དྷ་སའི་ཇོ་གྷི་ཝ་ར་གཞུང་ལམ་གྱི་མིང་པོ་ཏཱ་ལ་གཞུང་ལམ་དུ་བསྒྱུར་ཏེ་༧གོང་ས་མཆོག་པོ་ཏཱ་ལའི་ནང་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་མཚོན་ཐབས་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་༧གོས་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་རྟེན་འབྲེལ་དང་བསྟུན། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷ་དྷཱ་སིང་(Virbhadra Singh)མཆོག་གིས་གྱ་སྟོན་གྱི་ཕྱག་རྟགས་ཀྱི་ཚུལ་དུ། མེག་གྷན་ནས་དྷ་ཤོད་བར་གྱི་གཞུང་ལམ་ཇོ་གྷི་ཝ་ར་(Jogiwara Road)ཞེས་པ་པོ་ཏཱ་ལ་གཞུང་ལམ་(Potala Road)ཞེས་པའི་མིང་དུ་བསྒྱུར་ཏེ། གཞུང་ལམ་འགྲམ་གྱི་བྱང་བུའང་བརྗེ་བོ་བརྒྱབ་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཞུང་ལམ་གྱི་མིང་དེ་བརྗེ་བསྒྱུར་སླད་ས་གནས་འབྲེལ་ཡོད་རྒྱ་གར་ལས་ཁུངས་ཀྱི་ལས་བྱེད་རྣམས་དང་གོ་བསྡུར་ལན་མང་གནང་མཐར། ཀང་ར་རྫོང་དཔོན་དང་མངའ་སྡེའི་གྲོས་ཚོགས་འཐུས་མི། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་བཅས་ནས་པོ་ཏཱ་ལ་གཞུང་ལམ་ཞེས་པའི་མིང་དུ་བསྒྱུར་བར་སྤྱི་མོས་གནང་ཡོད་སྟབས། སྲིད་སྐྱོང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མངའ་སྡེའི་གཞུང་མང་གཉིས་ཀྱིས། མངའ་སྡེའི་ནང་གནས་སྡོད་བྱས་ཡོད་པའི་བཙན་བྱོལ་བོད་མི་ཚོར་ཡུན་རིང་ནས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག
པོ་ཏཱ་ལ་གཞུང་ལམ་ཞེས་པའི་མིང་དེ། མ་འོངས་པར་༧གོང་ས་མཆོག་གཞུང་ལམ་འདི་བརྒྱུད་ནས་ཕོ་བྲང་པོ་ཏཱ་ལའི་ནང་ཞབས་སོར་བདེ་བར་འཁོད་ཐུབ་པའི་མཚོན་དོན་རང་བཞིན་ལྡན་པ་ཞིག་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཆེ་མཐོང་དང་ལྡན་པའི་ཐོག་ནས་༧གོང་ས་མཆོག་བོད་ནང་དུ་གདན་འདྲེན་ཞུ་ཐུབ་པའི་ཤུགས་དྲག་གི་སྨོན་འདུན་མཚོན་གྱི་ཡོད་འདུག
གསར་འགོད་པ། པདྨ་མཚོ།
དེའི་ཐོག་ལ་བོད་ཡིག་ཡོད་པ་ཡིན་ན་དེ་ལས་ཀྱང་སྙིང་རྗེ་བ་ལ།
གཞུང་ལམ་འདིའི་མིང་དེ་དངོས་གནས་སྙན་པོ་རང་བྱུང་།
་་་་་་་་་་ ་ཇོ་གྷི་ཝ་ར་(Jogiwara Road)ཞེས་པ་པོ་ཏཱ་ལ་གཞུང་ལམ་(Potala Road)ཞེས་པའི་མིང་དུ་བསྒྱུར་་་་་་་་་་