དེ་རིང་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མིའི་སྤྱི་འཐུན་མཉམ་འབྲེལ་ལོ་བཅུ་འཁོར་བའི་མཛད་སྒོ་ཚོགས་པའི་སྟེང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལོ་རེའི་ཡོང་འབབ་ཧིན་སྒོར་འབུམ་ ༢༠༠ ཙམ་ཡིན་པ་ལས་བརྒྱ་ཆ་ ༡༥ ཙམ་བོད་མིའི་སྒྲིག་འཛུགས་ལ་འབུལ་བཞིན་ཡོད་སྐོར་བརྗོད་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཙུགས་ནས་ལོ་ངོ་ཧྲིལ་པོ་ ༡༠ འཁོར་བའི་མཛད་སྒོ་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་རྣམ་གཉིས་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཌེ་ཎེ་ཤི་ (Dr.Dinesh) མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་དྲུང་ཆེ་ཆུང་གཙོས། དྷ་རམ་ས་ལའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མིའི་མཉམ་འབྲེལ་ཁག་གི་ཚོགས་གཙོ་དང་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ཁྱོན་མི་ ༤༠ ལྷག་ཙམ་འདུ་འཛོམས་སོང་།
མཛད་སྒོ་དབུ་འཛུགས་ཀྱི་ལས་རིམ་ཁག་གྲུབ་རྗེས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས་མཛད་སྒོའི་ངོ་སྤྲོད་གནང་བ་ལྟར་ན། བོད་མིའི་མཉམ་འབྲེལ་དེ་ ༡༩༦༣ ཟླ་ ༤ པའི་ནང་དྷ་རམ་ས་ལར་ཐོག་མར་གསར་འཛུགས་གནང་ཡོད་པ་དང་། ད་ལྟ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་མཉམ་འབྲེལ་ ༡༥ ཙམ་ཡོད་དག་ནི་ལས་རིགས་ཞབས་ཞུའི་མཉམ་འབྲེལ་ ༣ དང་། ས་ཞིང་འདེབས་ལས་ཆེད་ཐོན་སྐྱེད་ཀྱི་ཚོང་ལས་གཉེར་མཁན་མཉམ་འབྲེལ་ ༡༢ བཅས་ཡོད་འདུག་ལ། དེ་དག་གིས་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ལས་རིམ་འདྲ་མིན་ཁག་ ༡༥༠ ཙམ་ཐོག་ལས་ཀ་བྱེད་བཞིན་ཡོད་འདུག
ད་ལྟའི་ཆར་བོད་མིའི་མཉམ་འབྲེལ་ཁག་མཉམ་རུབ་བྱས་ཏེ་མི་མང་གིས་གསོག་ཉར་བྱས་པའི་དངུལ་བབ་ཧིན་སྒོར་ས་ཡ་ ༧༠༠ ལྷག་ཡོད་པ་དང་། ལོ་ལྟར་ཧིན་སྒོར་ས་ཡ་ ༡༢༠ ཙམ་མི་མང་ལ་བུ་ལོན་གཏོང་གི་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ལྟར་ ༢༠༠༥ ཟླ་ ༤ ཚེས་ ༢༠ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་དེབ་སྐྱེལ་བྱས་ཡོད་པ་དང་། ད་ལྟའི་འཆར་མཉམ་འབྲེལ་གྱི་ལས་རིགས་འདྲ་མིན་གྱི་སྡེ་ཚན་ལྔའི་ནང་ལས་བྱེད་ ༡༦༠ ཙམ་ཡོད་པ་དང་། ས་གནས་མཉམ་འབྲེལ་ཁག་གི་ནང་ཁྱོན་ལས་མི་ ༦༠༠ ལྷག་ཡོད་འདུག
དེའི་རྗེས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་གནང་པ་ལྟར་ན། ༢༠༡༣ ལོ་ནས་ཟུང་མཉམ་འབྲེལ་བཅོ་ལྔ་ཡོངས་རྫོགས་ཁེ་བཟང་ནང་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། བོད་མིའི་སྤྱི་འཐུན་མཉམ་འབྲེལ་ཀྱི་ལོ་རེ་ཁེ་བཟང་ལས་བརྒྱ་ཆ་ ༡༥ ཙམ་བོད་མིའི་སྒྲིག་འཛུགས་ལ་འབུལ་བཞིན་ཡོད་འདུག བོད་མིའི་མཉམ་འབྲེལ་ཁག་ནང་ལོ་རེར་དངུལ་རྩིས་བཀའ་ཁྲོལ་ཧིན་ས་ཡ་ ༡༠༠༠ ལྷག་གི་ཚོང་ལས་གཉེར་བཞིན་ཡོད་པ་དང་། ལོ་རེའི་ཁེ་བཟང་ཧིན་སྒོར་འབུམ་ ༢༠༠ ཙམ་འབྱུང་བཞིན་ཡོད་འདུག བོད་མིའི་མཉམ་འབྲེལ་ཁག་གིས་འདས་པའི་ལོ་ཤས་ནང་ཚོགས་ཁང་དང་ལས་ཁུངས། ཁྲོམ་ར། མགྲོན་ཁང་། ལས་ཤག་བཅས་མ་དངུལ་ཧིན་སྒོར་ས་ཡ་ ༡༢༠ ལྷག་བཏང་སྟེ་འཛུགས་སྐྲུན་གནང་ཡོད་འདུག བོད་མི་སྒེར་གྱི་དཔལ་འབྱོར་ཡར་རྒྱས་ཡོང་ཆེད་ཁྲོམ་ར་བཙུགས་ནས་ཚོང་ཁང་ ༡༥༠ ཙམ་མི་མང་ལ་གླ་ཆུང་བོག་གཡར་བཏང་ཡོད་འདུག
དེའི་རྗེས་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཌེ་ཎེ་ཤི་ (Dr.Dinesh) མཆོག་གིས་རྒྱ་གར་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཕེལ་རིམ་སྐོར་ངོ་སྤྲོད་གནང་དོན། མཉམ་འབྲེལ་ནི་ཚོགས་མི་ལས་གྲུབ་པ་ཞིག་ཡིན་པ་མ་ཟད་སྟངས་འཛིན་དང་འཛིན་སྐྱོང་ཡང་ཚོགས་མིས་བྱེད་ཀྱི་ཡོད་སྟབས། ཚོགས་མི་ནི་མཉམ་འབྲེལ་གྱི་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད། རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་གྷུ་ཅུ་ར་ཌི་དང་ཀཱ་ཎ་ཀྲ་ཁཱ། ཀེ་ར་ལཱ་ནང་གི་མཉམ་འབྲེལ་ཁག་གི་ཚོགས་མི་ཚོ་ཤེས་ཡོན་ལྡན་ལ་ཆེད་ལས་སློབ་སྦྱོང་ལྡན་པ་མ་ཟད། ལས་དོན་གང་བྱས་ཀྱང་རང་འགན་རང་འཁུར་བྱེད་བཞིན་ཡོད་སྟབས་གཟེངས་སུ་ཐོན་པའི་གྲུབ་འབྲས་སྨིན་ཡོད། ཚོགས་མི་ཚོས་རང་འགན་རང་འཁུར་མི་བྱེད་མཁན་གྱི་མཉམ་འབྲེལ་ཁག་ལ་གྲུབ་འབྲས་འཐོན་རྒྱུ་ཁག་པོ་ཆགས་ཡོད་སྟབས། ངས་མ་འོངས་པར་དེ་དག་གྲུབ་འབྲས་ལྡན་པ་ཞིག་ཆགས་དགོས་ན་གཤམ་གྱི་ཆ་རྐྱེན་གསུམ་དེ་ཚང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག དང་པོ། མཉམ་འབྲེལ་གྱི་ཚོགས་མི་ཁག་ལ་ཤེས་ཡོན་དང་ཆེད་ལས་ཀྱི་སློབ་སྦྱོང་ལྡན་དགོས་པ་མ་ཟད། ལས་དོན་ཚགས་ཚུད་ཡོང་རྒྱུར་མཉམ་ཞུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཁེ་ལས་ཀྱི་བྱ་བཞག་གཉེར་སྐྱོང་བྱེད་ཐུབ་དགོས་པ་དང་། གཉིས་པ། ཁེ་ལས་གཞན་ལྟར་ཆེད་ལས་ལྡན་པའི་འཛིན་སྐྱོང་བྱེད་ཐུབ་པ་བྱས་ནས་ཁེ་བཟང་ཐོབ་ཐབས་ལ་ཤུགས་སྣོན་རྒྱག་དགོས་པ། གསུམ་པ། མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱིས་ལས་འགན་ཡག་པོ་འཁུར་དགོས་པ་མ་ཟད། འགན་འཛིན་ལྷན་ཚོགས་ནང་ཆེད་ལས་ཀྱི་ཉམས་མྱོང་ཡོད་པ་དག་འདེམས་ཐུབ་ཚེ་ཁེ་ལས་འཕེལ་རྒྱས་དང་ལས་དོན་བྱེད་ཕྱོགས་ལ་སྔར་མེད་ནུས་པ་འཐོན་ངེས་ཡིན། ང་ཚོས་ཆ་རྐྱེན་དེ་དག་འགྲུབ་པར་བུད་མེད་དང་གཞོན་སྐྱེས་ཀྱི་ནུས་པ་སྤུངས་དགོས་པར་བརྟེན། ཁོ་ཚོར་ཤེས་ཡོན་གྱི་གོ་རྟོགས་སྤེལ་རྒྱུ་དང་འབྲེལ་ལས་རིགས་འདིའི་ནང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་གལ་ཆེན་པོ་ཆགས་ཡོད་སྟབས། མ་འོངས་རྒྱ་གར་རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་ངོས་ནས་འགྲོ་གྲོན་བཏང་སྟེ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་མི་ཁག་ལ་ཆེད་ལས་ཀྱི་ཤེས་ཡོན་སྤྲོད་རྒྱུ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་ས་ཕྱོགས་ག་པར་ཟབ་སྦྱོང་མགོ་འཛུགས་ཞུས་ཀྱང་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་མཉམ་འབྲེལ་གྱི་གལ་འགངས་སྐོར་གསུངས་དོན། བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་སྐབས། དེའི་སྐབས་ཀྱི་གྲོས་ཚོགས་ངོས་ནས་མཉམ་འབྲེལ་གྱི་བདག་དབང་དེ་མི་མང་རང་ལ་ཡོད་པ་དེ་བཅའ་ཁྲིམས་དོན་ཚན་ ༩༣ ནང་ལ་གསལ་པོ་འཁོད་བསྡད་ཡོད་ཀྱང་། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་གནང་བའི་སྐབས་ཀྱི་ ༢༠༠༢ ལོ་ནས་ཐོག་མར་ལམ་སྟོན་ཁག་ཁ་གསལ་ཡིག་ཐོག་ལ་ཕེབས་པ་དང་འབྲེལ། ༢༠༠༥ ལོར་དངོས་སུ་ལག་བསྟར་གནང་ཐུབ་པ་དེ་ང་ཚོའི་ལོ་རྒྱུས་ནང་གི་གཟི་བརྗིད་ཅིག་ལ་ངོས་འཛིན་གནང་ཕྱོགས་ཀྱི་རེད་བསམ་གྱི་ཡོད། ཅེས་སོགས་གསུངས་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་ཁག་སོ་སོའི་ལས་དོན་བྱེད་ཕྱོགས་སྐོར་གསུངས་དོན། སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་སོ་སོའི་ལས་འགན་དེ་བོད་མིའི་སྤྱི་ཚོགས་ནང་ལོགས་ལ་དཔལ་འབྱོར་གྱི་བདེ་རྩ་གཅིག་པུས་མི་མང་ལ་ཁེ་ཕན་བསྐྲུན་རྒྱུ་ཙམ་ མིན་པར་རྒྱ་ཆེ་ཆུང་ལ་མ་ལྟོས་པར། མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཡོད་ཀྱང་། ད་ལྟའི་ང་ཚོའི་གནས་བབ་འདི་ལ་མི་མང་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་ཐེབས་ཡོད། གཞོན་སྐྱེས་མང་པོ་ཞིག་གཞིས་ཆགས་ནང་གནས་མ་ཐུབ་པར་རྒྱལ་ས་ཁག་དང་ཕྱི་རྒྱལ་ཁག་ཏུ་ཕྱིན་ནས་ལས་ཀ་བྱེད་བར་སྐྱོད་བཞིན་ཡོད་སྟབས། གཞིས་ཆགས་གནས་ཐུབ་མིན་སྐོར་ལ་སྐད་ཆ་མང་པོ་འགྲོ་བཞིན་ཡོད་སྟབས། མཉམ་འབྲེལ་ཚོའི་ལས་འགན་ནི་མི་མང་གི་དཔལ་འབྱོར་གྱི་བདེ་རྩའི་ཁེ་ཕན་བསྒྲུབ་རྒྱུ་དང་འབྲེལ། གཞིས་ཆགས་ནང་མི་མང་གནས་རྒྱུའི་ལས་དོན་ག་རེ་གཉེར་དགོས་དོན་ཐོག་ཐུགས་བསམ་ བཞེས་རྒྱུ་གལ་ཆེན་པོ་ཆགས་ཡོད། གཞིས་ཆགས་གནས་ཐུབ་དང་མི་ཐུབ་ཟེར་བ་དེ་གཞིས་ཆགས་ནང་སྒྲིག་འཛུགས་ག་ཚོད་ཡོད་མིན་ལ་རག་ལས་ཡོད་སྟབས། སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་ཁག་སོ་སོས་ས་གནས་ལ་དཔག་པའི་ལས་དོན་གང་འགྲུབ་དགོས་མིན་སྐོར་ལ་ཉམས་ཞིབ་གནང་སྟེ། ལས་གཞི་གསར་པ་དེ་གསར་འཛུགས་གནང་ཐུབ་པ་བྱེད་དགོས། དཔེར་ན། སྤེལ་ཀོབ་ལ་ཆ་བཞག་ན་ཕྲུ་གུས་ཕ་མ་གཡུགས་ནས་ཕྱི་རྒྱལ་ལ་འགྲོ་མཁན་ག་ཚོད་ཡོད་མེད་ཉམས་ཞིབ་གནང་སྟེ། རིན་པ་སྤྲོད་དགོས་པའི་རྒན་གསོ་ཁང་དེ་འདྲ་འཛུགས་ཐུབ་པ་ཡིན་ན། བོད་རིགས་གཞོན་སྐྱེས་སྨན་ཞབས་པ་དང་སྨན་པ་མང་པོ་ཞིག་ལ་ལས་ཀ་སྤྲོད་ཐུབ་པ་སོགས་ཡོང་གི་ཡོད་སྟབས། མ་འོངས་པར་གཞིས་ཆགས་ཁག་ནང་ལས་གཞི་དེ་འདྲ་སྤེལ་ཐུབ་པ་ཡིན་ན་གཞིས་ཆགས་སྲ་བརྟན་ལ་ཕན་ཐོགས་ཆེན་པོ་ཡོད། ཅེས་སོགས་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་མཉམ་འབྲེལ་གྱི་ཚོང་ལས་ཀྱི་ལྟ་གྲུབ་ཐོག་གསུངས་དོན། འཛམ་གླིང་ནང་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་གྱི་ལམ་ལུགས་གཉིས་ཡོད་ཁོངས་ནས། མ་རྩ་རིང་ལུགས་ནི་ཚོང་བརྒྱབ་ནས་ཁེ་བཟང་རག་ཐབས་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ནི་གཞུང་གིས་ཚོང་བརྒྱབ་ནས་མི་མང་སྤྱི་ལ་བགོ་འགྲེམ་བྱེད་རྒྱུ་དེ་ཆགས་ཡོད་ཀྱང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལྟ་གྲུབ་དེ་གཞི་ག་པར་འཇོག་གི་ཡོད་དམ་ཞེ་ན། དཔལ་འབྱོར་གྱི་དམངས་གཙོ་ལམ་ལུགས་ཐོག་མདུན་སྐྱོད་བྱེད་བཞིན་ཡོད་སྟབས། ནང་སྲིད་བཀའ་བློན་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༩༣ ནང་གསལ་ལྟར་ཤས་བདག་ཟེར་ནའང་རེད། མཉམ་འབྲེལ་གྱི་བདག་དབང་ཆ་ཚང་མི་མང་ལ་ཡོད་པ་མ་ཟད་མི་མང་གིས་འགན་འཁུར་དགོས་ཀྱི་ཡོད་པ་དང་འབྲེལ། ཁེ་བཟང་ཐོབ་པ་དག་མི་མང་ལ་ཆེད་གཏོང་བྱེད་དགོས་ཀྱི་ཡོད་སྟབས། བོད་མིའི་མཉམ་འབྲེལ་ནི་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀ་མིན་པ་དཔལ་འབྱོར་གྱི་དམངས་གཙོ་ཆགས་ཡོད་སྟབས། མི་མང་ལ་དམིགས་ནས་ཕྱག་ལས་གནང་དགོས་པ་མ་ཟད། ལྷག་པར་དུ་གཞིས་ཆགས་སྲ་བརྟན་ཡོང་ཐབས་ལ་འབད་བརྩོན་གནང་ནས་ལས་གཞི་གསར་པ་དེ་འདྲ་མགོ་འཛུགས་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་སོང་།
གསར་འགོད་པ། དོན་གྲུབ།
གཞིས་ཆགས་སྲ་བརྟན་ཡང་མཉམ་འབྲེལ་ནས་བྱེད་དགོས་པ་དང་། མཉམ་འབྲེལ་གྱི་ཡོང་འབེབ་བརྒྱ་ཆ་༡༥ཡང་བོད་མིའི་སྒྲིག་འཛུགས་ལ་འབུལ་དགོས་པ་ཡ་མཚན་རེད།
་་་་་་་ བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལོ་རེའི་ཡོང་འབབ་ཧིན་སྒོར་འབུམ་ ༢༠༠ ཙམ་ཡིན་པ་ལས་བརྒྱ་ཆ་ ༡༥ ཙམ་བོད་མིའི་སྒྲིག་འཛུགས་ལ་འབུལ་བཞིན་ཡོད་ ་་་་་་་་་་་་་
འདིར་སྨོན་པ།
བཀའ་ཟུར་ཟམ་གདོང་ཡུན་བརྟན་ཤོག །
ཚོགས་གཙོ་སྤེན་ཚེ་དར་འགྱུར་ཅིག །
སྲིད་སྐྱོང་བློ་སེང་རྒྱལ་འགྱུར་ཅིག །
ལྐོག་རུལ་ལས་བྱེད་ཕམ་འགྱུར་ཅིག །