དེ་རིང་སྐུའི་གྱ་སྟོན་མཇུག་བསྡོམས་སྐབས་སྤྱི་འཐུས་ཚོཊ་གཙོ་མཆོག་གིས་མ་འོངས་པར་བོད་ཆོལ་ཁ་གསུམ་ནས་ཐུན་མོང་གིས་བརྟན་བཞུཊ་འབུལ་ཐུབ་པར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པ་ཐོག བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་མདོ་སྨད་ཀྱི་བླ་སྤྲུལ་རྣམ་པ་དང་དགེ་འདུན་པའི་དབུས་སེར་སྐྱ་མི་མང་གིས་བསང་གསོལ་གནང་རྗེས། ཀིརྟིའི་བྱེས་པ་གྲྭ་ཚང་དུ་འདུ་འཛོམས་ཀྱིས་ཞོགས་ཇ་ལྷན་བཞེས་གནང་སོང་བ་དང་། དེ་ནས་མདོ་སྨད་དགྱེས་འཛོམས་ཆེན་མོའི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་ལ། དགྱེས་འཛོམས་ཐོག་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་མཁན་སྤྲུལ་རྣམ་པ་དང་དགེ་འདུན་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དབུས་བཀའ་ཟུར་རྣམ་པ་དང་། ཡབ་གཞིས་ཚང་གི་ནང་མི་ལྷན་རྒྱས། མདོ་སྨད་ཀྱི་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་རྣམ་པ། གྱ་སྟོན་གྱི་སྦྱིན་བདག་ཆེ་ཆུང་ཁག་ ༩ ཡི་སྐུ་ཚབ་རྣམས་པ་དང་། གཞན་ཡང་། ཕྱིའི་རྒྱལ་ཁབ་ཁག་ ༡༤ ཙམ་ནས་གྱ་སྟོན་ཐོག་ཆེད་དུ་བཅར་བའི་མདོ་སྨད་པ་བཅས་ཁྱོན་མི་གྲངས་ ༣༠༠༠ ཙམ་འཛོམས་འདུག
དགྱེས་འཛོམས་ཐོག་མདོ་སྨད་དབུས་རྒྱུན་ནས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོར་སྐུ་ངལ་ཚད་མེད་བསྐྱོན་པའི་མཛད་རྗེས་ལ་ཆེ་བསྟོད་དུ་རླབས་ཆེན་མཛད་རྗེས་ཀྱི་གཟེངས་རྟགས་ཞེས་པ་ཕུལ་སོང་བ་དང་། དེ་བཞིན་བཀའ་ཟུར་དང་སྤྱི་འཐུས་སོགས་མི་གྲངས་ ༣༨ ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དང་མཛད་རྗེས་གཟེངས་རྟགས། གསར་གཏོད་གཟེངས་རྟགས། ཐུགས་རྗེ་ལེགས་འབུལ་བཅས་ཕུལ་སོང་། ཡང་སྐབས་དེར་སྒེར་གྱི་དཔེ་དེབ་ཁག་ཅིག་ཀྱང་དབུ་འབྱེད་འགྲེམས་སྤེལ་གནང་རྗེས། བླ་ཆེན་རྣམ་པའི་དབུས་ཡབ་གཞིས་ནང་མིའི་སྐུ་ཚབ་རྣམ་པས་གསུང་བཤད་དང་། གཞས་པ་གཞས་མ་ཁག་གིས་ལ་གཞས་དང་རྡུང་ལེན། སྙན་ངག་གྱེར་འདོན་སོགས་གནང་སོང་ལ། ཉིན་རྒྱབ་ཏུ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་༼མང་རའི་གོར་མོ་ཆེ་༽ཞེས་པའི་མང་རའི་ཡུལ་གྱི་ལུགས་སྲོལ་ལྟར་བཟོས་པའི་བག་ལེབ་ཆེན་པོ་ཞིག་ཕྱག་རྟགས་སུ་ཕུལ་སོང་།
བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བཀའ་སློབ་གནང་དོན། ང་ཚོ་ཚོང་མ་༧རྒྱལ་བ་རིན་པོ་ཆེར་བརྩེ་དུང་ཡོད་པ་དང་༧རྒྱལ་བ་རིན་པོ་ཆེ་ལ་ཞེ་དྲགས་དགའ་བོ་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་དངོས་གནས་དྲང་གནས་སྐུ་མདུན་དགུང་ལོ་ ༨༠ ཐམ་པར་ཆིབས་བསྒྱུར་གནང་སྟེ། ང་ཚོས་ག་རེ་གནང་དགོས་ཡོད་པ་རེད་ཟེར་ན། ཁ་སང་མང་པོ་ཞིག་གིས་བཀའ་གནང་སོང་། དཔེར་ན། སྐུ་མདུན་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡག་ཤོས་དེ་སྐུ་མདུན་གྱིས་བཀའ་སློབ་ག་རེ་གནང་གི་འདུག བཀའ་སློབ་གནང་པ་དེ་ང་ཚོའི་སེམས་ལ་བཞག་ནས་དེ་ལག་ལེན་བསྟར་ཐུབ་པ་ཅིག་དགོས་གྱི་འདུག དེ་དངོས་གནས་ལག་ལེན་བསྟར་ནས་སྐུ་མདུན་གྱི་བཀའ་དྲིན་དེ་ང་ཚོའི་བསམ་བློའི་ནང་ངེས་པ་བྱས་ཏེ། དཔེར་ན། ང་ཚོ་འདིར་ཕེབས་མཁན་ཚང་མ་སྐུ་མདུན་གྱི་བཀའ་དྲིན་ཐོག་གནས་ཡོད་པ་རེད། དཔེར་ན་ང་ཆུང་ཆུང་ཡིན་དུས་སློབ་གྲྭར་འགྲོ་རྒྱུ་དང་། ངའི་མི་ཚེ་ཚང་མ་སྐུ་མདུན་བཀའ་དྲིན་གྱིས་ཐོག་ནས་བྱུང་པ་རེད། དེ་བཞིན་རྒྱ་གར་ནང་བསླེབས་པའི་བོད་མི་སུ་ཞིག་ཡིན་རུང་དངོས་གནས་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་ས་འདིའི་སྒང་གནས་ཐུབ་པ་རེད། ང་རང་ཚོའི་མིས་བརྗེད་འགྲོ་གྱིན་འདུག མཚམས་མཚམས་ལ་བཀའ་དྲིན་བསམ་ས་དེ་སུ་ཡིན་མིན་བརྗེད་འགྲོ་གིན་འདུག་དྲན་གི། ད་རེས་སྐུ་མདུན་དགུང་ལོ་ ༨༠ ཐམ་པར་ཆིབས་བསྒྱུར་གནང་པའི་དུས་དྲན་གྱི་སྐབས་འདིར། ཕྱག་དེབ་མང་པོ་ཞིག་བཀྲམ་གནང་འདུག བཀའ་སློབ་གནང་མཁན་མང་པོ་ཞེ་དྲགས་བྱུང་སོང་། དེ་ཚང་མ་ཐུགས་ལ་བཞག་ནས་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་ཐམ་པར་ཕེབས་པའི་བར་དུ་སྐུ་ལས་བསྐྱོན་པ་རེད། སྐུ་ལས་བསྐྱོན་པ་དེ་ག་འདྲ་བསྐྱོན་འདུག ག་རེ་བསྐྱོན་འདུག གྲུབ་འབྲས་ག་རེ་ཞིག་བྱུང་འདུག དེ་ཚོ་ཚང་མ་ང་ཚོའི་སེམས་ནང་རྟོགས་པ་བྱས་ཏེ་སེམས་ལ་བཞག་ནས་ག་དུས་ཡིན་ནའང་བརྗེད་རྒྱུ་མི་འདུག ག་རེ་རེད་ཞེ་ན། མི་ཟེར་བ་དེར་བརྗེད་ཡ་ལས་སླ་བོ་འདུག མི་ཟེར་བ་དེས་དངོས་གནས་དྲང་གནས་ཀྱིས་དྲང་བོ་བྱས་ནས་གནས་ཚུལ་ག་རེ་ཡིན་པ་རྟོགས་ཐུབ་པ་བྱེད་ནས་སོ་སོའི་མི་ཚེ་དེ་ཡག་པོ་ཞིག་གི་ཐོག་ནས་སྐྱེལ་དགོས་འདུག དེ་བྱེད་རྒྱུར་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དེ་ཡིན་གཅིག་མིན་གཅིག་ཐུགས་ལ་བཞག་ནས་ཚང་མ་འགྲུབ་རྒྱུ་ཁག་པོ་ཡིན་ཡང་། ཉིན་ལྟར་སོ་སོར་དྲན་གསོ་བྱས་ནས་སྐུ་མདུན་གྱིས་ག་རེ་བཀའ་གནང་གི་འདུག དཔེར་ན། ཁ་སང་སྐུ་མདུན་ནས་ཕྱག་དེབ་བརྒྱ་ལྷག་བྲིས་གནང་ཡོད་པ་དྲིལ་བསྒྲགས་གནང་ཡོད་པ་དང་། ཕྱག་དེབ་བརྒྱ་ལྷག་བྲིས་གནང་བ་དེའི་ནང་ནས་ང་ཚོ་བོད་པའི་མི་མང་ཚོས་ཕྱག་དེབ་ག་ཚོད་ཀློག་ཡོད་པ་རེད། ཕྱག་དེབ་བཀླགས་པ་དེའི་ནང་ནས་ལག་ལེན་ག་ཚོད་གཏོང་གི་ཡོད་པ་རེད། སྐུ་མདུན་ནས་སྐུ་ལས་བསྐྱོན་ནས་གནང་པ་དེ་ང་ཚོས་ཤེས་པ་བྱས་ནས་ལག་ལེན་བསྟར་དགོས་འདུག ཅེས་གསུངས་སོང་།
མངའ་རིས་རིན་པོ་ཆེ་མཆོག་གི་སྐུ་ཚབ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། དེ་རིང་ང་ཚོ་འདིར་འཛོམས་པའི་ཚོགས་འདུའི་ངོ་བོ་གཙོ་བོ་དེ་༸སྐྱབས་མགོན་རིན་པོ་ཆེའི་སྐུའི་གྱ་སྟོན་དང་ཁོང་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུ་རྒྱུ་དེ་རེད། ཁོང་སྐུ་ཚེ་ཞབས་པད་བརྟན་པ་ཡིན་ན་ང་ཚོས་ག་རེ་བྱེད་དགོས་ཀྱི་འདུག་དེ་གསུང་དགོས་པ་རེད། དངོས་གནས་དྲང་གནས་འཛམ་བུ་གླིང་འདིའི་ནང་བཙན་བྱོལ་སྤྱི་ཚོགས་འདྲ་འདྲའི་ནང་གི་མ་འདྲ་བ་བཏོན་ཐུབ་པ་དེ་༧སྐྱབས་མགོན་རིན་པོ་ཆེའི་དཀའ་དྲིན་ཉག་གཅིག་ལས་བྱུང་བ་རེད། ཡིན་ནའང་། རྗེས་འབྲང་བ་སེར་་སྐྱ་མང་ཆེ་བས་དངོས་གནས་ཇི་གསུང་བཀའ་སྒྲུབ་དང་འཛུམ་མོ་གར་བསྟན་ཤར་བྱས་ནས་ཕེབས་པའི་བཀའ་དྲིན་གྱིས། ད་ལྟ་ང་ཚོ་ཁྲ་རིག་རིག་གིས་བོད་ཟེར་དུས་འཛམ་གླིང་ཡོངས་རྫོགས་ནས་ཧ་གོ་བ་ཞིག་ཆགས་བསྡད་ཡོད་པ་དེ། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་རེད། ཡིན་ནའང་། མི་རེ་ངོས་རེ་ནས་ཏོག་ཙམ་འགུལ་སྐྱོད་མ་བཏང་བ་ཡིན་ན། མིས་མཐོང་གི་མ་རེད་ལ་གོ་ཡི་མ་རེད། ད་ལྟའི་ཆར་ང་ཚོ་བོད་པ་ཟེར་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་རེད་བསམ་པ་ཞིག་ཆགས་འདུག་ཀྱང་། དེ་འདྲ་ཆགས་འདུག་ཟེར་ནས་ང་ཚོ་ཞེ་དྲགས་བློ་བདེ་རྒྱུ་མི་འདུག ད་དུང་ཡིན་ནའང་། ང་ཚོ་བཙན་བྱོལ་ནང་ག་རེ་བྱས་ནས་ཡོང་བ་རེད། དེའི་དམིགས་ཡུལ་དེ་ད་ལྟ་སྒྲུབ་ཚར་འདུག་དང་མི་འདུག དེའི་ཐོག་ལ་ག་རེ་གནང་དགོས་ཀྱི་འདུག་དགོངས་པ་བཞེས་དགོས་པ་རེད་བསམ་གྱི་འདུག ཅེས་དང་། བོད་ཀྱི་ཐུན་མོང་མ་ཡིན་པ་དེ་ནང་ཆོས་དང་བོད་སྐད་ཡིག་ཡིན་པས། དེ་གཉིས་ཀྱི་ཐོག་ཧུར་ཐག་བྱས་པ་ཡིན་ན་ང་ཚོས་ལུང་པ་ཤོར་ཟིན་ཡང་། བོད་ཤོར་མེད་པ་དང་། གལ་སྲིད་དེ་གཉིས་ཤོར་བ་ཡིན་ན་ང་ཚོ་མ་འོངས་པར་བོད་དུ་ལོག་རྒྱུ་བྱུང་བ་ཡིན་ནའང་ཧ་ལས་རྒྱུ་ཅི་ཡང་མེད་སྐོར་སོགས་གསུངས་སོང་།
སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་གི་སྲས་མོ་མཁའ་འགྲོ་ཚེ་རིང་ལགས་ཀྱིས་ཁོང་མོ་དགུང་ལོ་ ༤ ཙམ་ནས་རྡོ་རྗེ་གླིང་དུ་ཡོང་སྟེ་སློབ་གཉེར་གནང་ཡོད་སྟབས། སྐབས་དེར་ཆོལ་ཁ་ཟེར་བ་དང་ཨ་མདོའི་ཡུལ་སྲོལ་སོགས་ཅི་ཡང་ཤེས་ཀྱི་མེད་ཀྱང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གིས་བོད་ས་ཡོངས་སུ་བཙན་འཛུལ་བྱས་ཏེ། ༧གོང་ས་མཆོག་གི་དབུས་བོད་མི་ཚོ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས། རྒྱལ་ཡུམ་ཆེན་མོའི་བཀའ་དགོངས་ལྟར་ཁོང་མོ་མ་སུ་རི་ལ་ཕེབས་ཏེ་རྒྱལ་ཡུམ་མཆོག་གི་གཟིགས་སྐྱོང་ཐོབ་ཅིང་། སྐབས་དེར་ཆོལ་ཁ་ཟེར་བ་དང་། ཨ་མདོའི་ཐུག་པ་དང་བག་ལེབ་ཟེར་བ་སོགས་གཞི་ནས་ཤེས་རྟོགས་བྱུང་ཚུལ་དང་། བོད་པ་ཚོས་སོ་སོའི་སྐད་ཡིག་དང་ནང་ཆོས་ཐོག་བསླབ་པ་སློབ་གཉེར་གང་ལེགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ཀྱིས་གྱ་སྟོན་ཧ་ཅང་ཡག་པོ་བྱུང་ཡོད་པའི་སྐོར་ལ་གསུངས་དོན། ད་རེས་ང་ཚོས་འདིར་གྱ་སྟོན་དུ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་བརྟན་བཞུགས་དང་དགའ་སྟོན་རྟེན་འབྲེལ། དེ་བཞིན་ང་ཚོ་འདིར་མཉམ་དུ་འཛོམས་པའི་མགོ་མཇུག་བར་གསུམ་ལ་འཐུས་སྒོ་ཚང་པོ་དང་། ཕར་ཕྱོགས་ནས་ལྟ་མཁན་ཞིག་ཡིན་ན་འདྲ་ང་རང་ཚོ་འདིའི་དཀྱིལ་ནང་ཆ་ཤས་ལེན་མཁན་ཡིན་ནའང་འདྲ་ཚང་མར་ཡིད་འཕྲོག་པའི་ཚོར་བ་ཞིག་སྐྱེས་དགོས་བྱུང་བ་རེད། དེ་བྱུང་བ་ང་ཚོ་སློབ་སྟོན་པ་ཞེས་མི་ལྔ་དང་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ཞེས་མི་བཅུ་གྲངས་ཤིག་ཡོད་པ་དེ་ཚོས་འཇོན་བཞག་པ་དང་བྱས་བཞག་པ་ཁོ་ན་ཞིག་རེད་བསམ་གྱི་མེད། དངོས་གནས་དྲང་གནས་མདོ་སྨད་མི་མང་གིས་དམ་ཚིག་གཙང་མ་དང་རྡོག་རྩ་གཅིག་སྒྲིལ། སྐུ་མདུན་ཐུགས་དགྱེས་པའི་མཆོད་སྤྲིན་ཞིག་འབུལ་དགོས་བསམ་པའི་ལྷག་བསམ་རྣམ་དག་ལ་བརྟེན་ནས་བྱུང་བ་ཞིག་གཏན་གཏན་རེད་བསམ་གྱི་འདུག གང་ཡིན་ཞུས་ན། ང་རང་ཚོའི་གསུང་ཚུལ་ཞིག་ལ་ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཟེར་བ་ཞིག་ཡོད་པ་རེད། ད་རེས་རང་གི་ཕྱོགས་ནས་དགའ་དགོས་པ་ཞིག་དང་། གཞན་གྱི་ཕྱོགས་ནས་ཀྱང་སྨོན་དགོས་པ་ཞིག་བྱུང་བ་དེ་ནང་གི་དམ་ཚིག་གཙང་མ་ཡོད་པས་རེད། དཔེར་ན་ཁ་སང་མཛད་སྒོའི་ཐོག་ནང་མི་གཅིག་གིས་དགའ་སྟོན་བྱེད་ཀྱི་ཡོད་པ་འདྲ་བོ་མ་གཏོགས་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་འཛོམས་ཏེ་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་ངས་མཐོང་མ་སོང་། ཞེས་དང་། མདོ་སྨད་མི་མང་གིས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་བཀའ་དགོངས་ཐོག་རྡོག་རྩ་ཆིག་སྒྲིལ་དགོས་སྐོར་གསུངས་དོན།
སྔོན་མ་བོད་གཞུང་དང་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་ཕར་ཞོག མཚན་སྨད་རེད་བསམ་པའི་ཀུན་སློང་བྱུང་བ་ཙམ་གྱིས་དེའི་རྒྱབ་ལ་མདོ་སྨད་པ་ལངས་ཏེ། མཚམས་མཚམས་ལ་ཉེས་རྡུང་གཏོང་དུ་ཕྱིན་ནའང་བྱུང་ཡོད་པ་རེད། དེང་སང་དངོས་སུ་སོ་སོའི་མདུན་དུ་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་ཡི་ཡོད་ཀྱང་། མིག་ཡོད་ནའང་མ་མཐོང་མདོག་མདོག་དང་། རྣ་བ་ཡོད་ཀྱང་མ་གོ་མདོག་མདོག་ཟེར་བ་ལྟར་མདུན་ནས་འགྲོ་བཞག་རྒྱུ་དང་། བོང་བུའི་ཨ་མཆོག་ནང་གསེར་བླུགས་ནའང་ཁྲོག་ཁྲོག་ཟེར་བ་ལྟར་ག་རེ་གོ་བ་ཡིན་ནའང་སྣང་དག་མེད་པར་སྡོད་པའི་གནས་སྟངས་ཤིག་ལ་བསླེབ་ཡོང་གི་ཡོད་སྟབས། དེ་ཚོའི་ཐོག་ལ་ང་ཚོ་མདོ་སྨད་པ་ཚོ་གཅིག་གི་མཁྲིས་ལ་གཅིག་ཡོད་པ་ནང་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་དང་ལངས་ཕྱོགས་ཐོག་ཚང་མ་མཉམ་དུ་བཞེངས་ཐུབ་པ་བྱེད་དགོས་པ་དེ་དངོས་གནས་དྲང་གནས་ཞེ་དྲགས་གལ་ཆེན་པོ་རེད་འདུག ཅེས་སོགས་གསུངས་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། འདས་པའི་ལོ་ ༣ རིང་གྱ་སྟོན་གོ་སྒྲིག་ཆེད་དུས་ཚོད་དང་དངུལ་གྱི་འགྲོ་སོང་བཏང་སྟེ་མི་མང་པོས་དཀའ་ལས་བརྒྱབ་པ་ལྟར། ཐེངས་འདིའི་གྱ་སྟོན་མིག་དཔེར་བལྟ་དགོས་པ་ཞིག་བྱུང་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་དཀའ་ལས་བརྒྱབ་འདུག་ལ་གོ་སྒྲིག་ཡག་པོ་ཞེ་དྲགས་བྱུང་འདུག་ཅེས་ཐུགས་དགྱེས་པོ་ཞེ་དྲགས་གནང་སྟེ། ད་རེས་ལོ་རྒྱུས་དང་ལྡན་པའི་གྱ་སྟོན་སྲུང་གཙི་ཞུས་ཡོད་པ་དང་། མ་འོངས་པར་༧གོང་ས་མཆོག་དགུང་ལོ་ ༩༠ ཕེབས་སྐབས་དགུ་སྟོན་དང་། དགུང་ལོ་ ༡༠༠ ལ་ཕེབས་པའི་བརྒྱ་སྟོན་བཅས་སྲུང་གཙི་ཞུ་བར་གྲ་སྒྲིག་དགོས་ལ། ད་ལོ་ནས་རྩིས་པའི་ལོ་ལྔ་ཡི་རྗེས་༧གོང་ས་མཆོག་གི་དགུང་ཀེག་ལ་ཁེལ་གྱི་ཡོད་སྟབས། གནངས་ཉིན་ཚོགས་འཆར་ཡོད་པའི་མདོ་སྨད་ཚོགས་ཆེན་ཐོག་དེའི་སྐོར་ལ་གོ་སྡུར་བྱ་དགོས་ལ། དགུང་ཀེག་གི་བརྟན་བཞུགས་དེ་བོད་ཆོལ་ཁ་གསུམ་ནས་ཐུན་མོང་གིས་བཀྱག་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མ་འོངས་པར་ཆོལ་ཁ་གསུམ་ཐུན་མོང་གིས་འབུལ་ཐུབ་པ་ཡིན་ན་གཟི་བརྗིད་ཅིག་ཆགས་རྒྱུ་ཡིན་པས་ད་ལྟ་ནས་དེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ་དང་པདྨ་མཚོ།