ཨ་འདུས་སྐལ་བཟང་རྒྱ་མཚོ།
ས་ཆེན་པོ་འགུལ་ཐེངས་གཅིག་གིས་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་བཅད་ཅིང་། ལོ་རྒྱུས་རང་བཞིན་ལྡན་པའི་གྲགས་ཅན་གྱི་གནའ་ཤུལ་རིག་དངོས་བཅུ་གཉིས་ལྷག་ལ་ཉམ་ཆག་ཆེན་པོ་བྱུང་ཡོད་ནའང་། ནང་པའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་དང་། ལུམྦིནི་སོགས་ལ་དེ་ཙམ་གྱིས་ཉམ་ཆག་བྱུང་མེད། འོན་ཀྱང་ས་འགུལ་བྱུང་ཉིན་ནས་བཟུང་། འཛམ་གླིང་གི་བརྒྱུད་ལམ་ཆེ་ཁག་དབྱིན་ཇའི་བྷི་བྷི་སི་དང་། ཨ་རིའི་སི་ཨེན་ཨེན་སོགས་ལ་བང་འགྲན་པ་བཞིན་ཐོན་པས། གནད་དོན་དེ་ནི། འཛམ་གླིང་མི་མང་གི་མིག་སྔར་ཆེས་ཆེ་བའི་གསར་འགྱུར་དུ་གྱུར་སོང་།
ས་གཡོས་པའི་ཤུགས་ཚད་ཧ་ཅང་ཆེ་ནའང་། དེས་དངོས་ཟོག་སྐྱེལ་འདྲེན་གྱི་ལྟེ་གནས་གལ་ཆེ་ཤོས་གནམ་ཐང་ལ་ཉེན་ཁ་མ་བྱུང་བ་དེ་དགའ་འོས་པ་ཞིག་རེད། ཉིན་དེ་ནས་བཟུང་ཉིན་མཚན་མེད་པར་ཆས་གོས་འདྲ་མིན་གྱོན་པའི་རོགས་སྐྱོར་བ་མང་པོ་འབྱོར་བ་དེས། ཕྱོགས་གཅིག་ནས་གནོད་ཐེབ་མང་ཚོགས་ཀྱི་འཚོ་བར་སྤོབས་པ་བསྩལ་ཡོད།
ས་ཡོམ་གྱི་སྐྱོབ་གསོའི་ལས་འགུལ་ཁྲོད། ཚེ་སྲོག་གི་བདེ་ཐང་ནི་ཨང་དང་པོ་དང་། སྡོད་གནས་དང་བཟའ་འབྲུ་ཨང་གཉིས་པར་གྱུར་ཡོད་པས། མཐོ་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་དང་། དམའ་ས་སློབ་ཆུང་གི་སློབ་མ་ཚུན་ཆད་ཀྱི་དངུལ་ཁུག་ནས་བལ་ཡུལ་མི་དམངས་ཀྱི་ཆེད་དུ་ཞལ་འདེབས་མི་ཉུང་པ་ཞིག་དབྱར་གྱི་ཆུ་བོའི་རླབས་ལྟར་འབྱོར་བཞིན་ཡོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་སྒོར་ས་ཡ་བཅོ་ལྔ་དང་། ཡུ་རོབ་མཉམ་འབྲེལ་གྱིས་ཨ་སྒོར་ས་ཡ་གསུམ། ཨ་རིས་ཨ་སྒོར་ས་ཡ་བཅུ། ཨོ་སི་ཁྲི་ལི་ཡིས་ཨ་སྒོར་ས་ཡ་གསུམ། རྒྱ་ནག་གིས་ཨ་སྒོར་ས་ཡ་གསུམ། དབྱིན་ལན་གྱིས་ཨ་སྒོར་ས་ཡ་བདུན། རྒྱ་གར་གྱིས་མྱུར་སྐྱོབས་ཆེད་གནམ་གྲུ་བཅུ་གསུམ་དང་། ཐད་འཕུར་གནམ་གྲུ་བརྒྱད་མཁོ་འདོན་གནང་བ་དང་། འབྲུག་གིས་ཨ་སྒོར་ས་ཡ་གཅིག ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ཀྱིས་བལ་སྒོར་འབུམ་ཉི་ཤུ་བཅས་འབྱོར་ཡོད་པ་བཅས་ནི། མིག་སྔའི་རོགས་དངུལ་གྱི་དཔེ་མཚོན་ཙམ་ཡིན།
དེ་དག་གི་ཁྲོད་ནས་ཉི་ཧོང་གིས་ཨ་སྒོར་འབུམ་བརྒྱད་བརྒྱ་ཕུལ་བ་མིག་སྔར་ཕོན་ཆེ་ཤོས་སུ་གྱུར་ཡོད། གཞན་ཡང་གཞུང་འབྲེལ་བ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་ནས་བཏུང་ཆུ་དང་། སྨན། མལ་ཆས། ཟས་རིགས། སྡོད་གུར་བཅས་ཀྱི་མཐུན་རྐྱེན་ཐད་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད་ནའང་། དོན་དངོས་ཐོག་དེ་དག་མང་ཚོགས་ཀྱི་ལག་ཏུ་ངོ་བོ་དང་། རྣམ་འགྱུར་ཅི་ཞིག་གི་ཐོག་ནས་འབྱོར་གྱིན་ཡོད་མེད་ང་ཚོས་མིག་མཐོང་ལག་ཟིན་ལྟ་བུར་གྱུར་ཡོད་དེ། གྲོང་ཁྱེར་ཀཐམནྜི་གཡས་གཡོན་གྱི་རི་ཚོགས་བརྒལ་ཏེ་སོང་ན། མགོན་མེད་སྐྱབས་བྲལ་དུ་ལུས་པའི་གྲོང་གསེབ་པ་ཁྲི་ཕྲག་མང་པོའི་རེ་བའི་མིག་ཟུང་གཏོད་ས་ཞིག་ཡོད་པ་ནི། གནས་སྐབས་རིང་བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཐེབ་རྩ་ཁག་གིས་བྱམས་བརྩེས་གནང་བའི་སྐྱོབ་གསོ་ཙམ་རེད་ཅེས་བཤད་ན་ཆོག
ངོ་གདོང་ཐལ་རྡུལ་གྱིས་སྦག་ཅིང་། ལག་ཟུང་སེར་ཀས་བསྡམས་པའི་ཞིང་པ་ཞིག་གིས་བཤད་རྒྱུར། ས་འགུལ་བརྒྱབ་ནས་ཉིན་ལྔ་ཕྱིན་རུང་། ང་ཚོའི་ལག་ཏུ་གཞུང་ཕྱོགས་ནས་རོགས་སྐྱོར་བཟའ་འབྲུ་རྡོག་གཅིག་ཀྱང་འབྱོར་མ་སོང་ཞེས་ངུ་འབོད་བྱེད་ཀྱི་ཡོད། དེ་ནི་ཅིས་ཀྱང་བདེན་པར་འདུག་སྟེ། རྡོ་རྩིག་ཅན་གྱི་གནའ་ཁང་རྨང་ནས་ཞིག་ཅིང་། འོ་མའི་འབྱུང་ཁུངས་སུ་གྱུར་པའི་བ་མོ་དག་ས་ཡོམ་གྱིས་བསད་པའི་གྲོང་གསེབ་པ་འདི་དག་ལ་མཚོན་ན། མིག་སྔར་འཚོ་བའི་རྟེན་ས་གཅིག་ལྷག་ཡོད་པ་ནི། གསོན་ཤུགས་མ་རྒྱས་པའི་མ་རྨོས་ལོ་ཏོག་གི་འབྲས་སུ་དེ་དག་རེད། འོན་ཀྱང་གནམ་གཤིས་ཀྱི་རྐྱེན་པས་དེ་ཡང་རེ་ཞིག་བེད་མེད་ལྟ་བུར་གྱུར་ཡོད།
རྒྱལ་ས་དང་བར་ཐག་ཉེ་བའི་གྲོང་གསེབ་དག་ན། རྒྱ་གྲམ་དམར་པོ་ཞེས་པའི་ཚོགས་པ་དེས་སྡོད་གུར་གྱི་ཚབ་ཏུ་འགྱིག་ཤོག་གྲུ་བཞི་ཁྲམ་རྟགས་དམར་པོ་ཅན་རེ་སྤྲད་འདུག་ཀྱང་། དེས་མི་ཅི་ཙམ་ལ་སྡོད་ཁང་གི་ཚབ་བྱེད་ཐུབ་ཨང་། བལ་གཞུང་གི་བྱེད་ཕྱོགས་མང་པོ་ཞིག་ནི། ཁྱི་རྒན་སྡར་མ་དག་གིས་རྡོ་སུ་ཞིག་གིས་འཕང་མིན་ལ་མི་དཔྱོད་པར་རྡོའི་རྗེས་སུ་བསྙེགས་པ་དང་འདྲ་སྟེ། ཁོང་ཚོས་གནོད་ཐེབ་མང་ཚོགས་ལ་ཕྲལ་དུ་གང་ཞིག་མཁོ་བའི་ལམ་བུ་ཐག་གཅོད་དང་ལག་ལེན་མི་བྱེད་པར། ས་ཁང་ཇི་ལྟར་བརྡིབ་པ་དང་། མ་འོངས་པར་བལ་གཞུང་གིས་དེའི་ཐད་ཅི་ཞིག་བྱེད་དགོས་མིན་སོགས་བཤད་ནས་ཉི་མ་སྐྱེལ་བཞིན་ཡོད།
སྐོམ་ན་ཆུ་དགོས་པ་དང་། སྐྱོ་ན་སེམས་གསོ་མཁོ་བའི་གནད་དོན་ལས་ཐག་རིང་བའི་དགོས་མེད་ཀྱི་ཚོགས་འདུ་རྐྱང་པ་འཚོགས་བཞིན་པ་དེས་ཅི་ཞིག་ཕན་ཨང་། བརྒྱུད་ལམ་ཁག་ནས་ཐོན་པ་ལྟར་ན། ད་ལོའི་ས་འགུལ་གྱི་གོད་ཆག་འདི་བལ་ཡུལ་གཞུང་གིས་ལོ་བཅུའི་རིང་གསབ་མི་ཐུབ་པར་བཤད་ཀྱིན་ཡོད་པ་ལྟ་བུ་སོགས་ཀྱིས་ནི། བཀྲེས་སྐོམ་དང་། འཇིགས་སྣང་གིས་མནན་པའི་གནོད་ཐེབ་མང་ཚོགས་ལ་ཅི་ཞིག་ཕན་སྲིད་དམ། དེ་བས་ཕྲལ་དུ་གང་ན་དཀའ་ངལ་ཡོད་ན། དེ་རུ་རོགས་སྐྱོར་སླེབས་ཐུབ་པའི་ལང་ཕྱོགས་བརྟན་པོ་ཞིག་རྒྱུན་སྐྱོང་ཐུབ་པར་ཤོག་ཨང་།
སྤྱི་ཚོགས་ཁྲོད་གླེང་ཕྱོགས་ཤིག་ཡོད་པ་ནི། ཐེངས་འདིའི་ཕྱིའི་རྒྱལ་ཁབ་དག་གིས་གནང་བའི་རོགས་སྐྱོར་གྱིས་བལ་ཡུལ་གྱི་མི་སེར་དཀྱུས་མ་ཚོ་སྐྱོབ་ཐུབ་མིན་ནི་དྲི་བ་ཞིག་ཆག་ཡོད་ནའང་། གཞུང་ཕྱོགས་ཀྱི་དཔོན་རིགས་ཚོ་སྔར་བས་ཀྱང་ཕྱུག་བདག་ཏུ་བསྒྱུར་ཡོད་པའི་ངོས་འཛིན་གཅིག་མཚུངས་སུ་བྱེད་ཀྱིན་ཡོད་དེ། ད་ལྟའི་བལ་ཡུལ་གཞུང་ལ་མཚོན་ན། ཡོངས་ཀྱིས་ཡིད་རྟོན་དང་། བརྩི་འཇོག་བྱ་སའི་མི་སྣ་རླབས་ཆེན་དེ་འདྲ་མེད་ཁར། གཞུང་ཕྱོགས་ཀྱི་དཔོན་རིགས་ཚོའི་རྒྱུ་ནོར་ལ་དཔྱད་ཞིབ་ནན་པོ་བྱེད་པའི་ཆེས་མཐོའི་ཁྲིམས་ཞིབ་ཚན་པ་ནུས་ཤུགས་ཅན་ཞིག་ཀྱང་མེད་པས། དཔོན་རོགས་ཚོས་རྒྱུ་ནོར་ལྐོག་ཟ་བྱེད་པ་ནི་ཐོབ་ཐང་ལྟ་བུར་གྱུར་ཡོད།
གནས་ཚུལ་འདི་རིགས་ལ་ཤེས་རྟོགས་ཡོད་པའི་དབང་གིས་རྒྱལ་ཁབ་མང་པོ་ཞིག་གིས་བལ་གཞུང་ལ་ཐད་ཀར་རོགས་དངུལ་གཏོང་རྒྱུའི་ཐད་ནུས་པ་བཏོན་མེད་པའི་གླེང་ཕྱོགས་ཀྱང་བདེན་པར་སྙམ། དེས་ན། ཁོ་བོའི་ལྟ་ཚུལ་ནི། གལ་སྲིད་ཁྱོད་ལ་གྲོང་གསེབ་ཀྱི་བྱིས་པ་སྣབ་ལུག་ཚོའི་བརྩེ་སེམས་དྭངས་མ་བསྲུང་བའི་བྱི་རིལ་རྐང་གཅིག་གི་རོགས་སྐྱོར་ལས་གནང་རྒྱུ་མེད་རུང་། ཁྱོད་ཀྱིས་ངེས་པར་དུ་མང་ཚོགས་རང་གི་ལག་ཏུ་འཕྲོད་ཐབས་བྱེད་རྒྱུ་མ་བརྗེད་རོགས་ཞུ་རྒྱུ་དེ་ཡིན་ནོ།།
བལ་ཡུལ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་སྡོད་གུར་ནས།