དེ་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་མཛད་སྒོའི་ཐོག་བོད་རིགས་ཚོང་པ་ཚོས་དཔལ་འབྱོར་དོན་དུ་གཉེར་བ་ཙམ་མ་ཟད་སྤྱི་ཚོགས་ཕན་བདེའི་འགན་ཆེན་པོ་ལེན་དགོས་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་ལ་དྷ་ས་མེག་གྷན་ནོར་བུ་མགྲོན་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༠ འཁོར་བའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་རྒྱ་གར་ཨར་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་གཞོན་པ་སྐལ་བཟང་དངོས་གྲུབ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དངོས་གྲུབ་ལགས་ཀྱིས་གཙོས་རྒྱུན་ལས་དང་། ཕྱོགས་མཐའ་ཁག་ནས་ཡོང་བའི་ཚོགས་མི་བཅས་མི་གྲངས་ ༥༠ ཡས་མས་འཛོམས་འདུག་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་མིའི་ཚོང་ལས་བདེ་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༠ འཁོར་བའི་དུས་དེབ་དང་། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ཐོ་ཞིག་བཅས་དབུ་འབྱེད་གནང་བ་དང་འབྲེལ། བོད་མིའི་ཚོང་ལས་བདེ་ཚོགས་ནང་ལོ་ངོ་ ༡༠ ཕྱག་ལས་གནང་མྱོང་བའི་ཚོང་པ་ ༡༠ ལ་གཟེངས་བསྟོད་ལག་ཁྱེར་གནང་སོང་།
མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་སྐལ་བཟང་དངོས་གྲུབ་ལགས་ཀྱིས། ངས་བོད་མིའི་ཚོང་ལས་བདེ་ཚོགས་བཙུགས་ནས་ལོ་ངོ་ ༡༠ འཁོར་བར་རྟེན་འབྲེལ་ཞུས་པ་ཆབས་ཅིག ང་ཚོས་ད་དུང་གདོང་ལེན་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ཡོད་པ་ཤེས་རྟོགས་ཐུབ་དགོས་པ་རེད་ཞུ་རྒྱུ་ཡིན། ད་ལྟ་འཛམ་གླིང་ཐོག་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། ས་ཕྱོགས་གང་སར་ཁྲིམས་སྒྲིག་ཀྱང་འགྱུར་བ་འགྲོ་བཞིན་ཡོད་པ་མ་ཟད། ཚོང་དོན་ལམ་ལུགས་དང་ཚོང་གི་སྒྲིག་ཁྲིམས། དེ་བཞིན་དཔྱ་ཁྲལ་དང་ས་ཆའི་ཁྲིམས་སྒྲིག་སོགས་ཀྱང་དུས་དང་བསྟུན་ནས་འཕོ་འགྱུར་འགྲོ་བཞིན་ཡོད་པ་ལྟར། བོད་མིའི་སྤྱི་ཚོགས་ཀྱང་ཁྲིམས་སྒྲིག་གི་འགྱུར་བ་དེར་ནམ་ཡང་གཡོལ་ཐབས་མེད་སྟབས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་གོ་རྟོགས་སད་དུ་བཅུག་སྟེ་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དེའི་ཐོག་འདི་ལོ་ནས་བཟུང་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་ཚོར་ཟབ་སྦྱོང་གང་མང་སྤྲད་དེ་མང་ཚོགས་ཀྱི་གོ་རྟོགས་གོང་འཕེལ་གཏོང་ཐབས་དགོས་པ་རེད། ཅེས་གསུངས་སོང་།
དེ་རྗེས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། རྒྱ་གར་གཞུང་ལ་རེ་འདུན་ཞུས་པ་ལྟར་དགོངས་པ་ཆེར་བཞེས་ཀྱིས་བོད་མིར་ལྟ་སྐྱོང་བྱེད་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད་པ་དང་། སྲིད་བྱུས་དེའི་ཐོག་ནས་བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་ས་ཆ་རྣམས་སྡོད་ཁང་དང་སོ་ནམ། ཆོས་དང་རིག་གཞུང་། ཤེས་ཡོན་སོགས་ཀྱི་ཆེད་བེད་སྤྱོད་གཏོང་ཆོག་གི་ཡོད་པ་ལྟར། འགྱུར་བ་དེ་གཞིར་བཟུང་ནས་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་བོད་མིའི་ས་ཁང་སྒྲིག་གཞིར་བསྐྱར་བཅོས་གནང་སྟེ་འགྱུར་བ་ཆེན་པོ་ཕྱིན་ཡོད་སྟབས། ཐེངས་འདིའི་ལྷན་ཚོགས་ཐོག་ཞུགས་པའི་ཚོང་པ་རྣམས་དང་བོད་མི་སྤྱི་ཡོངས་ནས་གནས་སྟངས་དེར་དཔག་པའི་བསམ་བློ་གཏོང་དགོས་སྐོར་དང་། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་སྐྱེ་ལྡན་སོ་ནམ་དང་འབྲེལ་བའི་མཉམ་འདུས་ཀྱི་ལས་གཞི་ཞིག་རྩོམ་ཐུབ་ན་བསམ་སྟེ་འབྲེལ་བ་བྱེད་པར་སྒུག་བསྡད་ཡོད་ལ། ད་ལྟའི་ཆར་རྒྱ་གར་ནང་སྡེབ་གཅིག་ལ་ས་ཆ་ཨེ་ཀ་སྟོང་ཕྲག་མང་པོ་སྒྲིག་འཛུགས་ཤིག་ལའང་དཀོན་པོ་ཞེ་དྲགས་ཡིན་སྟབས། ང་ཚོའི་ས་ཆ་རྣམས་བདག་པོ་ཡག་པོ་བརྒྱབ་སྟེ་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལ། ད་ལྟའི་ཆར་སྐྱེ་ལྡན་སོ་ནམ་ལྟ་བུར་མཚོན་ན་ཁྲོམ་རྭ་དེ་གཞིས་ཆགས་རང་དང་ཉེ་འགྲམ་ཁོ་ན་ཆགས་བསྡད་ཡོད། ཞིང་པར་ཁྲོམ་རྭ་དགོས་ཀྱི་ཡོད་ཀྱང་རང་ངོས་ནས་འཚོལ་ཐུབ་ཀྱི་མེད་སྟབས། དེའི་ཐད་བོད་པའི་ཚོང་པ་ཚོའི་ངོས་ནས་མཉམ་ལས་བྱ་རྒྱུ་གཏན་གཏན་ཡོད་ལ། བོད་མི་ཚང་མས་མཉམ་རུབ་དང་གསར་གཏོད་ཀྱི་ཐོག་ནས་གཞིས་ཆགས་ཁག་བེད་སྤྱོད་གཏོང་ཕྱོགས་ལ་བསམ་བློ་བཏང་སྟེ། རང་ཁ་རང་གསོ་ཡི་སྤྱི་ཚོགས་ཤིག་བསྐྲུན་ཐབས་བྱེད་པའི་དུས་ཚོད་ཅིག་ལ་བསླེབས་ཡོད་སྐོར་སོགས་གསུངས་སོང་།
བོད་པའི་ཚོང་པ་ཚོས་དཔལ་འབྱོར་ཁོ་ན་གཉེར་བ་ཙམ་མིན་པར་རང་བཞིན་གྱིས་རྩ་དོན་ལའང་འགན་ཁྱེར་གྱི་ཡོད་པའི་སྐོར་ལ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་ཚོང་པ་ཚང་མ་མཉམ་དུ་འཛོམས་ཏེ་ཚོགས་འདུའི་ཐོག་བཀའ་མོལ་གནང་བ་ཙམ་མ་ཡིན་པར། སྒེར་སོ་སོའི་ཚོང་ལས་དང་འབྲེལ་བའི་འཆར་གཞི་གསར་པ་ཕན་ཚུན་བརྗེ་ལེན་བྱེད་པའི་གོ་སྐབས་ཤིག་ཡོང་གི་ཡོད་པ་དང་། དེ་ལས་གལ་ཆེ་བ་ཞིག་ནི་རྩ་བའི་ཁྱེད་རང་ཚོ་ཚོང་ལས་བདེ་ཚོགས་ཡིན་ཡང་། ད་ལྟའི་ང་ཚོའི་ཆབ་སྲིད་གནས་སྟངས་ཀྱི་དབང་གིས་གནད་དོན་མང་པོ་ཞིག་ལ་རང་བཞིན་གྱིས་འབྲེལ་བ་ཆགས་བསྡད་ཡོད་པ་རེད། ལས་བསྡོམས་ནང་གསུངས་པ་ལྟར་རྒྱ་གར་རྒྱལ་སྤྱིའི་ཚོང་འདུས་ནང་མཉམ་ཞུགས་དང་། ཧི་མ་ལ་ཡའི་དུས་སྟོན་ཐོག་འགྲེམས་སྟོན་བྱས་སྐབས་བོད་པའི་གནད་དོན་གྱི་ངོ་སྤྲོད་ཅིག་རང་བཞིན་གྱིས་འགྲོ་བཞིན་ཡོད་སྟབས། དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཆགས་བསྡད་ཡོད་ལ། རིག་གཞུང་གཅེས་འཛིན་དང་ངོ་སྤྲོད་བྱེད་པའི་ལས་འགན་ཆེན་པོ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་པ་རེད། ཅེས་དང་། འདས་པའི་ལོ་ ༡༠ ནང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་ནང་འབྲེལ་བ་གང་འཚམ་བྱེད་ཐུབ་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ནང་ཚོགས་མི་ཆེད་སྐྱོད་ཀྱིས། རྒྱ་གར་གཞུང་གི་སྲིད་བྱུས་གསར་པའི་འོག་གཞིས་ཆགས་ཁག་གི་ས་ཆ་བེད་སྤྱོད་ཐད་གོ་སྐབས་ག་འདྲ་ལེན་དགོས་ལྟ་ཞིབ་བྱས་ཏེ། དེ་ལ་དཔག་པའི་ལོ་གཉིས་གསུམ་གྱི་འཆར་གཞི་བསྒྲིག་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་།
དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་རིགས་ཚོང་པ་ཚོས་ཤེས་ཡོན་སློབ་སྦྱོང་དང་སྤྱི་ཚོགས་ཕན་བདེའི་ཆེད་འགན་ཆེན་པོ་འཁུར་དགོས་པའི་སྐོར་ལ་གསུངས་དོན། ཉེ་སྔོན་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་བོད་རིགས་སློབ་མ་ཞིག་གིས། རྒྱ་གར་ནང་ལོགས་ཀྱི་བོད་མིའི་ཚོས་ལས་སྐོར་ལ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། བོད་མི་ཚོང་ལས་པའི་ནང་མཐོ་སློབ་ཀྱི་ལག་ཁྱེར་ཡོད་མཁན་བརྒྱ་ཆ་ ༡༤ ལས་མེད་པར་བརྒྱ་ཆ་ ༦༤ སློབ་གྲྭ་མཐར་མ་འཁྱོལ་བ་རྐྱང་རྐྱང་ཡིན་སྟབས། མཐོ་སློབ་ཏུ་སོང་སྟེ་སློབ་སྦྱོང་མཐར་ཕྱིན་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་མཇུག་བསྡོམས་བརྒྱབ་ཡོད་ཀྱང་། བོད་མི་ཚོང་ལས་པའི་ནང་ནས་བརྒྱ་ཆ་ ༦༤ ལ་མཐོ་སློབ་ཀྱི་ལག་ཁྱེར་མེད་པ་ཡིན་ན། ཚོང་ལས་ཐོག་ཁྱད་པར་ག་རེ་ཡོང་གི་ཡོད་མེད་ཐད་འཛམ་གླིང་སྤྱི་ཡོངས་ནང་བསྡུར་བ་བྱེད་སྐབས། འཛམ་གླིང་ནང་སྐད་གྲགས་ཆེ་ཤོས་ཀྱི་ཚོང་པ་དང་མགོ་ཁྲིད། རྩོམ་པ་པོ། ཚན་རིག་པ་སོགས་མང་ཆེ་བ་མཐོ་སློབ་ཏུ་སོང་མེད་པ་དང་། ཡང་སོང་བ་ཡིན་ནའང་མཐའ་འཁྱོལ་བ་རྐྱང་རྐྱང་ཡིན་སྟབས། དེ་ཚོར་ལྟ་ཡོང་སྐབས་ལག་ཁྱེར་མེད་པ་ཡིན་ནའང་འགྲིག་འགྲོ་ཡི་ཡོད་པ་དེ་གསལ་བོ་ཞེ་དྲགས་ཡིན་ནའང་། ལག་ཁྱེར་དང་ཤེས་ཡོན་ཡོད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། ཅེས་དང་། ཚོང་པ་ཚོས་དཔལ་འབྱོར་ཁོ་ན་དོན་དུ་གཉེར་བ་ཙམ་མ་ཡིན་པར་སྤྱི་པའི་རྩ་དོན་ལ་ཕན་པའི་ཞལ་འདེབས་རྒྱག་པའི་འགན་ཆེ་ཤོས་འཁུར་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་།
ཡང་མཛད་སྒོའི་ཐོག་ཚོང་ལས་བདེ་ཚོགས་ཀྱི་དྲུང་ཆེ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། བོད་མིའི་ཚོང་ལས་ཚགས་ཚུད་ཡོང་ཆེད་ཚོང་ལས་བདེ་ཚོགས་ཀྱི་སྒྲིག་གཞི་བཟོས་ཡོད་ལ། རྒྱ་གར་གྱི་ཁྱད་ལས་པ་གདན་འདྲེན་གྱིས་ལྡི་ལི་དང་དྷ་རམ་ས་ལར་གནས་སྡོད་བོད་རིགས་སློབ་ཕྲུག་དང་། ཚོང་པ་ཚོར་ཁེ་ལས་པའི་རྣམ་དཔྱོད་འཕེལ་རྒྱས་ཀྱི་ཟབ་སྦྱོང་སྤྲད་ཡོད་པ་མ་ཟད། བོད་རིགས་སློབ་ཕྲུག་གཉིས་ལ་སློབ་ཡོན་སྤྲད་དེ་ལོ་གསུམ་རིང་མཐོ་རིམ་ཚོང་དོན་གྱི་སློབ་སྦྱོང་བྱེད་ཀྱི་ཡོད་སྐོར་དང་། དེ་བཞིན། འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་རྒྱལ་སྤྱིའི་ཚོང་འདུས་ཐེངས་ ༣༤ པའི་ནང་མཉམ་ཞུགས་བྱེད་པའི་གོ་སྐབས་བྱུང་སྟེ། བོད་ཀྱི་རིག་གཞུང་ཐོན་རྫས་འདྲ་མིན་ཚོང་འགྲེམས་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཚོང་འདུས་དེའི་ཐོག་ཞུགས་པའི་འཛམ་གླིང་གི་རྒྱལ་ཁབ་ ༢༥ ཡི་རྒྱལ་དར་མཉམ་དུ་བོད་ཀྱི་རྒྱལ་དར་ཡང་སྒྲེང་འཛུགས་བྱས་ཡོད་པ་དང་། གཞན་ཡང་། ལྡི་ལིར་ཚོགས་པའི་ཧི་མ་ལ་ཡའི་དུས་སྟོན་ཐོག བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་ཚོང་ཟོག་འགྲེམས་སྟོན་བྱས་པ། རྒྱ་གར་གྱི་ཚོང་ལས་ཚོགས་པ་( Dastkari Haat Samiti)དང་མཉམ་འབྲེལ་གྱིས། ཉིན་གྲངས་ ༡༥ རིང་ཧིན་བོད་གཉིས་ཀྱི་ཁེ་ལས་པ་ ༥༠ ཙམ་ལ་བཟོ་ལས་ལག་ཤེས་བརྗེ་རིས་ཀྱི་ཟབ་སྦྱོང་དང་ཚོང་ཟོག་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་ཡོད་སྐོར་སོགས་བཀོད་འདུག
ཚོང་ལས་བདེ་ཚོགས་ཀྱི་ལས་དྲུང་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བར་གྱི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་སྙན་སྒྲོན་ཞུས་པ་ལྟར་ན། ཁྱོན་ཧིན་སྒོར་འབུམ་བཅུ་དགུ་དང་ལྔ་ཁྲི་བདུན་སྟོང་ལྔ་བརྒྱ་བཅུ་གཅིག་(༡༩༥༧༥༡༡) བྱུང་ཡོད་པ་དང་། སོང་ཧིན་སྒོར་འབུམ་བཅུ་དགུ་དང་ལྔ་ཁྲི་བདུན་སྟོང་ལྔ་བརྒྱ་བཅུ་གཅིག་(༡༩༥༧༥༡༡) བཅས་བྱུང་སོང་ཁ་འདུམ་ཐུབ་ཡོད་ལ། ད་ལྟའི་ཆར་དངུལ་ཁང་ཁག་གི་ནང་དང་དངུལ་སྨར་ལག་ཏུ་ཡོད་པ་བསྡོམས་ཧིན་སྒོར་འབུམ་དྲུག་དང་བརྒྱད་ཁྲི་བདུན་སྟོང་ཉིས་བརྒྱ་དྲུག་ཅུ་རེ་ལྔ་(༦༨༧༢༦༥)ཡོད་འདུག
ཐེངས་འདིའི་ལྷན་ཚོགས་ཟླ་འདིའི་ཕྱི་ཚེས་ ༢༤ བར་ཚོགས་བཞིན་ཡོད་པ་དང་། ཚོགས་ཐོག་ཏུ་ལས་བསྡོམས་ལ་བསྐྱར་ཞིབ་དང་ལས་འཆར་ཁག་གི་ཐོག་གྲོས་བསྡུར། དེ་བཞིན་སྔོན་རྩིས་གཏན་འབེབས་སོགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།
གཞིས་ཆགས་ཀྱི་ས་ཆ་ཤོར་ངེས་རེད། ལྟོས་དང་གཞིས་ཆགས་ཁག་གི་ནང་དུ་སྤོ་ལ་མོ་ལ་ཁ་ཤས་མ་གཏོགས་མེད། གཞིས་ཆགས་ཀྱི་ལོ་གཞོན་ཚོ་ཕྱི་རྒྱལ་དུ་ཤོར། གསར་འབྱོར་ཚོ་ཕ་ཡུལ་དུ་ཤོར། ཤོར་བ་འདི་གཉིས་གང་བཟང་མི་ཤེས།
གཞིས་ཆགས་ཀྱི་ས་ཆ་སྟོང་བ་རྣམས་བོད་མིས་བེད་སྤྱོད་བྱེད་པར་གཞིས་མེད་མཁན་སྤྱི་དང་། གསར་འབྱོར་ཚོ་ལ་ཡོང་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། གང་ལ་སྟོང་པ་ཆགས་བཞིན་པ་དེར་འཛུལ་ཞུགས་བྱེད་དུ་བཅུག་ན་ཡག་གི་རེད། དེ་མ་གཏོགས་གསར་འབྱོར་ཚོ་བོད་ལ་ལོག་ནས་ཚར་རྒྱུ་རེད། ཁ་འཐོར་བོ་རིགས་ཚོ་མི་རིགས་གཞན་འགྱུར་ནས་ཚར་རྒྱུ་རེད།