད་ནས། <<བོད་བརྒྱུད་ནང་བསྟན་གྱི་བཅའ་ཡིག་>>དེབ་ཆེན་མོ་ལག་པས་མི་འཁྱོག་པ་ཙམ་ཞིག་བཟོས་ནས་དེའི་ཐོག་བསྟན་བདག་བླ་སྤྲུལ་ཚང་མས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་གལ་ཆེ་བའི་བྱེད་སྒོ་རྣམ་གཞག་ཚང་མ་དེབ་འདིར་གཞིར་བཟུང་དགོས་པའི་བཀའ་དང་བྱིན་གྱིས་བརླབས་ཚེ། ཆོས་ཁྲིམས་གཉིས་ཀྱིས་བདམས་པའི་བཀའ་ཡིག་དེར་རྒྱ་དམར་པོས་སྒྱོགས་ཀྱི་གཏོང་མི་ཐུབ་ལ། ཕྱི་བཤིག་སྟ་རེ་དང་ནང་བཤིག་རྟིའུ་གང་གིས་ཀྱང་གནོད་མི་ཚུགས་པར་མི་འཇིགས་རྡོ་རྗེ་ཕ་ལམ་ལྟ་བུ་ཞིག་འགྱུར་རྒྱུ་གདོན་མི་ཟ།
བཅའ་ཡིག་དེ་འདྲ་ཞིག་གཏན་ལ་ཕབ་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་དང་། གསར་འགོད་གསལ་བསྒྲགས་གནམ་ས་རྒུལ་བ་ལྟ་བུ་ཞིག་གནང་འོས་པ་ཞིག་དང་གནང་དགོས་པ་ཞིག་ཡིན།
ལྷན་ཚོགས་དེ་དང་བཅའ་ཡིག་དེའི་ནང་གི་འབྲུ་དོན་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་དབུ་འོག་དཔུང་འདེབས་གནང་མཁན་དགོས་པ་དབང་གིས་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་ཞིག་དགའ་ལྡན་ཁྲི་པ་ནང་བཞིན་བསྐོ་བཞག་བྱེད་དགོས།
བཅའ་ཡིག་དེས། དེ་སྔོན་རྒྱ་ནག་གཞུང་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཟེར་བས་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༩ ཚེས་ ༡ ཉིན་ཁྱབ་བསྒྲགས་བྱས་པའི་ <བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱེད་ཐབས་>ཟེར་བ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༣༠ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆོས་དོན་ལས་ཁུངས་ཀྱིས་བཀའ་ཡིག་ཨང་ ༨ པར་འབོད་པའི་ “བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས།” ཞེས་པའི་ཡིག་ཆ་དེ་དག་ནུས་མེད་ཕམ་པར་རྒྱག་ཐུབ།
བཅའ་ཡིག་དེས། དོལ་ཚོགས་ཀྱི་གཞི་མེད་སྐྱོན་འཛུགས་དང་། དོལ་ཚོགས་ཀྱི་རེ་སྟོང་འཇའ་ལྟར་ཡལ་ནས་ཕྱི་རབས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ལ་བླང་དོར་གྱི་ངེས་ཤེས་བསྟན་པོ་རྙེད་ཐུབ།
བཅའ་ཡིག་དེས། ཕྱི་ནང་གི་མི་མང་ཚང་མར་བོད་བརྒྱུད་ནང་བསྟན་གྱི་དོན་དམ་གྱི་བླ་མ་དང་བླ་རྫུན་བར་དང་། དོ་དམ་གྱི་གྲྭ་པ་དང་གྲྭ་རྫུན་བར་དབྱེ་འབྱེད་གསལ་པོ་བྱེད་ཐུབ། མཚན་ཉིད་གསལ་པོ་འཇོག་ཐུབ།
བཅའ་ཡིག་དེས། ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་རྒྱ་ནག་གཞུང་ལ་ཐེ་ཇུས་རྩ་བ་ནས་མེད་པའི་རྒྱ་ནག་གཞུང་གི་སྐད་ཆ་ལྟར་བྱས་ན་<<དར་ཆ་གསལ་སྟོན་>>བྱེད་ཐུབ།
མ་གཏོགས། གོང་གསལ་གྱི་གནད་དོན་དེ་དག་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ག་གེ་མོ་དང་། ལས་ཁུངས་ག་གེ་མོ་ཞིག་གིས་གསར་འགོད་གསལ་བསྒྲགས་ཙམ་ཞིག་དང་། བརྒྱུད་ལམ་ཁག་གི་མདུན་ནས་ལན་འདེབས་རེ་བྱས་པ་ཙམ་གྱིས་ནུས་པ་ངེས་ཅན་ཞིག་ཐོན་རྒྱུ་ཁག་པོ་རེད།
གལ་སྲིད་ནམ་ཞིག་༧གོང་ས་མཆོག་སྐུ་མ་བཞུགས་པའི་དུས་ཚེ་དུས་སྐབས་དེར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མས་གུས་བརྩི་ཞུ་ས་༧གོང་ས་མཆོག་གི་སྐུ་ཚབ་ལྟ་བུའི་བསྟན་བདག་ཞིག་དགོས་པ་ཡིན།
བོད་བརྒྱུད་ནང་བསྟན་གྱི་བཅའ་ཡིག་གི་འབྲུ་དོན་དང་༧གོང་ས་མཆོག་གི་ལམ་སྟོན་ལྟར། བསྟན་བདག་དེས་དབུ་ཁྲིད་པའི་བསྟན་བདག་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་སྐུའི་ཡངས་སྲིད་ངོས་འཛིན་ཞུ་ཕྱོགས་ཐག་གཅོད་གནང་ཚེ། ད་གཟོད་རྒྱ་ནག་གཞུང་ཅི་བྱ་གཏོལ་མེད་དུ་འགྱུར་རྒྱུ་རེད།
ང་ཚོར་གོ་རིམ་དང་ལྡན་པའི་འཆར་གཞི་ཞིག་མེད་རྐྱེན། ༧པན་ཆེན་སྐུ་ཕྲེང་བཅུ་པའི་ཡངས་སྲིད་ངོས་འཛིན་ཞུ་ཕྱོགས་དེ་ང་ཚོར་ཕམ་ཁ་རག་པ་རེད། ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རང་རེས་མཇལ་ཡུལ་དུ་མེད་པར་འཇའ་ལྟར་ཡལ་ནས་ལོ་ངོ་ ༢༠ ལྷག་ཕྱིན་ཡོད་པ་རེད། ད་ལྟ་རྒྱ་གཞུང་གི་པན་ཆེན་རྒྱལ་མཚན་ནོར་བུར་ཡོན་ཏན་ཆེ་ལུགས་དང་རང་ཚུགས་ཐུག་ལུགས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ལ་ཞེན་ཆེ་ལུགས་སུ་ཡང་དུ་བསྒྲགས་བཞིན་ཡོད་པ་རེད།
འདི་མུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དུས་གཏན་དུ་མཇལ་ཡུལ་དུ་མེད་པར་གྱུར་ཚེ། པན་ཆེན་སྐུ་ཕྲེང་ ༡༢ པ་དུས་ནམ་ཞིག་ལ། ཡུལ་གང་ཞིག་ཏུ། ཐབས་ཇི་འདྲའི་ཐོག་ནས་ཡང་སྲིད་ངོས་འཛིན་ཞུ་རྒྱུ་རེད། དེ་དྲི་བ་ཆེ་ཤོས་ཞིག་རེད།
ད་ལྟའི་ཆར་<<དགེ་ལྡན་བསྟན་བདག་ལྷན་ཚོགས་>>དང་། <<རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས།>> <<དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས།>> སོགས་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཀྱི་ཐུན་མོངས་ལྷན་ཚོགས་ཁག་ཅིག་ལས། གཞན་དེ་སྔོན་དེ་སྔོན་ཆོས་རིག་ལས་ཁུངས་ཀྱི་བསྟན་བདག་ལྷན་ཚོགས་ཤིག་འཛུགས་ཐབས་བྱས་ཡོད་ཀྱང་བཀའ་བརྒྱུད་པའི་བསྟན་བདག་བསྐོ་ཕྱོགས་ཐད་དཀའ་ངལ་འཕྲད་ནས་ད་བར་ལག་ལེན་དོན་འཁྱོལ་བྱུང་མེད། བཀའ་རྒྱུད་དབུ་འཛིན་ཐག་གཅོད་དེ་རྒྱལ་དབང་འབྲུག་ཆེན་གྱིས་ཞལ་བཞེས་མ་གནང་བའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད།