རྩོམ་མཁན་ཝེ་ལེམ་རྗོན་སོན། (William Johnson)
༡) ཇི་ལྟར་ཡང་། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་འདི་དོན་ངོ་མར་སུ་ལ་བདག་པ་ཡིན་ནམ།
རྒྱ་ནག་གིས་རང་གི་མེས་རྒྱལ་ཐོག་མ། ཞ་ (Xia) དང་ཧན་ (Han) རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཚང་གཞིར་བཟུང་ནས། ལྷོ་རྒྱུད་མཚོ་ཁུལ་འདི་རྩོད་ལེན་བྱེད་ཀྱི་ཡོད་ལ། རྒྱ་ནག་གིས་ཕྱི་ལོ་ ༡༩༤༧ ལོར་ཅང་ཅེ་ཧྲིས་བཏོད་པའི་ལྷོ་རྒྱུད་མཚོ་ཁུལ་གྱི་ས་ཐིག་དགུ་བ་རྩོད་གླེང་གི་སྒྲུབ་བྱེད་དུ་བཟུང་ཡོད་པ་རེད། སྔོན་ཆད་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས་སུ། མངའ་ཁུལ་འདིའི་བྱེ་གླིང་དང་མཚོ་གླིང་ ༢༩༡ ལྷག་ལ་རྒྱ་ནག་གིས་ས་ཐིག་བླངས་པ་དང་ས་ཁྲར་བཀོད་པ། མིང་བཏགས་པ་རེད།
ཡང་ཨ་རི་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་འདི་རྩོད་གླེང་བྱེད་དོན། དེ་ནི་རྒྱལ་སྤྱིའི་མཚོ་ཁུལ་ཞིག་ཡིན་པས། མཚོ་ཁུལ་འདིའི་བདག་དབང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྲོལ་ལྷན་ཚོགས་ (UNCLOS) ཀྱི་ངོས་ནས་ཐག་གཅོད་དགོས་པར་འདོད་ཅིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྲོལ་ལྷན་ཚོགས་ཀྱིས། རྒྱལ་ཁབ་སུས་ཀྱང་ཁྱབ་ཆེ་བའི་མངའ་ཁོངས་ (སྔོན་ཆད་མཚོ་རླབས་ཀྱིས་བསྣུབས་ཟིན་པའམ། དེང་སྐབས་སྣུབ་བཞིན་པ། ཡང་ན་ཉེ་ལམ་ནས་ཨར་ལས་རྒྱག་གིན་པའི་བྱེ་གླིང་ངམ་སྐམ་སར་གོ) འདིའི་བདག་དབང་རྩོད་གླེང་བྱས་མི་ཆོག་པར་བརྗོད་ཡོད།
༢) རྒྱ་ནག་གིས་རང་གི་ལྷོ་རྒྱུད་མཚོ་ཁུལ་འདིར་ཚོད་འཛིན་བྱེད་དོན་ག་རེ་ཡིན་ནམ།
རྒྱ་ ནག་གིས་རང་གི་ལྷོ་རྒྱུད་མཚོ་ཁུལ་ལ་སྟངས་འཛིན་བྱས་པ་དེས། རྒྱ་ནག་ལ་རྡོ་སྣུམ་ནང་འདྲེན་ཚོང་ལམ་ལ་དབང་བསྒྱུར་དུ་བཅུག་པ་མ་ཟད། ད་དུང་ཤར་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཚོང་ཟོག་སྐྱེལ་འདྲེན་གྲུ་ གཟིངས་ལ་སྡིགས་མོ་དང་གཏོར་རྒོལ་གཏོང་དུ་བཅུག་པ་རེད་ལ། དེ་བཞིན། ཨ་རི་གཙོས། ཕྱིའི་རྒྱལ་ཁབ་ཀྱི་མཐའ་སྲུང་དམག་དཔུང་གི་འགྲོ་ལམ་ཡང་འགོག་ཏུ་བཅུག་པ་རེད། གཅིག་བྱས་ན། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་འཛད་མེད་ཡོད་སྲིད་ལ། གཅིག་བྱས་ན། མངའ་ཁོངས་འདིའི་བདག་དབང་ལ་བརྟེན་ནས། རྒྱ་ནག་ལ་ཁ་སང་དེ་རིང་ལས་ལྷག་པའི་རང་དབང་བདེ་འཇགས་ཀྱིི་ནུས་ཤུགས་ཐོན་སྐྱེད་ བྱེད་དུ་བཅུག་ཡོད་ཀྱང་སྲིད་པ་རེད།
༣) སུ་ཞིག་གིས་ཅི་ཞིག་འཛུགས་སྐྲུན་བྱས་འདུག་གམ།
འདས་པའི་ལོ་ངོ་བཅུ་ཕྲག་རིང་ལ། རྒྱ་ནག་གི་ལྷོ་རྒྱུད་གླིང་ཚོམ་ཁག་འཛུགས་སྐྲུན་བྱེད་ཀྱི་ཡོད་ལ། དེའི་ཁྲོད་ཀྱི་གླིང་ཚོམ་ ༨ ནས་ ༢༡ ལྷག་བེ་ཋི་ནམ་དང་ཧྥེ་ལེ་ཕེན་གཉིས་ཀྱིས་རང་རང་གི་མངའ་ཁོངས་སུ་གླེང་ནས་འཛུགས་སྐྲུན་བྱེད་བཞིན་ཡོད། མ་མཐར་ཡང་བེ་ཋི་ནམ་དང་ཧྥེ་ལེ་ཕེན། ཐེ་ཝན་བཅས་ཀྱིས་སོ་སོའི་གླིང་ཚོམ་ཁག་ཅིག་གི་སྟེང་དུ་དམག་དཔུང་གི་རྟེན་གཞི་བཙུགས་ཡོད། ཡིན་ནའང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྲོལ་ལ་བརྟེན་ནས། ཧྥེ་ལེ་ཕེན་གྱིས་ད་སྔར‘མཁའ་རུ་འཕྱུར་བའི་བྱེ་གླིང’ (བྱེ་ཐང་ངམ་སྐམ་ས་གཞན་དག་ལ་གོ) ཞེས་པའི་སྟེང་དུ། དམག་དཔུང་བཞག་ཡོད་པ་མ་རེད།
གླིང་ཚོམ་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱ་ནག་གིས་ཕྱིས་སུ་ལག་བསྟར་བྱས་པ་ཞིག་ཡིན་རུང་། འཛུགས་སྐྲུན་གྱི་གཞི་རྒྱ་ཆེ་ཆུང་དེ་འདྲ་མངའ་ཁོངས་འདིར་དེ་སྔ་མཐོང་མྱོང་ཡོད་པ་མ་རེད་ལ། གླིང་ཕྲན་འཛུགས་སྐྲུན་གྱི་ལས་གཞི་ལག་ལེན་དུ་བཏབ་ནས་ཟླ་བ་ ༡༨ འགོར་རྗེས། རྒྱ་ནག་གིས་སླར་ཡང་གླིང་ཚོམ་གཞན་འགའ་ཞིག་གི་སྟེང་དུའང་ཨར་ལས་རྒྱག་གི་ཡིན་ལུགས་ཕྱི་བསྒྲགས་བྱས་པ་རེད། སྤྱིར་འཛུགས་སྐྲུན་དེ་འདྲ་འཛམ་གླིང་ལོ་རྒྱུལ་ནང་རྒྱལ་ཁབ་གཞན་སུས་ཀྱང་བྱས་མྱོང་ཡོད་པ་མ་རེད། གོང་སྨོས་གླིང་ཕྲན་རྒྱལ་ཁག་གིས་མངའ་ཁུལ་འདི་རྩོད་གླེང་བྱས་པ་དང་གཏན་ནས་མི་འདྲ་བར། རྒྱ་ནག་གིས་མངོན་སུམ་འཛེམ་མེད་ལ་ཁོ་རང་གི་མིས་བཟོས་གླིང་ཕྲན་ཞིག་གི་སྟེང་དུ། དྲག་ཆས་འབོར་ཆེན་སྐྱེལ་འདྲེན་བྱས་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཚོས། རྒྱ་ནག་གཞུང་གིས་ད་དུང་ཡང་དྲག་ཆས་མང་པོ་དབོར་འདྲེན་བྱེད་འཆར་ཡོད་ལུགས་བརྗོད་ལ། དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་ནི། རྒྱ་ནག་ཁོ་ནར་ད་གཟོད་རང་གི་མངའ་ཁོངས་སྲུང་བྱེད་ཀྱི་དེང་རབས་དྲག་ཆས་དང་གྲུ་གཟིངས་མང་པོ་བདག་པ་དེ་རེད།
༤) ཨ་རིའི་གཞུང་གིས་མཚོ་ཁུལ་རྩོད་གླེང་ཐད་ལ་ཡ་ལན་ཅི་ཞིག་སློག་གི་ཡོད་དམ།
དྲང་མོར་བཤད་ན། ཨ་རི་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་ཨར་ལས་འཛུགས་སྐྲུན་བྱེད་ཀྱིན་པར་ཡ་ལན་སློག་གི་མེད། འོན་ཀྱང་རྒྱ་ནག་གི་གཞི་རྒྱ་ཆེ་བའི་ཨར་ལས་འཛུགས་སྐྲུན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཨ་རིའི་བདེ་སྲུང་དྲུང་ཆེ་ཨ་ཞི་ཁར་ཌར་ (Ash Carter) ལགས་ཀྱིས་བརྗོད་པ་ལྟར་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་བཟུང་། ཨ་རིའི་མཚོ་དམག་གིས་མངའ་ཁོངས་འདི་དམིགས་འབེན་དུ་བཟུང་ནས། མུ་མཐུད་རྟོག་ཞིབ་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། ཉེ་ལམ་ཨ་རིའི་མཁའ་དམག་གནམ་གྲུ་གཅིག་དང་མཚོ་དམག་གྲུ་གཟིངས་གཅིག་བཅས། རྒྱ་ནག་གི་ལྷོ་རྒྱུད་བྱེ་གླིང་ (Fiery Reef) སྟེང་བསྐྱོད་དེ། རྒྱ་ནག་གིས་ཨར་ལས་འཛུགས་སྐྲུན་བྱེད་ཀྱིན་པ་བདེན་དཔང་བྱས་ཡོད་པ་ལྟར། ཨ་རི་གཞུང་གིས་མཁའ་དམག་དང་མཚོ་དམག་གི་སྟོབས་ཤུགས་ལ་བརྟེན་ནས། མངའ་ཁུལ་འདིའི་མཚོ་འགྲུལ་རང་དབང་དང་བདག་དབང་འགན་སྲུང་བྱེད་འཆར་ཡོད་པ་རེད།
ཆེད་དོན་མཚོ་འགྲུལ་རང་དབང་གི་ཕག་ཏུ། ཨ་རི་གཞུང་ནི་མངའ་ཁུལ་མནའ་འབྲེལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་སྟབས། ཨ་རི་གཞུང་གིས་རང་གི་མནའ་འབྲེལ་རྒྱལ་ཁབ་ཁག་གི་མཉམ་འབྲེལ་རྟོག་ཞིབ་དང་དོགས་སྲུང་གི་ནུས་ཤུགས་མཐོར་འདེགས་དང་རམ་འདེགས་སྒོས། རྒྱ་ནག་གི་བཟོ་ལས་ཁེ་སྤོགས་ཀྱི་ཁྱད་ཆོས་དང་གྲངས་འབོར་བཅས་ལ་རྒོལ་ལན་སློག་ཆེད་དུ། མནའ་འབྲེལ་རྒྱལ་ཁབ་ཁག་ལ་དྲག་ཆས་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། ཧྥེ་ལེ་ཕེན་རྒྱལ་ཁབ་ལ་མཚོན་ན། རྒྱ་ནག་གི་བློ་བུར་བའི་བཙན་འཛུལ་ལ་ཕྱིར་རྒོལ་སློག་བྱེད་ཀྱི་ཨ་རིའི་དམག་གྲུ་རྙིང་བ་ཞིག་མ་གཏོགས། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཨ་རིའི་དམག་དཔུང་གི་མཐུན་འགྱུར་དང་སྦྱོང་བརྡར་སོགས་གང་ཡང་ཡོད་པ་མ་རེད།
འོན་ཀྱང་ཨ་རི་དང་འབྲེལ་ལམ་ཆེས་ཟབ་པའི་ཉི་ཧོང་གཞུང་གིས་བེ་ཋི་ནམ་དང་ཧྥེ་ལེ་ཕེན་རྒྱལ་ཁབ་གཉིས་ལ་དྲག་ཆས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
༥) ཕྱིས་སུ། འཛམ་བུ་གླིང་གིས་ཅི་ཞིག་ལ་རེ་ལྟོས་སྲིད་དམ།
ཨ་རི་དང་རྒྱ་ནག་གཉིས་བར་གྱི་མཚོ་ཁུལ་རྩོད་གླེང་ཇེ་ཆེར་འགྲོ་གི་ཡོད་སྟབས། ཨ་རིའི་ཞིའི་རྒྱ་མཚོ་འགན་སྲུང་དམག་དཔུང་བཀོད་འདོམས་ཁང་ (USPACOM) གིས་མཁའ་ལམ་དང་མཚོ་ལམ་སྤྱི་ལེ་ ༡༢ རིང་ཚད་ཀྱི་མངའ་ཁུལ་ཁག་ཅིག་ལ་རྟོག་ཞིབ་བྱ་རྩིས་ཡོད་ཅིང་། ཡང་རྒྱ་ནག་གིས་མངའ་ཁུལ་དེ་དག་རང་གི་མངའ་ཁོངས་སུ་གླེང་གི་ཡོད་ལ། གོང་སྨོས་ཨ་རིའི་མཁའ་དམག་གནམ་གྲུ་དེས། རྒྱ་ནག་ལ་འཁོན་འཛིང་གི་བསམ་སྦྱོར་གང་ཡང་མ་སྤེལ་བར། རྒྱ་ནག་གི་མཚོ་ཐོག་ཨར་ལས་འཛུགས་སྐྲུན་ལ་རྟོག་ཞིབ་གསལ་བོ་བྱས་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་དོན་ངོས་ལེན་བྱེད་ཀྱི་མེད།
གང་ལྟར། རྒྱ་ནག་གིས་རང་གི་མངའ་ཁོངས་སུ་འདོད་པའི་མཚོ་ཁུལ་ཁག་ལ་སྟངས་འཛིན་དང་བརྟན་སྲུང་བྱེད་ཀྱི་ཡོད་ལུགས་བཤད་ཅིང་། གལ་ཏེ་རྒྱ་ནག་གཞུང་མིག་ལོང་དུ་གྱུར་བ་མིན་ན། དམར་ཤོག་ཚོགས་པའི་ངོ་སོ་བརླགས་པ་དང་བརྟེན་ནས། མངའ་ཁུལ་འདི་དག་དཀའ་སྡུག་ལ་འཕྲད་ཀྱི་ཡོད་པ་རེད། གལ་ཏེ་ཨ་རི་གཞུང་གིས་གནད་དོན་འདིའི་ཐད་ལ་སོམ་ཉི་བྱས་ཚེ། དེ་ཡང་གཅིག་བྱས་ན། ཨ་རིས་རང་གི་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཁབ་ཁག་གི་བསམ་ཕྱོགས་དང་ལངས་ཕྱོགས། དེའི་བརྟན་བརླིང་བཅས་ལ་ཉེན་ཁ་བཟོས་པ་ཡིན་ཡང་སྲིད་དེ། དེང་གི་ཨ་རིའི་དམག་དོན་སྲིད་ཇུས་ལ་བརྟེན་པས། ཨི་རག་དང་ཡུ་ཁི་རེན། དཀྱིལ་ཤར་ཡུལ་གྲུ་ཁག་ནང་གི་རྩོད་རྙོག་ད་དུང་སེལ་ཐུབ་ཡོད་པ་མ་རེད།
འདི་ནི་རྩིས་ནོར་ཐེབས་པའི་ཉེན་ཚབས་ཤིག་ཡིན་སྟབས། ཉེན་ཁ་འདི་ཕྱོགས་གཉིས་ཀར་ (ཨ་རི་དང་རྒྱ་ནག་གཉིས་ལ་གོ) འཕྲད་ཡོད་པ་རེད། ཨ་རི་གཞུང་གིས་མངའ་ཁོངས་དེ་རྩོད་ལེན་བྱེད་ཆེད། རང་གི་མནའ་འབྲེལ་རྒྱལ་ཁབ་ཁག་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས། ཉི་ཧོང་དང་ཨོ་སི་ཌོ་ལེ་ཡའི་དམག་དཔུང་གིས་རྒྱ་ནག་ལ་འགོག་རྒོལ་བྱེད་པའི་རེ་འདུན་བཅངས་ཡོད་པ་རེད།
བསྒྱུར་མཆན། གོང་གི་དཔྱད་རྩོམ་འདི་ཟླ་ ༦ ཚེས་ ༩ ཉིན་རྒྱ་གར་གྱི་དཔལ་འབྱོར་གསར་ལམ་ཐོག་སྤེལ་འདུག