རྩོམ་པ་པོ་ཝེ་ལེམ་ཇོན་སོན། (By William Johnson)
དང་པོ། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ།
འདས་པའི་ཟླ་ངོ་ ༡༨ རིང་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དེ་རྩོད་གླེང་གི་ལྟེ་བའམ་མདུན་ལྗོངས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མང་པོ་ཞིག་གི་བདག་དབང་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་བར་གྱི་མཚོ་ཁུལ་རྩོད་གླེང་འདུམ་པའི་སྐབས་སུ། ཨ་རིའི་གཞུང་གིས་རྒྱ་ནག་གིས་མཚོ་གླིང་ཐོག་འཛུགས་སྐྲུན་བྱེད་པ་དེས། ཤར་ནུབ་ཀྱི་ཚོང་ཟོག་སྐྱེལ་འདྲེན་མཚོ་ལམ་ལ་ཉེན་ཚབས་བཟོས་ཤིང་མཚོ་ཐོག་འགྲུལ་སྐྱོད་ཀྱི་རང་དབང་ལ་འཇིགས་སྐུལ་བཏང་བར་མཐོང་གི་ཡོད། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས། ཨ་རིའི་གཞུང་ཐེངས་འདིའི་མཚོ་ཁུལ་རྩོད་གླེང་ནང་ཞུགས་པ་དེ། ཨ་རི་གཞུང་གིས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་བར་གྱི་མངའ་ཁོངས་རྩོད་གླེང་ལ་ཐེ་གཏོགས་བྱས་པ་མ་ཟད། ཨ་རིའི་དམག་དཔུང་གིས་ཝེ་ཋི་ནམ་དང་ཧྥེ་ལེ་ཕེན་རྒྱལ་ཁབ་གཉིས་དང་མཉམ་འབྲེལ་བྱས་ཏེ། མངའ་ཁུལ་དེ་དག་ནང་ཉི་ཧོང་གི་དམག་འཐབ་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་ཕྱོགས་གཅིག་ནས་རྒྱ་ནག་ལ་འགོག་རྒོལ་བྱེད་པ་ལྟ་བུར་མཐོང་གི་ཡོད།
ཕྱི་ལོ་ ༢༠༡༥ གྲོས་མོལ་ལ་བརྟེན་ཏེ་ཕྱོགས་གཉིས་ཀྱི་རྩོད་གླེང་འདུམ་པའི་གོ་སྐབས་ལེགས་པོ་ཞིག་སྤྲད་ཡོད་པ་མ་ཟད། མི་འགྱང་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅེན་ཕིན་ཨ་རིའི་ནང་རྒྱལ་དོན་གཟིགས་སྐོར་དུ་ཡོང་བའི་ལམ་ཁ་ཇེ་བདེར་བཏང་ཡོད་པ་རེད།
གཉིས་པ། ཕྱི་ཡུལ་གྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་དབང་དུ་བསྒྱུར་བའི་རྒྱ་ནག་གི་སྒྲིག་ལམ་གསར་བ།
ཕྱི་ཡུལ་གྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ (NGOs) ལ་རྒྱ་ནག་གིས་སྒྲིག་སྲོལ་གསར་བ་ཞིག་ལག་ལེན་བསྟར་བར་བརྟེན་ཏེ། རྒྱ་ནག་ནང་ལས་དོན་སྒྲུབ་པའི་སྒྲིག་འཛུགས་ཆེ་ཁག་གི་བྱེད་ནུས་ལ་ཚོད་འཛིན་ཐེབས་ཡོད་ལ། རྒྱ་ནག་གི་སྒྲིག་སྲོལ་གསར་བའི་གནད་དོན་གཙོ་བོ་དེ། རྒྱ་ནག་ནང་གི་སྒྲིག་འཛུགས་ཁག་ལ་སྟངས་འཛིན་བྱེད་པའི་དམངས་སྲིད་ཁང་ (MCA) མ་ཡིན་པར། རྒྱལ་ཁབ་བདེ་འཇགས་ལྷན་ཁང་ (SSB) དང་མཉམ་དུ། སྒྲིག་སྲོལ་གསར་བ་དེར་ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ལ་སྟངས་འཛིན་བྱེད་པའི་དབང་ཤེད་སྤྲད་པ་དང་། རྒྱ་ནག་གི་ཉེན་རྟོག་པ་ཚོ་གང་འདོད་དུ་སྒྲིག་འཛུགས་ཁག་གི་ལས་ཁུངས་ནང་ཡོང་སྟེ་ཞིབ་བཤེར་བྱེད་པ་མ་ཟད། ཡོ་བྱད་དང་ཡིག་ཆ་ཁག་བཙན་འཁྱེར་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ཨ་རིའི་གཞུང་གིས་དུས་ཡུན་རིང་པོར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་ནན་མོ་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༨ ཉིན་གཏན་འབེབས་ལག་བསྟར་བྱས་པའི་རྒྱ་ནག་གི་འཆར་ཅན་སྒྲིག་སྲོལ་དེ་ནི་ཕྱོགས་གཉི་གའི་གྲོས་གཞིའི་གནད་འགག་ཅིག་ཡིན་སྲིད།
རྩོད་གཞི་འདིའི་ཐད་ལ་ཨ་རི་གཞུང་གིས་གནོན་ཤུགས་སྤྲད་པ་དང་རྒྱ་ནག་གིས་དེ་ལ་ཡ་ལན་བསློགས་པ་དེར་ཕར་བལྟས་ཚོད་ཀྱིས། རྒྱ་ནག་ནང‘ཕྱིའི་གནད་དོན’ལ་བརྟེན་ནས་ཟིང་ཆ་སློང་གི་ཡོད་པར་སྙམ་ཞིང་། དེ་ཡང་ཉེ་ལམ་ཧོང་ཀོང་ནང་བྱུང་བའི་དཀྱིལ་དབུས་བཙན་བཟུང་གི་རྩོད་གླེང་དང་གཅིག་མཚུངས་ཡིན། དོན་དག་འདི་གཉིས་སྟེང་ནས་རྒྱལ་ཁབ་གཉིས་བར་གྱི་རྩོད་གཞིའི་དཔེ་མཚོན་ཞིག་གསལ་བོར་མཐོང་ཡོང་སྟེ། རྒྱ་ནག་གིས‘ཕྱིའི་གནད་དོན’ཟེར་བ་དེ། དོན་དམ་ཨ་རི་དང་དེའི་མནའ་འབྲེལ་རྒྱལ་ཁབ་ཁག་སྟོན་གྱི་ཡོད་པ་རེད།
གསུམ་པ། རྒྱ་ནག་གི་ཨེ་ཤེ་ཡ་འཛུགས་སྐྲུན་མ་འཛུགས་དངུལ་ཁང་གི་ཁོངས་མིའི་ཐོབ་དབང་ལ་འགོག་རྐྱེན་ཐེབས་པ།
ཤར་ཨེ་ཤེ་ཡའི་དཔལ་འབྱོར་ཁྲོམ་ར་ཕྱོགས་སྒྲིལ་ཚོགས་ཁག་ནི་ད་ལོའི་གྲོས་གཞི་གཙོ་བོ་ཡིན་པ་འདྲ། རྒྱ་ནག་གིས་ཨེ་ཤེ་ཡ་འཛུགས་སྐྲུན་མ་འཛུགས་དངུལ་ཁང་ (AIIB) གི་ལས་གཞི་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། དངུལ་ཁང་འདིའི་ཐེབས་རྩ་དང་འཛུགས་སྐྲུན་མཐུན་འགྱུར་གྱི་ཁྱབ་རྒྱ། དེང་གི་འཛམ་གླིང་དངུལ་ཁང་ངམ། ཨེ་ཤེ་ཡ་ཡར་རྒྱས་དངུལ་ཁང་གི་མཐུན་འགྱུར་ལས་ཀྱང་བརྒལ་ཡོད། ཨ་རིའི་གཞུང་གིས་ཨེ་ཤེ་ཡ་འཛུགས་སྐྲུན་མ་འཛུགས་དངུལ་ཁང་ གསར་དུ་འཛུགས་པར་འགོག་རྒོལ་བྱེད་པ་དང་། ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་དངུལ་ཁང་དེའི་ཁོངས་མིའི་ཐོབ་དབང་ཁས་ལེན་མི་ཆོག་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། གཅིག་བྱས་ན། མ་གཞི་ནས་དངུལ་ཁང་དེ་ལ་ཐོབ་དབང་ཚུལ་ལྡན་ཞིག་མེད་པ་མ་ཟད། ཁོར་ཡུག་སྟངས་འཛིན་བྱེད་པའི་ཐོབ་ཐང་མེད་པ་དང་། ཐ་ན་བུན་དངུལ་མཁོ་སྤྲོད་ཀྱི་ཐོབ་དབང་ཙམ་ཡང་མེད་ངེས། ཡིན་ནའང་ཕྱི་ཟླ་ ༣ པའི་གཟའ་འཁོར་གཅིག་གི་སྔོན་གྱི་དུས་བཀག་ནང་། ཨ་རིའི་གཞུང་གིས་མནའ་འབྲེལ་རྒྱལ་ཁབ་ཁག་ཅིག་ཉམ་ཉེས་སུ་བཏང་བ་རེད། རྒྱུ་མཚན་ནི་མནའ་འབྲེལ་རྒྱལ་ཁབ་དེ་དག་དབྱིན་ཇིའི་གཞུང་གི་སྣེ་ཁྲོད་འོག ཨ་རི་དང་ཉི་ཧོང་གཉིས་ཕྱི་ལོགས་སུ་བསྐྱུར་ཏེ་དངུལ་ཁང་དེའི་ཁོངས་མིར་ཞུགས་པ་རེད། དངུལ་ཁང་དེའི་ཐོབ་དབང་དང་འཛམ་གླིང་དངུལ་ཁང་ལ་མཉམ་འབྲེལ་བྱ་ཐབས་སུ་བརྩོན་རྒྱུ་དེ་དཔལ་འབྱོར་གྲོས་མོལ་གྱི་གནད་འགག་གཙོ་བོ་ཞིག་ཡིན་སྲིད།
དེ་བཞིན། ཨ་རི་དང་ཉི་ཧོང་གཉིས་ཨ་རིའི་གཞུང་གིས་སྣེ་ཁྲིད་པའི‘ཞི་བདེ་རྒྱ་མཚོའི་ཉོ་འཚོང་མཉམ་འབྲེལ’ལ་གྲོས་མཐུན་ཞུ་མཁན་གཙོ་བོ་ཆགས་ཡོད་ཅིང་། རྒྱ་ནག་གཞུང‘ཞི་བདེ་རྒྱ་མཚོའི་ཉོ་འཚོང་མཉམ་འབྲེལ’ནང་ཞུགས་མེད་པ་མ་ཟད། རྒྱ་ནག་གིས‘ཞི་བདེ་རྒྱ་མཚོའི་ཉོ་འཚོང་མཉམ་འབྲེལ’ནི། ཨ་རི་གཞུང་གིས་རྒྱ་ནག་ལ་འགོག་རྒོལ་བྱེད་པའི་གོ་སྐབས་གཞན་ཞིག་ཡིན་པའི་འཁང་ར་བྱེད་ཀྱི་ཡོད། དེར་བརྟེན། ཉེ་ལམ་སྲིད་འཛིན་ཨོ་བྷ་མས། རྒྱ་ནག་གིས‘ཞི་བདེ་རྒྱ་མཚོའི་ཉོ་འཚོང་མཉམ་འབྲེལ’མཐུན་ཚོགས་ཁ་འཐོར་དུ་མི་གཏོང་བའམ། ཡང་ན་ཨ་རིའི་གཞུང་གིས‘ཞི་བདེ་རྒྱ་མཚོའི་ཉོ་འཚོང་མཉམ་འབྲེལ’གྱི་སྒྲིག་ཁྲིམས་ཤིག་གཏན་འབེབས་དགོས་མིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
བཞི་བ། དྲ་ལམ་བདེ་སྲུང་།
ཉེ་ལམ་ཞིག་ནས་ཨ་རིའི་གཞུང་གི་ལས་བྱེད་དང་དམག་དོན་སྲི་ཞུ་བ་མང་པོའི་གསང་བའི་ཡིག་ཚགས་དང་། མི་སྒེར་གྱི་གསང་བའི་ཡིག་ཆ་སོགས་གསང་བའི་ལས་གཞི་མང་པོ་ཞིག་རྐུ་འཁྱེར་དང་ཕྱི་བསྒྲགས་བྱས་པའི་རྐྱེན་པས། གྲོས་མོལ་རེ་རེའི་སྐབས་སུ་དྲ་ལམ་བདེ་སྲུང་གི་རྩོད་གླེང་དེ་ཆེས་རྣོ་ངར་ལྡན་པར་གྱུར་ཅིང་། ཨ་རིའི་གཞུང་གི་གསང་བའི་གནས་ཚུལ་ལ་ལྐོག་ཉན་དང་རྐུ་འཁྱེར་བྱེད་མཁན་རྒྱ་ནག་གི་དྲ་ཐོག་གསང་ཉུལ་བ་ཚོ་ཡིན་པའི་རྩོད་གླེང་བྱས་ནའང་། ཐད་ཀར་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱས་ཡོད་པ་མ་རེད། དེ་ཡང་དཔལ་འབྱོར་གྱི་ཁེ་བཟང་གཉེར་ཆེད་དུ་ཨ་རིའི་སྐྱོན་འཛུགས་ཐེབས་པའི་རྒྱ་ནག་གི་དམག་དོན་དྲ་ཐོག་གསང་ཉུལ་བ་ལྔས་ཨ་རིའི་སྒྲིག་འཛུགས་ལྷན་ཚོགས་དང་ངལ་རྩོལ་སྒྲིག་འཛུགས་ཁག་གི་ཁ་གཏད་དུ་ལངས་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་ཚོགས་འདུ་དེ་ཡང་ཞེ་འཁོན་གྱི་ངོ་བོར་འགྱུར་ཤས་ཆེ།
དྲ་ལམ་བདེ་སྲུང་གི་ལས་གཞིར་ད་དུང་ཡང་གསལ་ཁ་གང་ཡང་ཐོན་ཡོད་པ་མ་རེད། ཉེ་ལམ་ཨ་རྒྱ་གཉིས་མཉམ་འབྲེལ་ཐོག ཐེབས་རྩ་དང་མི་མང་གི་དྲ་ལམ་གསང་ཉུལ་བྱ་འགུལ་ལ་འགོག་རྒོལ་བྱས་པ་དང་། རྒྱ་རིགས་ཚོས་རྒྱ་ནག་ནས་ཨ་རིའི་ནང་ཁྲིམས་འགལ་གྱིས་དངུལ་ལོ་བརྗེ་གཏོང་བྱས་པར། ཨ་རིའི་གཞུང་དང་མཉམ་འབྲེལ་དགོས་པའི་གནོན་ཤུགས་སྤྲད་དེ། གསང་བའི་གནས་ཚུལ་ལ་ལྐོག་ཉན་དང་རྐུ་འཁྱེར་བྱེད་མཁན་ཐེབས་རྩ་ཁག་དང་རྒྱ་རིགས་ཡུལ་བྱོལ་བ་ཚོ་ཕྱིར་འཕུད་གཏང་སྲིད་ལ། ཡང་ཞུ་ཀྲི་ (ཉེ་ལམ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཏུ་འཛིན་བཟུང་བྱེད་སྐབས་ཁོ་མོས་ནེའུ་ཡོག་གྲོང་ཁྱེར་ལ་ཐོངས་མཆན་ལག་འཁྱེར་ཞུས་པ་དང་། རྗེས་སུ་རྒྱལ་སྤྱིའི་ཁྲིམས་འགལ་ཉེན་རྟོག་སྒྲིག་འཛུགས་ཀྱིས་འཛིན་བཟུང་བཀག་བསྐྱིལ་བྱས་པ་རེད) ནང་བཞིན། དེ་ལྟའི་གྲོས་མོལ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གཡུལ་ས་ཞིག་ཏུ་འགྱུར་ངེས་རེད།
ལྔ་བ། ཐུན་མོང་གི་ཉོ་འཚོང་མ་འཛུགས་ཆིངས་ཡིག
འགྲན་སེམས་རང་བཞིན་གྱི་རྩོད་གཞི་གཙོ་བོ་དེ་ཕྱོགས་གཉིས་ཀྱི་ཉོ་འཚོང་མ་འཛུགས་གྲོས་ཆིངས་ཡིན་པ་དང་། ཉོ་འཚོང་མ་འཛུགས་ཀྱི་གྲོས་ཆིངས་ལ་བརྟེན་ནས་རྒྱལ་ཁབ་སོ་སོའི་ནང་ཕྱི་གླིང་གི་ཉོ་འཚོང་མ་འཛུགས་ལ་སྒྲིག་གཞི་གསར་དུ་བཟོ་དགོས་པ་ཞིག་ཆགས་ཡོད། ལོ་སྔོན་མར་བཞུད་ལམ་འཕྲེད་བཀག་བྱ་འགུལ་ལ་ལམ་ལྷོང་ཆེན་པོ་བྱུང་རྗེས། ཨ་རྒྱ་གཉིས་ཀྱིས་ད་ལོའི་གྲོས་མོལ་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་ཆེན་པོ་བཏང་ཡོད་པ་དང་། རྒྱལ་ཁབ་གཉིས་ངོས་ནས་ལྡོག་ཕྱོགས་ཀྱི་འགལ་འདུ་མང་པོ་བརྗེ་རེས་བྱས་ཏེ། དཔལ་འབྱོར་ཐོན་སྐྱེད་ཀྱི་ས་ཁུལ་མང་པོ་ཞིག་གི་ནང་ཕྱིའི་རྒྱལ་ཁབ་ཁག་ལ་མ་འཛུགས་བྱེད་དུ་མ་བཅུག་པར། རྒྱལ་ཁབ་སོ་སོའི་ལྡོག་ཕྱོགས་ཀྱི་འགལ་འདུ་གཙང་སེལ་བྱེད་པའི་བགྲོད་ལམ་དུ་ཆེས་ཐོག་མའི་གོམ་ཁ་སྒྱུར་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ཆེད་མཁས་པ་ཚོས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་བྱ་བཞག་འདི་སྲིད་འཛིན་ཨོ་བྷ་མའི་སྲིད་དབང་གི་དུས་ཡུན་མ་ཡོལ་བའི་སྔོན་ལ་ལེགས་འགྲུབ་འབྱུང་བའི་རེ་བ་ བཅངས་ཡོད་པ་རེད། རེ་ལྟོས་འདི་ལ་རེ་འབྲས་ཆེན་པོ་ཐོན་མི་སྲིད་ནའང་། འདི་ནི་རྒྱལ་ཁབ་གཉིས་བར་ལ་གྲོས་མཐུན་རིགས་ཤིག་འབྱུང་ངེས་པའི་སྔོན་འགྲོའི་གྲོས་མོལ་གྱི་གཤིན་ས་ལེགས་པོ་ཞིག་ཡིན་པ་འདྲ།