ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བར་གྲོས་མོལ་ཚོགས་ཆེན་ཞིག་ཚོགས་པའི་སྟེང་། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སླར་གསོའི་ལས་དོན་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་འཐོན་མེད་པའི་གནས་ཚུལ་འདུག
ཟླ་འདིའི་ཚེས་ ༢༣ ནས་ ༢༥ ཉིན་བར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ། ཐེངས་འདིའི་ཚོགས་འདུའི་སྟེང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རེ་(John Kerry)དང་། རྒྱ་ནག་གི་སྐུ་ཚབ་སྲིད་བློན་གཞོན་པ་ལེའུ་ཡན་ཏུང་(Liu yandong)བཅས་འཛོམས་ཡོད་པ་དང་། ཚོགས་འདུ་མཇུག་བསྒྲིལ་རྗེས་ཨ་རིའི་ནོར་སྲིད་སྤྱི་ཁྱབ་ལས་ཁུངས་ཀྱི་དྲུང་ཆེ་རྗ་ཁི་ལའོ་ལགས་ཀྱིས་གསར་ལམ་དུ། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱིས་འདས་པའི་ལོ་ངོ་བདུན་གྱི་རིང་ལ‘ཕྱོགས་གཉིས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་མ་འཛུགས་གྲོས་ཆོད’གཞིར་བཟུང་ནས་ཉོ་འཚོང་བསྒྲུབས་པ་དང་། རྒྱ་ནག་གཞུང་གིས་དངུལ་ལོའི་ཁྲོམ་རར་ཚོད་འཛིན་དང་ཉོ་འཚོང་གི་ཚད་གཞི་གུ་ཡངས་བྱེད་པའི་ཁས་ལེན་དམ་བཅའ། དེ་བཞིན། དཔལ་འབྱོར་ཁྲོམ་རའི་ལྟེ་གནས་གུ་ཡངས་དང་ཕྱི་གླིང་གི་ཉོ་འཚོང་ལས་རིགས་ཀྱི་ཁེ་འབབ་ཞབས་ཞུ་རྒྱ་བསྐྱེད་ཡོད་ལུགས་བརྗོད་འདུག
ད་རེབ་ཀྱི་ཚོགས་ཆེན་སྟེང་ཨ་རི་དང་རྒྱ་ནག་མཉམ་འབྲེལ་ཐོག འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་དཀའ་རྙོག་ལ་གདོང་ལེན་བྱེད་ཕྱོགས་དང་། ཨེ་རན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆར་སེམས་འཚབ། ཁ་ཆེ་དྲག་སྤྱོད་པའི་དམག་དཔུང་འགོག་རྒོལ། དེང་གི་འཛམ་གླེང་འཕེལ་རྒྱས་ལ་རམ་འདེགས་བྱེད་ཕྱོགས་བཅས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་པ་མ་ཟད། ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཕྱོགས་གཉིས་ཀྱིས་ལོ་རེའི་དཔལ་འབྱོར་འདུ་འགོད་དང་། དམག་དཔུང་རྩ་འཛགས་བྱེད་ཕྱོགས་བཅས་ཀྱི་ཐད་དུ་བསམ་ཚུལ་བརྗེ་རེས་བྱས་ཡོད་པ་དང་། དེ་བཞིན། ཨ་རིའི་གཞུང་འབྲེལ་དྲ་ཚིགས་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་གླེང་། ཉེ་བའི་ཆར་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་གནས་བབ་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རེ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། ཨ་རིའི་གཞུང་གིས་ཉེ་ལམ་ཨ་རིའི་གཞུང་གི་དྲ་ཚིགས་ཁག་ལ་ཐེབས་པའི་གློ་བུར་བའི་བཙན་འཛུལ་ལ་སེམས་ཁུར་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་། དེ་ཡང་ཉེ་ཆར་ཨ་རིའི་གཞུང་གི་གློག་ཀླད་དང་དྲ་ཚིགས་ཁག་ཏུ་ཕྱིའི་བཙན་འཛུལ་ཐེབས་པའི་གནད་དོན་དེ་ཨ་རི་གཞུང་གིས་རྒྱ་ནག་གི་དྲ་ཐོག་གསང་མྱུལ་བ་ཚོར་འབྲེལ་བ་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་རེད།
ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་འཐུས་མི་ཡང་ཇེ་ཁྲི་ཟེར་བ་ཞིག་གིས། གོང་སྨོས་གསར་འགོད་ལྷན་ཚོགས་ཐོག ཨ་རི་དང་རྒྱ་ནག་གཉིས་ཀྱིས་གཞུང་འབྲེལ་གསར་ལམ་གྱི་བདེ་སྲུང་ལས་དོན་ཐད་མཉམ་ལས་བྱེད་དགོས་པ་མ་ཟད། ཨ་རིའི་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ལ་ཕྱོགས་ལྷུང་གི་སྐྱོན་འཛུགས་མི་བྱེད་པར། རྒྱ་ནག་གཞུང་ཕྱོགས་ནས་ཐུན་མོང་གི་ཉོ་འཚོང་སྒྲུབ་ཕྱོགས་དང་། མངའ་ཁོངས་བདག་དབང་འགན་སྲུང་བྱེད་པར་ཅི་ནས་ཀྱང་བརྩི་འཇོག་བྱེད་དགོས། ཞེས་བརྗོད་འདུག