གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར།
ང་རང་བོད་ལ་གནམ་ས་གཉིས་བརྗེ་བ་ལྟ་བུའི་དུས་སྐབས་འདིར། སྐྱེས་པ་དང་འཚར་ལོངས་བྱུང་བའི་རྐྱེན་གྱིས་གནས་ཚུལ་བཟང་ངན་གཉིས་ཀ་མྱོང་རྒྱུ་བྱུང་སོང་ལ། རྗེས་སུ་རིམ་པས་བཙན་བྱོལ་ལ་བསླེབས་པ་ནས་བཟུང་། རང་ཉིད་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཁྱད་པར་ཅན་འདི་ཡིས་ཁྱེད་ཚོ་དང་ལྷན་དུ། རྒྱ་ནག་དམར་ཤོག་ཚོགས་པའི་འོག་རང་ཉིད་(ནང་མི་ཡང་ཚུད།) ལ་མྱོང་ཚོར་གང་འདྲ་ཞིག་བྱུང་ཡོད་མེད་ཐད་གླེང་མོལ་བྱ་རྒྱུ་སྟབས་བདེ་བོ་འདུག ངའི་རེ་བ་ལ་ཁྱེད་ཚོར་འཛམ་གླིང་ནང་གསར་བརྗེའི་ལྡན་པའི་མི་རིགས་ཤིག ད་ལྟའི་དུས་རབས་ཀྱི་སྲོལ་རྒྱུན་རིང་ལུགས་པའི་མི་རིགས་འདི་དང་འབྲེལ་བ་བྱུང་དུས། གནས་ཚུལ་ངོ་མ་གང་ཞིག་བྱུང་ཡོད་པ་རྣམས་གསལ་འདེབས་བྱ་རྒྱུ་དང་། ངའི་དེབ་(སྐར་དམར་བོད་ལ་འཕྲོ་བ།) གཞིར་བཟུང་ནས་ཁོ་བོའི་ནང་མིའི་མྱོང་ཚོར། སྐྱེས་ཡུལ་ས་སྐྱ་གཙོར་བཟུང་ནས་གང་ཐུབ་ཐུབ་ཅིག བོད་ཞིང་འབྲོག་ས་ཁུལ་གྱི་མི་སེར་དཀྱུས་མ་རྣམས་ཀྱིས་རྒྱ་ནག་གི་བཅིངས་འགྲོལ་ལས་འགུལ་ལ་ཡ་ལན་དང་། རྣམ་འགྱུར་གང་འདྲ་ཞིག་བསྟན་ཡོད་མེད་སྐོར་གསལ་སྟོན་བྱ་རྒྱུ་དེ་ཡིན།
ཕྱི་ལོ་ ༡༩༥༠ ལོའི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་གསར་འགྱུར་འདི། ང་ཚོར་ཕྱི་ལོ་ ༡༩༥༢ ཡས་མས་ཙམ་ཞིག་ལ་འབྱོར་སོང་། ང་ཚོའི་ཁྱིམ་འཚེས་བོད་དམག་ཅིག་གིས་ཡ་མཚན་སྐྱེས་དགོས་པའི་གསར་འགྱུར་དེ་འཁྱེར་ཡོང་བ་དང་ད་ལྟ་དྲན་པ་གསོས་པའི་གནས་ཚུལ་གཅིག་པུ་དེ་ནི། ངའི་ནང་མི་དང་ཁྱིམ་འཚེས་ཀྱི་མི་ཚོགས་སྐོར་ཞིག ཡ་མཚན་དང་མགོ་རྨོངས་པའི་རྣམ་འགྱུར་ཞིག་བསྟན་ནས་འཚང་ཁ་ཤིག་ཤིག་གིས། ཆབ་མདོར་དམག་འཁྲུག་གི་ཟིང་ཆའི་ཁྲོད་ནས་སྲོག་མགོ་ཐར་ཙམ་བྱུང་བའི་བོད་དམག་དེའི་མཐའ་ནས་བསྐོར་ཅིང་། ཁོས་ “ ང་ཚོའི་བསྟན་པ་ཡི་དགྲ་བོ་ཤར་ཕྱོགས་ནས་གང་མགྱོགས་སླེབ་ཀྱིན་འདུག་པ་དང་། ད་ནས་བཟུང་ཁ་བའི་ལུང་པ་འདིར་ཞི་བདེ་དང་བདེ་སྐྱིད་རྩ་བ་ནས་ཡལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་སོང་།”
ས་སྐྱར་འདི་ལྟ་བུའི་ཚབས་ཆེན་གྱི་གསར་འགྱུར་འབྱོར་ནའང་། བོད་པ་ཚོ་རང་གི་གྲི་རྣོ་འདོན་མཁན་དང་མདའ་གཞུ་གྲ་སྒྲིག་བྱེད་མཁན་སུ་ཡང་བྱུང་མེད་ལ། གཞུང་ཕྱོགས་ནས་ཀྱང་ཛ་དྲག་གི་གནས་བབ་འདི་མི་མང་ལ་གསལ་བསྒྲགས་དང་། གཞོན་སྐྱེས་ཚོ་དམག་སར་གཏོང་བ་སོགས་གང་ཡང་བྱས་མེད། དེ་ལས་ལྡོག་སྟེ། རྐྱེན་ངན་གྱི་ལོ་འདིར། དམག་དགོག་ཐུབ་པའི་ཆེད་དུ་ “དམག་ཟློག་ ”ཅེས་པའི་རྒྱུན་ལྡན་དང་མ་འདྲ་བའི་ཆོས་ཀྱི་ཆོ་ག་ཞིག་མགོ་བཙུགས་ཤིང་། འདི་ནི་མི་སྒེར་གྱི་རེ་བ་དང་། གཞུང་གི་བཀའ་རྒྱའི་འོག་ལག་ལེན་བསྟར་གྱིན་ཡོད། ཕྱི་ལོ་ ༡༩༥༩ ལོའི་ཟིང་འཁྲུག་གི་རྗེས་སུ། གྲྭ་བ་རྒན་པ་མང་པོ་ཞིག་དམག་ཟློག་གི་ཆོ་ག་བྱས་ཏེ་རང་རྒྱལ་ལ་རྒྱབ་གཏོད་བྱས་པའི་ཉེས་མིང་འོག་བཙོན་བཅུག་བྱས་ཡོད་པ་རེད། དེར་བརྟེན། ང་ཚོས་དོ་སྣང་བྱེད་དགོས་པའི་གནས་ཚུལ་འདི་ནི། རྒྱ་ནག་གི་བཙན་འཛུལ་ལ་བོད་པའི་ལྟ་བ་འཛིན་སྟངས་དང་ཡ་ལན་སྤྲོད་ཕྱོགས་གང་འདྲ་ཞིག་ཡིན་མིན་ཐད་ཡིན།
༼༡༽
དུས་རབས་བདུན་པ་དང་བརྒྱད་པ་ཙམ་ནས་བོད་ནི། ཡུལ་ལུང་གཞན་དག་དང་མ་འདྲ་བའི་ས་བབ་གནས་སྟངས་དང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱ་ནག་གི་བཙན་འཛུལ་འདིར་བོད་པས་རང་གི་ས་ཁོངས་ཀྱི་བདག་དབང(Territorial integrity) ལ་ཉེན་ཚབས་ཡོད་པ་ལྟ་བུ་ཞིག་ལ་མི་འཛིན་པར་འདི་ནི་ཁ་ཐུག་རང་གི་དད་མོས་ལ་ཉེན་ཚབས་ཆེན་པོ་ཡོད་པའི་ལྟ་ཚུལ་བཟུང་ཡོད། དེར་བརྟེན། རྒྱ་ནག་གི་བཅིངས་འགྲོལ་དམག་མི་ལ་ཁོ་ཚོས། “བསྟན་དགྲ་” ཞེས་མཚང་མིང་འདོགས་ཡོད་ལ། ཁམས་པའི་འཇབ་དམག་གིས་མགོ་འཁྲོད་པའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ཆེན་མོ་འདིར་ “བསྟན་སྲུང་དྭང་བླངས་དམག ”ཅེས་འབོད་ཀྱི་ཡོད་པ་རེད། ཁོ་ཚོའི་དམིགས་ཡུལ་གཙོ་ཆེ་ཤོས་ཤིག་ནི། ༧གོང་ས་མཆོག་གི་དབུ་འཁྲིད་འོག་ནང་བསྟན་ཆོས་ལུགས་སྲུང་སྐྱོབ་བྱ་རྒྱུ་དེ་རེད།
ཕྱི་ལོ་ ༡༩༥༩ སྔོན་གྱི་ཆོས་ལུགས་དད་མོས་ཅན་གྱི་བོད་མི་ཚོས། རང་མི་རིགས་ཀྱི་ལས་དབང་བོད་ཀྱི་ལྷ་སྲུང་རྣམས་ལ་སྐྱབས་བཅོལ་ནས་ཡིད་ཆེས་བྱས་ན་(སྐོར་ཞིག་གིས་ད་ལྟ་ཡང་ཡིད་ཆེས་བྱེད་ཀྱིན་ཡོད།)ཡང་། འཛམ་གླིང་གི་མི་ཚང་མས་རྒྱལ་ཁའི་རྩ་བ་ནི་དམག་དཔུང་གི་སྟོབས་ཤུགས་ལ་རག་ལས་པ་ཤེས་ཀྱི་ཡོད་ལ། ཁོ་ཚོར་(རྒྱ་ནག་ལ་གོ།) རྒྱལ་ཁ་ཐོབ་རྒྱུ་སྔ་ས་ནས་བསམ་བློའི་གྲ་སྒྲིག་ཡོད་པ་རེད། དེའི་རྒྱུ་མཚན་ནི། ཕྱོགས་གཅིག་ནས་བོད་དམག་ཚོར་མེ་མདའ་ ༨༥༠༠ འདང་ཙམ་དང་། མེ་སྒྱོགས་ ༥༠ ། ད་དུང་སྣུམ་ལྡུག་མེ་སྒྱོགས་ ༢༥༠ དང་འཕྲུལ་ཆས་མེ་མདའ་ ༥༠ ཙམ་ལས་མེད།[1] ཁྱོན་བསྡོམས་པས་བོད་དམག་ ༨༥༠༠ ཡོད་པ་འདི་ཡང་རྒྱལ་བ་༧སྐུ་ཕྲེང་བཅུ་གསུམ་པའི་སྐུ་དྲིན་ཡིན་ལ། ཁོང་ཐེངས་གཉིས་ཙམ་ཡུལ་ལུང་གཞན་དུ་བྲོས་བྱོལ་ཕྱིན་པའི་དབང་གིས་ཆབ་སྲིད་ཀྱི་གོ་རྟོགས་སྐུ་ཕྲེང་རྗེས་མ་དེ་ལས་ཀྱང་ཉམས་མྱོང་བཟང་བ་ཆགས་ཡོད།
དེ་ནས་ཕྱི་ལོ་ ༡༩༥༣ ལོའི་སྤྱི་ཟླ་གསུམ་པའི་གཡས་གཡོན་ཙམ་ཞིག་ལ། རྒྱ་ནག་གི་དམག་མི་བཅུ་ཡི་གྲུབ་པའི་ཚོ་ཁག་དང་པོ་དེ་ས་སྐྱར་འབྱོར་སོང་། སྐབས་དེར་རྒྱུན་ལྡན་དང་མ་འདྲ་བའི་གནས་ཚུལ་ཞིག་ནི། སླེ་བོར་ལྕེ་བ་འཁུར་བཞིན་ངལ་རྩོལ་བ་སྐོར་ཞིག་གིས་ས་མདོག་ཅན་གྱི་གོས་གྱོན་པའི་རྟ་པ་འགའ་ཞིག་གྲོང་གསེབ་ཀྱི་ལམ་གཞུང་དུ་ཚུར་ཡོང་བཞིན་པ་ཐུག་པ་དང་། ཁོ་ཚོས་ནམ་རྒྱུན་ལག་པའི་ཟློག་པ་རྒྱག་པ་དང་དམོད་ཚིག་བོར་བའི་བོད་པའི་སྲོལ་རྒྱུན་གྱི་ཆོ་ག་དེ་ལག་ལན་དུ་བསྟར་ནས་ཡ་ལན་སྤྲད་ན་ཡང་། རྒྱ་ནག་གི་དམག་མི་ཚོས་དེ་ལས་ལྡོག་སྟེ། སྐྱིད་སྣང་དོད་པོའི་ངང་བོད་པ་ཚོ་དང་མཉམ་དུ་ལག་པ་བརྡབ་མགོ་བརྩམས། རྗེས་སུ་ང་ཚོས་ལག་པའི་ཟློག་པ་རྒྱག་རྒྱུ་ནི། དེང་དུས་ཀྱི་དགའ་བསུ་དང་འཚམས་འདྲི་ཞུ་སྟངས་གསར་པ་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་སོང་།
ཕྱི་ལོ་ ༡༩༥༣ ལོར་རྒྱ་དམག་གི་རུ་ཁག་འདི་ཚོས་ས་སྐྱ་གོང་མ་རིན་པོ་ཆེ་དང་ས་གནས་མགོ་དཔོན་ཚོར་བཤད་པའི་སྐད་ཆའི་བརྗོད་སྙིང་གཙོ་བོ་ཞིག་ནི། འདི་ལྟར་བོད་ནང་ཧམ་འཛུལ་བྱས་པ་དེ་ལོ་རྗེས་མ་ནས་བཟུང་རྟག་པར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་བསྐྱར་ཟློས་ཡང་ཟློས་བྱ་རྒྱུ་དང་། སྲིད་གཞུང་གི་མགྲིན་ཚབ་པའི་འཆར་འགོད་དང་བསྟུན་ཏེ་འུར་གཏམ་བཤད་རྒྱུ་དེ་རེད། ཁོ་ཚོས་(འདིར་མི་མང་བཅིངས་འགྲོལ་དམག་མི་དང་རྒྱ་ནག་དམར་ཤོག་ཚོགས་པར་གོ་དགོས།) ལམ་ཐག་རིང་བོ་དང་། རི་ལུང་མཐོན་པོ། ད་དུང་ཆུ་ཀླུང་དྲག་པོ་དང་གནམ་གཤིས་བཙན་པོ་ཡོད་ཚད་ལ་བློ་ཁོག་ཆེན་པོས་གདོང་གཏད་ནས། མཐར་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་ནས་ཡུན་རིང་བོར་པའི་བོད་པའི་མི་རིགས་ཚོར་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན་ཞེས་འུད་སྒྲོག་བྱས་ཡོད།
བོད་ནང་རྒྱ་ནག་གི་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ཞིག་ནི། བཟོ་ལས་དང་དཔལ་འབྱོར་སོགས་གང་ཡང་མ་དར་བའི་མི་རིགས་འདིར། དུས་རབས་གསར་བའི་ཡར་ཐོན་གྱི་རྣམ་པ་ཞིག་བསྐྲུན་རྒྱུ་དང་། རྗེས་སོར་བོད་པ་ཚོ་རང་རྒྱ་འཕེར་བ་ཞིག ཆགས་ནས་སོ་སོའི་སྲིད་དབང་སྐྱོང་དུས། རྒྱ་རིགས་བློ་མཐུན་དག་བོད་དུ་ཡུན་རིང་མི་སྡོད་པར་ཕྱིར་རང་གནས་སུ་ལོག་རྒྱུ་དེ་ཡིན། འདི་ནི་རང་སྲིད་རང་སྐྱོང་གི་བརྗོད་སྙིང་གཙོ་བོ་ཞིག་ཀྱང་ཆགས་བསྡད་ཡོད། ཁོ་ཚོས་བོད་རིགས་མི་མང་ཚོར་སྲི་ཞུ་སྒྲུབ་པའི་སྐབས་དེར་ཁབ་སྐུད་ཕྲ་མོ་ཙམ་ཡང་མ་འཁྱེར་བར་བོད་མི་རྣམས་ཡར་རྒྱས་དང་དེང་རབས་ཀྱི་ལམ་བུར་འཁྲིད་ན་ཡང་། རྗེས་སུ་ག་ལེར་བཅོས་བསྒྱུར་དང་དམར་པོའི་རིང་ལུགས་ཀྱི་ལྟ་བ་དངོས་སུ་ལག་ལེན་བསྟར་དུས། རྒྱུན་ལྡན་མི་མང་གི་ཚབ་ཏུ་མཐོ་ས་དཔོན་པོ་རྣམས་ནས་བཅོས་བསྒྱུར་བྱ་མགོ་བརྩམ་རྒྱུ་ཡིན་པ་རེད། འདི་ནི་རྒྱུན་ལྡན་གྱི་དམར་པོའི་རིང་ལུགས་ཀྱི་འགྲོ་སྟངས་ཤིག་ཀྱང་ཆགས་ཡོད།
གནས་ཚུལ་འདིའི་འོག སྤྱི་ཚོགས་ནང་གནས་རིམ་མཐོ་བའི་མི་ཆེན་དཔོན་ཆེན་ནས་བརྩིས་པའི་མི་མང་བར་བཅོས་བསྒྱུར་བྱ་རྒྱུ་དང་། དོན་ངོ་མར་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་རིམ་པས་མི་མང་གི་ངོ་རྒོལ་དང་ཕྱི་རྒྱལ་གྱི་བཙན་འཛུལ་བྱུང་བའི་རྐྱེན་གྱིས། སྔར་རང་སོར་གནས་པའི་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་དང་ལག་ལེན་གཉིས་ཀར་འགྱུར་བ་གསར་བ་ཞིག་གཏང་མགོ་བཙུགས་ཡོད། རྒྱ་ནག་གི་ཐོག་མའི་སྲིད་བྱུས་འདི་ཡིས་ཐབས་མཁས་པོའི་ངང་དུས་རབས་མང་པོའི་རིང་ཁོ་ཚོའི་ཤུགས་རྐྱེན་སོགས་གང་ཡང་སྤྲོད་མི་ཐུབ་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རང་དབང་གཉིས་ཀར་ལྟ་ཞིབ་དང་རྒྱ་ནག་གི་ལྷད་མ་འདྲེས་པའི་བོད་ཀྱི་རིག་གཞུང་འདི། ཁོ་ཚོའི་བོད་ཐོག་སྲིད་ཇུས་གང་འདྲ་ཞིག་འཛིན་དགོས་མིན་དང་། ཕྱི་ལོ་ ༡༩༥༢ ལོར་ཞི་བའི་བཅིངས་འགྲོལ་འགྲོལ་དུ་འབོད་པའི་རྒྱ་ནག་གི་ལས་འགུལ་འདིར་བོད་པས་རྣམ་འགྱུར་གང་འདྲ་ཞིག་སྟོན་མིན་དེ་གལ་ཆེན་པོ་ཆགས་ཡོད། ཚང་མས་(མཁས་དབང་དང་མི་མང་རྣམས་ལ་གོ་དགོས།) ཁས་ལེན་བྱེད་སའི་རྒྱུན་ལྡན་གྱི་ལྟ་ཚུལ་དེ་ལས་ལྡོག་སྟེ། “ ཕྱི་ལོ་ ༡༩༥༡ ལོའི་རྒྱ་ནག་དང་བོད་བར་གྱི་ཆིངས་ཡིག་དོན་ཚན་བཅུ་བདུན་དང་། སྔར་རང་སོར་གནས་པའི་རྒྱ་ནག་གི་སྲིད་བྱུས་རྙིང་པ་འདི་ཡིས། བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཀྱི་རང་དབང་གཉིས་ཀར་ངོས་འཛིན་བྱས་ཡོད།” སྔར་རྒྱ་ནག་གོང་མ་ཚོས། ཐེངས་མང་པོར་ཁ་བའི་རྒྱལ་ཁམས་དེ་དབང་དུ་བསྡུ་རྒྱུ་དང་། གང་དེའི་རིག་གནས་གོང་འཕེལ་གྱི་ལམ་བུ་ལ་ཤུགས་རྐྱེན་དང་བཀག་དགོག་བྱ་རྒྱུའི་ཐབས་ཤེས་བྱས་ཡོད་ཀྱང་མཐར་མངལ་བ་འབྲས་མེད་དུ་སོང་བའི་རྐྱེན་གྱིས། ཁོ་ཚོའི་ཞི་བའི་བཅིངས་འགྲོལ་དུ་འབོད་པའི་ལས་འགུལ་དེ་དངོས་སུ་གྲུབ་རྒྱུ་ཁག་པོ་ཆགས་བསྡད་ཡོད།
དེར་བརྟེན། བོད་དང་རྒྱ་ནག་གཉིས་ལོགས་གར་དབྱེ་བའི་བརྩེགས་རིམ་འདི། རྒྱ་ནག་གི་བརྩེགས་རིམ་རིང་ཤོས་སམ་ལྕགས་རི་ཆེན་པོ་དང་ཁྱད་མེད། འདི་ནི་ས་སྐྱར་ཐེངས་དང་པོར་རྒྱ་རིགས་དམག་མི་རྣམས་བསླེབས་པའི་ཉིན་མོ་དེ་ནས་མང་པོ་ཞིག་ཤེས་ཐུབ། བོད་པས། ཡུལ་ལུང་གཞན་ནས་ཕྱི་རྒྱལ་མི་རིགས་སུ་འདྲ་ཞིག་སླེབས་རུང་གཅིག་མཚུངས་ཀྱིས་དགའ་བསུ་དང་སྡང་སེམས་བྱས་ཡོད་ན་ཡང་། འདི་ནི་ནང་སེམས་(ཆོས་ཕྱོགས་ལ་གོ) དང་འབྲེལ་བ་ཡོད་པ་ཞིག་ལས་གཞན་དབང་བསྒྱུར་བས་(རྒྱ་ནག) དབང་དུ་བསྡུ་ས་(བོད།) ལ་སྟོན་པའི་ལག་ལེན་དངོས་ཀྱི་རྣམ་པ་དང་མི་འདྲ། དོན་ངོ་མར་ཕྱི་ལོ་ ༡༩༥༩ ལོའི་དུས་སྐབས་འདིར།“ ང་ཚོ་ཡུལ་མི་གཅིག་པ་ཡིན་” ཞེས་འུད་གཏམ་བཤད་མཁན་རྒྱ་རིགས་དམག་མི་ཚོ་ལས་བོད་རིགས་ཚོས་རྒྱ་གར་གྱི་མི་སེར་ཡིན་པའི་ལ་དྭགས་པ་དང་ངོ་བོ་གཅིག་མཚུངས་ཀྱི་འབྲེལ་བ་བྱ་རྒྱུར་དགའ་ཞེན་བྱེད་ཀྱིན་ཡོད། “ དེར་བརྟེན་བོད་རིགས་ཚོས་རང་དབང་ཞེས་པའི་ཐ་སྙད་འདིར་གོ་བ་ལེན་སྟངས་སོ་སོའི་རིག་གཞུང་དང་འཚོ་བ་རོལ་སྟངས་ཀྱི་བརྒྱུད་རིམ་ཞིག་ནས་ཡོང་གི་ཡོད་པ་འདི། མི་སེར་དཀྱུས་མ་ཚོའི་དངོས་ཡོད་ལྟ་སྟངས་ཤིག་ཡིན་པ་ལས་གཞན་འཛམ་གླིང་མི་རིགས་གཞན་པ་ཚོའི་ཁྲིམས་ལུགས་དང་རྒྱལ་རབས་ཀྱི་ངོ་བོའི་ཐོག་ནས་བོད་ཀྱི་ལས་དབང་ཐག་གཅོད་བྱེད་པའི་རྣམ་པ་དང་གཏན་ནས་མི་འདྲ། འདི་ནི་དེང་རབས་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་གྲགས་ཅན་དང་ཁྲིམས་དཔོན་སུ་གང་གི་ཤེས་རྟོགས་དང་ཁས་ལེན་བྱེད་དཀའ་བའི་རང་བཙན་གྱི་གོ་བ་ལེན་སྟངས་ཤིག་ཡིན། ”
རྒྱ་ནག་གི་སྟོབས་ཤུགས་ག་ལེར་བོད་ནང་སླེབས་མགོ་བརྩམས་པའི་དུ་ས་སྐབས་འདིར། ཁོ་ཚོའི་གྲངས་འབོར་ལྷ་སར་གནས་སྡོད་ཨམ་བན་(བོད་ནང་བསྡད་པའི་རྒྱ་ནག་གོང་མའི་སྐུ་ཚབ།) དང་། ཁོའི་ལས་རོགས་དམག་མི་བརྒྱ་ཉིས་བརྒྱ་ཙམ་ཞིག་ལས་མེད། བོད་རིགས་བྱིངས་དང་མཚུངས་པར་ང་ཚོའི་ཕ་མ་ཡང་། ཧ་ཅང་རྙོག་གླེང་ཆེ་བའི་རྒྱ་བོད་བར་གྱི་འབྲེལ་བ་དེ་སྔར་སྲོལ་བཞིན། ༧རྒྱལ་བ་རིན་པོ་ཆེ་དང་རྒྱ་ནག་གོང་མའི་བར་མཆོད་ཡོན་དང་བླ་སློབ་ཀྱི་འབྲེལ་བ་ཞིག་ལ་བརྩི་འཇོག་བྱེད་ཀྱིན་ཡོད་པ་ལས། དེང་སང་རྒྱ་ནག་གིས་འུད་སྒྲོག་བྱས་པའི་ “མིང་ཙམ་གྱི་དབང་བསྒྱུར་(Suzerainty) དང་རང་བཙན་གཙང་མའི་བདག་དབང་(Sovereignty) ”སོགས་ཀྱི་ཐ་སྙད་གསར་བ་གང་ཡང་བོད་མི་ཚོས་བསམ་བློའི་ནང་གནས་མེད། འདི་དག་ནི་(སྲིད་དོན་གྱི་ཐ་སྙད་གསར་པ་ལ་གོ་དགོས།) རྒྱ་བོད་བར་གྱི་འབྲེལ་བ་ལ། ཡུ་རོབ་ཀྱི་ཁྲིམས་ལུགས་ཤེས་བྱའི་ཁྲོད་ནས་འགྲེལ་བཤད་རྒྱག་པའི་ཐ་སྙད་འབའ་ཞིག་ཡིན་ལ། ཡུ་རོབ་ཀྱི་སྟོབས་ཤུགས་གོ་ལོའི་ཁྱོན་ཡོངས་ལ་འཕེལ་མགོ་བརྩམས་པའི་སྐབས་འདིར། (Europeanization) ཨེ་ཤེ་ཡའི་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བ་ཚུན་ཆད་ནས་ཁོ་ཚོའི་ཤུགས་རྐྱེན་འོག་སྲིད་དོན་གྱི་ཐ་སྙད་གསར་བའི་རྩེད་ར་ཞིག་ཏུ་འགྱུར་ཡོད་པ་ནི་ལོ་རྒྱུས་ཀྱི་དངོས་ཡོད་རང་བཞིན་ཞིག་ཡིན་ནོ།།
ཕྱི་ལོ་ ༡༩༥༣ ལོར་སླེབས་པའི་རྒྱ་རིགས་དམག་མིའི་ཚོ་ཁག་དང་པོ་དེ། བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལྟར་བྱས་ན། ལམ་སྟོན་མཁན་གྱི་དྲེལ་དང་གཅིག་མཚུངས་ཡིན། ཁོ་ཚོས་གཅིག་རྗེས་གཉིས་མཐུད་ཀྱི་རུ་འཕྲེང་བསྒྲིགས་ཏེ། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་མཐའ་མཚམས་སྲུང་སྐྱོབ་ཆེད་བསླེབས་ཡོད་པ་དང་། འཛིན་སྐྱོང་ཡག་པོ་མེད་པའི་བོད་དམག་དང་བསྡུར་ན། རྒྱ་ནག་བཅིངས་འགྲོལ་དམག་མི་རྣམས་ནི། སྤྱོད་ལམ་དང་སྒྲིག་འཛུགས་གང་ཐད་ནས་བཟང་བ་དང་། དེའི་སྐབས་ཁོ་ཚོས་སྒྲིག་འཛུགས་དང་འགལ་བའི་ལས་ཀ་སོགས་གང་ཡང་བྱས་མེད། [2]
རིམ་པས་ཕྱི་ལོ་ ༡༩༥༥ ལོར་སྒྲིག་ཆས་སྔོན་པོ་གྱོན་པའི་རྒྱ་རིགས་ལས་བྱེད་(ས་མདོག་གི་གོས་གྱོན་པའི་དམག་མི་དང་མི་འདྲ་བར།) འབོར་ཆེན་ཞིག་འབྱོར་བ་དང་ཁོ་ཚོས་ཆེད་ལས་མི་སྣ་ཞེས་པའི་མིང་འཁུར་ཏེ། ས་སྐྱར་སློབ་གྲྭ་དང་གཞོན་ནུའི་རུ་ཁག ད་དུང་ཚོགས་པ་འདྲ་མིན་དང་རང་སྐྱོང་ས་གནས་སོགས་བཙུགས་ནས་ག་ལེར། བོད་ཀྱི་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུའི་ངན་བྱུས་བཤམས་ཡོད་པ་རེད། རྒྱ་ནག་གིས་ཐེངས་དང་པོར་ས་སྐྱར་སློབ་གྲྭ་རྒྱག་དུས། ཁོ་ཚོས་ཞི་འཇམ་པོའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གྲྭ་ཆུང་བ་རྣམས་ཁོ་ཚོའི་འཛིན་སྐྱོང་འོག་ཚུད་ཐབས་ཀྱི་བསམ་འཆར་འདོན་པ་དང་། སྐབས་དེར་ང་རང་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་རྙིང་པ་ཞིག་གི་འགྲམ་ནས། སློབ་ཕྲུག་གཞན་བཅུ་གཉིས་དང་ལྷན་དུ། བརྩོན་སེམས་ཆེན་པོས་བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་སྦྱོང་གི་ཡོད། ཨ་མས་ང་རང་སློབ་གྲྭ་གང་ཞིག་ཏུ་བསྐྱལ་རྒྱུའི་འདང་རྒྱག་ནང་ལྷུང་དུས། ཡ་མཚན་དགོས་པ་ཞིག་ལ། སློབ་ཕྲུག་གི་གྲངས་འབོར་རྫོགས་བཞིན་པའི་བོད་དགེ་ཁོང་གིས་ང་རྒྱ་རིགས་སློབ་གྲྭའི་ནང་གཏང་རྒྱུ་ལམ་སྟོན་བྱས་སོང་།
ད་ལྟ་འདས་ཟིན་པའི་གནས་ཚུལ་འདི་དག་ལ་ཞིབ་འདང་རེ་རྒྱག་དུས། དམར་པོའི་རིང་ལུགས་ཀྱི་སློབ་གྲྭའི་ནང་དུ་ཡོད་པའི་སློབ་ཕྲུག་ ༨༢ ཕལ་ཆེ་བ་ཞིག་སྐུ་དྲག་དང་མཐོ་རིམ་དཔོན་ཆེན་ཚོའི་བུ་དང་བུ་མོ་ཡིན་པ་ང་ཧང་སང་སོང་། མཐོ་རིམ་དཔོན་ཆེན་ཚོས་བོད་རིགས་མི་སེར་དཀྱུས་མ་ཚོར་གོ་སྐབས་ཙམ་ཡང་མ་སྤྲད་པར། སོ་སོའི་ཕྲུ་གུ་སློབ་གྲྭ་གསར་བའི་(རྒྱ་ནག་གི་སློབ་གྲྭ།) ནང་བརྫངས་ནས་རང་ཉིད་ཀྱི་གཉེན་ཉེ་དང་གྲོགས་པོ་ཚོར་དེ་ལྟར་བྱེད་དགོས་པའི་སྐུལ་འདེད་བཏང་ཡོད། ལོ་ངོ་བཅུ་ཙམ་གྱི་རིང་རྒྱ་ནག་གིས་བོད་རིགས་མི་མང་རྣམས་ལ་ལྟ་ཙམ་ཡང་མ་བྱས་པར། བླ་མ་དང་ས་བདག་རྣམས་ལ་འཆམ་མཐུན་དང་གཅེས་ལངས་སུ་གཏོང་བ་དེས་དམར་པོའི་རིང་ལུགས་པ་གཞན་རྣམས་ཧོར་འཐོར་དུ་བཅུག་ཡོད་སྲིད།
རྒྱ་ནག་གི་འཆར་འགོད་གཞིར་བཟུང་བྱས་ན། ད་ལྟ་བོད་ནང་རྒྱ་ནག་ནང་བཞིན་བཅོས་བསྒྱུར་བྱ་རྒྱུ་ཏོག་ཙམ་སྔ་དྲགས་པ་དང་། རྗེས་སུ་མི་མང་གི་ངོ་རྒོལ་དང་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་པས་བོད་ནང་བཙན་འཛུལ་རབ་དང་རིམ་པ་བྱུང་བའི་དངངས་སྐྲག་ཅིག་གིས་ཕྱི་ལོ་ ༡༩༥༩ ཙམ་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་དང་། ཁོ་ཚོས་ཐེངས་དང་པོར། མའོ་ཡི་ལྟ་བའི་གཞུང་ལུགས་ཁྲོད་ཀྱི་གཞི་རྩའི་ཆ་རྐྱེན།“ གསར་བརྗེ་ནི་མི་མང་ལ་སེམས་འཁུར་ལྡན་པའི་ཐོག་ནས་བསྐྲུན་དགོས་པའི་དགོངས་དོན་དེ་སྣང་མེད་དུ་གཏོང་དགོས་བྱུང་ཡོད།”དེར་བརྟེན་བོད་ཀྱི་གནས་སྟངས་རྒྱ་ནག་དང་མ་འདྲ་བ་ཞིག་ཡིན་ན། ཁོ་ཚོས་འཐབ་བྱུས་ཀྱང་དེ་ལྟར་དུ་མི་འདྲ་བ་ཞིག་ཡིན་དགོས།
རྒྱ་ནག་གི་གསར་བརྗེ་བྱ་རྒྱུའི་ཐབས་བྱུས་དེ་དག་ལ་རྒྱུ་མཚན་གཉིས་ཀྱི་ཐོག་ནས་ལམ་ལྷོངས་བྱུང་མེད་དེ། དང་པོ་ནི་བོད་རིགས་ཞིང་འབྲོག་རྣམས་ཀྱི་དཔལ་འབྱོར་གནས་སྟངས་རྒྱ་རིགས་ཞིང་པ་ཚོ་ལས་ལེགས་པ་དང་། ད་བར་བོད་ཀྱི་ལོ་རྒྱུས་ནང་མུ་གེ་ཐེབས་པ་སོགས་གང་ཡང་བྱུང་མེད། གཉིས་པ་ནི། བོད་ཀྱི་ནང་བསྟན་རིག་གནས་ཀྱི་ཁྱབ་ཚད་དང་སྟོབས་ཤུགས་ལ་ལྟ་བའི་ཆ་ནས་དམར་པོའི་རིང་ལུགས་ཀྱིས་ནམ་ཡང་འགྲན་ཟླ་བྱེད་ཐུབ་མེད་པ་ཞིག་ཆགས་ཡོད། རྒྱ་ནག་གི་ཞི་བའི་གསར་བརྗེའི་ལས་འགུལ་འདིར། བོད་ཀྱི་མཐོ་རིམ་དཔོན་ཆེན་ཚོའི་གནས་བབ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ཁོ་ཚོས་(མི་མང་རྣམས་ལ་གོ) བསམ་བློའི་བཀའ་བཅད་དང་རྒྱབ་སྐྱོར་དེ་དག་གིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཡོངས་རྫོགས་གཅིག་འགྱུར་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་དེ་འགྲུབ་ཐུབ་ལ་རམ་འདེགས་བྱེད་ཀྱིན་ཡོད། དེའི་རྗེས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་བཅུག་རྒྱུ་གཅིག་པུ་ལྷག་ཡོད་ནའང་། དོན་ངོ་མའི་ཆ་ནས་བོད་འདི་ནམ་ཡང་རྒྱ་ནག་དང་གཅིག་གྱུར་བྱ་རྒྱུར་མོས་མཐུན་བྱུང་མེད། ཁོ་ཚོའི་རེ་བ་ལ། བོད་ཀྱི་གཞུང་ཞབས་དཔོན་རིགས་ཚོས། རྒྱ་ནག་གིས་བོད་ཀྱི་དམག་དང་ཆབ་སྲིད་ཀྱི་དབང་ཆ་ཡོད་ཚད་བསྡུ་རུབ་མ་བྱས་གོང་། སྲིད་གཞུང་ལ་མི་དགའ་བའི་ལས་འགུལ་སྤེལ་མཁན་དང་ངོ་རྒོལ་དེ་དག་བཀག་དགོག་བྱེད་ཐུབ་པར་རོགས་རམ་བྱ་རྒྱུ་དེ་རེད།
བཅོས་བསྒྱུར་གྱི་རིག་སྟོབས་མངའ་བའི་ཀླུ་ཁང་བ་འདྲ་བའི་དཔོན་རིགས་འགའ་ཕུད། གཞན་བོད་ཀྱི་སྐུ་དྲག་དང་ས་བདག་ཕལ་ཆེ་བ་ཞིག་གིས། དགའ་སྣང་ཆེན་པོས་རྒྱ་ནག་དམར་པོའི་གཞུང་དང་འབྲེལ་བ་དམ་ཟབ་བྱས་པ་འདིས་རང་བཙན་ཐོབ་པའི་རྒྱལ་ཁབ་མང་པོ་ཞིག་ཧོན་འཐོར་དུ་འཇུག་སྲིད་ན་ཡང་། ཁོ་ཚོས་རྒྱ་ནག་སྲིད་གཞུང་སྐོར་ནས་གོ་བའི་གནས་ཚུལ་ཕལ་ཆེ་བ་ཞིག་རྒྱ་རིགས་བློ་མཐུན་ཚོའི་འགྲམ་ནས་དུས་རྒྱུན་ཉན་པའི་གྲོས་མཐུན་དོན་ཚན་བཅུ་མདུན་གྱི་ནང་ཚན། “ གནས་རིམ་འདྲ་མིན་ནང་ཡོད་པའི་གཞུང་གི་དཔོན་རིགས་ཚོ་སྔར་སྲོལ་བཞིན་རང་གི་རྐུབ་སྟེགས་སྲུང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བའི་མན་ངག མི་སོ་སོའི་འཇོན་ཐང་དང་འོས་འབབ། ད་དུང་དགོས་པ་གཞིར་བཟུང་གི་གོ་བསྐལ་སྤྲོད་རྒྱུ། ”ཞེས་པ་དེ་ཡིན། དོན་ཚན་འདི་གཉིས་རྒྱ་ནག་གིས། བོད་རིགས་སྐུ་དྲག་ཚོའི་ཀླད་པའི་ནང་ཡང་ཡང་བླུགས་ཤིང་། རྗེས་ཀྱི་གོ་ཐོས་ལྟར་ན། ས་སྐྱར་ཡོད་པའི་སྐུ་དྲག་གཞོན་པ་ཚོས། དངོས་གནས་དགའ་ཚོར་ཆེན་པོས་མི་མང་ལ་འགྲེལ་བཤད་རྒྱག་བཞིན་པ་གོ་ཐོས་བྱུང་།
བོད་ཀྱི་དཔོན་རིགས་ཤེས་ཡོན་ཅན་ཚོ། ནུབ་ཕྱོགས་ཀྱི་མི་དང་མ་འདྲ་བར་གནས་ཚུལ་གསར་པར་རྒྱུས་ལོན་བྱ་རྒྱུར་དང་འདོད་མེད་ལ། སྐབས་འགར་རྒྱ་ནག་གིས་ཁོ་ཚོའི་ཆེད་དུ་དམིགས་བསལ་གྱིས་བསྒྱུར་བའི་དཔེ་དེབ་རྣམས་ཀློག་ཙམ་ཡང་མ་བྱས་པར་ཁང་པར་མཛེས་རྒྱན་གྱི་ཚུལ་དུ་སྒྲིག་གིན་ཡོད། དེར་བརྟེན། རྒྱ་ནག་སྲིད་གཞུང་གིས་མགོ་སྐོར་གཏོང་སླ་བའི་གཞུང་འཛིན་དཔོན་རིགས་རྣམས་ལ། དམངས་གཙོའི་བཅོས་བསྒྱུར་མཐོ་ས་དཔོན་ནས་མགོ་བཙུག་དགོས་པར་ལམ་སྟོན་བྱས་ཡོད།
སློབ་སྦྱོང་དང་ལྷན་སྐྱེས་ཤེས་རབ་ཀྱི་དབང་དུ་བྱས་ན། གཞུང་འཛིན་དཔོན་རིགས་རྣམས། བོད་ཀྱི་ཞིང་འབྲོག་མི་མང་དང་མི་མཚུངས་པར་མི་རབས་མང་པོར་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་བྱུང་ཡོད་ལ། གལ་ཏེ་ཁོ་ཚོས་རང་ཉིད་ཀྱི་ཕྲུ་གུ་སློབ་གྲྭ་གསར་པར་(རྒྱ་ནག་གི་སློབ་གྲྭ།) བསྐྱལ་ནས་དེང་དུས་ཀྱི་ཤེས་ཡོན་སྦྱོང་ཐུབ་ན། རང་བཞིན་གྱིས་རྗེས་མའི་སྤྱི་ཚོགས་གསར་བའི་(རྒྱ་ནག་གིས་དབང་བསྒྱུར་བྱས་ཚར་བའི་རྗེས་ཀྱི་བོད།) ནང་ལ་ཡང་སྔར་སྲོལ་བཞིན་གོ་གནས་ཟིན་ཐུབ་པར་གདོན་མི་ཟ། དེར་བརྟེན། མཚན་སྙན་དང་གོ་གནས་རེ་ཞིག་ཡལ་སྲིད་ཀྱང་། རིམ་པས་སྔར་སྲོལ་བཞིན། ཁོ་ཚོའི་རང་ཉིད་ཀྱི་ཁེ་དབང་སྲུང་ཐོབ་རྒྱུ་ཡིན་པ་རེད།
རྒྱ་ནག་གི་སྔོན་འགྲོའི་བདག་དབང་གལ་ཆེན་པོ་གཞན་ཞིག་ནི། བོད་རིགས་གཞོན་སྐྱེས་ཚོར་དམར་པོའི་རིང་ལུགས་ཀྱི་སློབ་གསོའི་ཤུགས་རྐྱེན་སྤྲོད་རྒྱུ་དང་། འདི་ནི་ཁོ་ཚོའི་(རྒྱ་ནག་ལ་གོ) ཕུགས་རྒྱང་རིང་པོའི་འཆར་དགོད་མངོན་འགྱུར་ཡོང་བའི་གོམ་པ་དང་པོ་དེ་ཆགས་ཡོད། ས་སྐྱར་གཞོན་ནུའི་རུ་ཁག་གཉིས་ཙམ་ཞིག་བཙུགས་དུས་ངའི་ཨ་ཅག་རྒན་པ་ “ན་གཞོན་གསར་བའི་དམར་པོའི་མཐུན་ཚོགས་(Communist Youth League ) ལ་འཛུལ་ཞུགས་བྱ་རྒྱུ་དང་། ང་རང་ན་གཞོན་མདུན་སྐྱོད་དཔུང་སྡེ་(Young Pioneers’Corps) ནང་འཛུལ་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་སོང་།”
ད་ལྟ་དྲན་པ་གསོས་པ་ཞིག་ནི། བོད་རིགས་སློབ་ཕྲུག་ཚོར་སྐབས་འགར་མཚར་སྣང་དང་མགོ་རྨོངས་བཅུག་པའི་དམར་པོའི་རིང་ལུགས་ཀྱི་ལྟ་བའི་སྐོར་སྦྱོང་བའི་གྲལ་རིམ་མེད་པའི་སྤྱི་ཚོགས་(Classless society) ཀྱི་ཐ་སྙད་སྐོར་ཞིག་དང་། ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་རིམ་པ་མཐའ་མ་(final stage of socialism) དེར་སླེབས་དུས། ཆབ་སྲིད་དགེ་རྒན་གྱིས། “ ང་ཚོ་ཚང་མ་ཁྱིམ་ཚང་ཆེན་པོ་ཞིག་གི་ནང་བསྡད་ནས་ཟས་གོས་སྡོད་གསུམ་གཅིག་མཚུངས་ཀྱིས་བེད་སྤྱོད་བྱས་ན། རྗེས་སོར་དཀའ་ངལ་གང་ཡང་འབྱུང་མི་སྲིད། ”ཞེས་པའི་སྡོམ་ཚིག་དེ་ཡིན། ཡིན་ན་ཡང་ཁོ་ཚོས་བོད་རིགས་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲད་པ་གཞིར་ཟུང་གིས། དམར་པོའི་རིང་ལུགས་ཀྱི་ལྟ་བ་དེ་འགྲོ་བ་མི་འདྲ་མཉམ་གྱི་ཁེ་དབང་ལ་བརྩི་སྲུང་བྱེད་པའི་འབྱུང་འགྱུར་གྱི་སྤྱི་ཚོགས་ཡང་དག་ཞིག་ལ་འགྱུར་མེད།
ཕྱི་ལོ་ ༡༩༥༠ ཙམ་གྱི་དུས་སྐབས་དེར་ངས་དྲན་གསོ་ཐེངས་ཤིག་བྱས་ན། རྒྱ་ནག་དམར་ཤོག་ཚོགས་པ་འདི། མར་ཁེ་སེའི་གཞུང་ལུགས་ཁྲོད་ཀྱི་གསར་བརྗེ་རིང་ལུགས་པ་དང་མི་འདྲ་བར། ཁོ་ཚོ་ཕལ་ཆེ་བ་ཞིག་དེང་རབས་རིང་ལུགས་པ་དང་བཟོ་ཚོང་རིང་ལུགས་པའི་(Modernizers’or industrializers) ངོ་བོ་ཞིག་ལ་གནས་ཡོད། འདི་ནི་བོད་ཀྱི་མཐོ་རིམ་དཔོན་ཆེན་ཚོས། རྒྱ་ནག་དང་འདོད་མོས་ཆེན་པོས་འབྲེལ་བ་བྱས་པའི་དབང་གིས་བྱུང་ཡོད། བློ་མཐུན་(རྒྱ་རིགས་ལ་གོ) ཚོས། དམར་པོའི་རིང་ལུགས་ཀྱི་སྤྱི་ཚོགས་གསར་བ་ཞིག་གི་མངོན་འདོད། མི་མང་ལ་ཁྱབ་བསྒྲགས་བྱས་ཏེ་རྫོགས་རྒྱུ་མེད་པའི་གྲལ་རིམ་འཐབ་རྩོད་(Ceaseless class struggle ) དང་ངལ་རྩོལ་སྐོར་གང་ཡང་ཤེས་མེད། དེ་ལས་ལྡོག་སྟེ། རྒྱ་ནག་དམར་ཤོག་ཚོགས་པས་ངན་བྱུས་ལྡན་པའི་ངང་ངལ་རྩོལ་མི་མང་(བོད་མི་ཞིང་འབྲོག་རྣམས་ལ་གོ)རྣམས་གྲལ་རིམ་མེད་པའི་སྤྱི་ཚོགས་ཀྱི་མཚམས་དེར་སླེབས་དུས། བཟོ་ལས་འཛུགས་སྐྲུན་གྱི་ཁེ་དབང་ཡོད་ཚད་སྲུང་ནས་འཕྲུལ་ཆས་ཀྱི་དུས་རབས་གསར་བ་ཞིག་ལ་བསྐྱལ་རྒྱུ་དེ་རེད།
ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་ཤིག་དང་མ་འདྲ་བར། ཁོ་ཚོས་ཡུན་རིང་པོར་འཆར་འགོད་བྱས་པའི་འབྱུང་འགྱུར་གྱི་སྤྱི་ཚོགས་གསར་པ་དེ་འཁྲུལ་སྣང་ལས་འདས་ཤིང་། ས་གནས་གང་སར་གནས་པའི་བོད་ཀྱི་སྐུ་ཚབ་རྣམས་མགྲོན་འབོད་བྱས་ནས། རྒྱ་ནག་གི་ཡར་ཐོན་ལྡན་པའི་འཛུགས་སྐྲུན་ལས་འཆར། གཏེར་ཁ་སྔོག་འདོན་གྱི་བཟོ་གྲྭ་དང་ཤེས་ཡོན་གྱི་བསྟི་གནས་གསར་པ། ད་དུང་དམག་གི་སྟོབས་ཤུགས་སོགས་འགྲེམས་སྟོན་བྱ་རྒྱུ་དེ་རེད། འདི་ལྟར་བོད་ཀྱི་སྐུ་ཚབ་ཚོགས་པ་རྣམས་ཕྱོགས་བསྐྱོད་བྱ་རྒྱུའི་ལས་འཆར་དེ། ཕྱོགས་གཅིག་ནས་ཚན་རིག་དང་འཕྲུལ་ཆས་ཀྱི་ཡར་ཐོན་ལྡན་པའི་རྒྱ་ནག་གི་སྤྱི་ཚོགས་གསར་པ་(ནུབ་ཕྱོགས་དང་བསྡུར་ན་དེ་ཙམ་གྱི་ཚད་ལོངས་མེད།) དེར་བློ་འགུག་ཐབས་དང་། ལར་ཞེན་ལྡན་པའི་བོད་རིགས་མི་མང་རྣམས་ལ་དམག་གི་སྟོབས་ཤུགས་སོགས་མིག་སྟོན་བྱས་ནས་འཇིགས་སྣང་དང་ཉེན་བརྡ་གཏང་རྒྱུ་དེ་རེད། དེར་བརྟེན་བོད་ཀྱི་སྐུ་ཚབ་རྣམས་རྒྱ་ནག་གི་རྣམ་པ་གསར་པ་དེར་ཡིན་སྨོན་སྐྱེས་ནས་ཕར་ལོག་པ་དང་། དེའི་སྐབས་ངའི་དགེ་རྒན་དང་བློ་ཉེ་བའི་བོད་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་མི་ “ བར་འཚོ་” ཞེས་པ་དེ་གཙོ་འཛིན་མའོ་ལ་དད་མོས་ཆེན་པོ་སྐྱེས་འདུག་ཅིང་། ཉིན་གཅིག་ང་རང་ཧང་སང་དགོས་པ་ཞིག་ལ། ཁོས་མཆོད་ཁང་ནང་དུའང་འགྱིག་གིས་བཟོས་པའི་མའོ་ཙེ་ཏུང་གི་འདྲ་སྐུ་ཞིག་བསྒྲིགས་འདུག
རྒྱ་ནག་དམར་ཤོག་ཚོགས་པས་གཏོང་ཕོད་ཆེ་ཁུལ་གྱིས་ “ཏྭ་ཡང་”[3] (དངུལ་གྱི་དོང་ཚེ།) གྱི་འགྲོ་སོང་མང་པོ་གཏོང་བ་དེ། ད་ལྟ་ཁོ་ཚོར་བོད་ཀྱི་གཞུང་འཛིན་དཔོན་རིགས་ཚོའི་ཧུར་བརྩོན་ཆེན་པོས་རྒྱབ་སྐྱོར་དང་དམངས་ཀྱིས་མོས་མཐུན་བྱེད་པར་བེད་སྤྱོད་ཆེན་པོ་བྱུང་ཡོད། བོད་ཀྱི་སྐུ་དྲག་དང་དཔོན་རིགས་ཚོས་ཁོ་ཚོ་(རྒྱ་ནག) དང་ལྷན་དུ་མཉམ་ལས་བྱེད་ཐུབ་པའི་ཆེད་དུ། རྒྱ་ནག་གཞུང་གིས་ཏྭ་ཡང་ཕངས་མེད་ཐོག་བེད་སྤྱོད་བྱས་པ་དང་། དམིགས་བསལ་ལྟ་གྲུབ་སྦྱོང་བརྡར་(དོན་དངོས་ཐོག་ལྟ་བ་བསྒྱུར་བཞིན་པ།) བྱེད་བཞིན་པའི་གཞོན་སྐྱེས་རྣམས་དང་། དམག་སའི་གཞུང་ལམ་བཟོ་བཞིན་པའི་བོད་རིགས་ངལ་རྩོལ་མི་མང་རྣམས་ལ་ཡང་འགྲོ་སོང་བཏང་ཡོད།
ང་རང་རྒྱ་ནག་གི་སློབ་གྲྭར་ཕྱིན་པའི་དབང་གིས། ཟླ་རེར་ཏྭ་ཡང་ ༣༠ དང་ལོ་རེར་བོད་ཆས་འཐུས་ཚང་ཞིག་རག་གིན་ཡོད། ངས་ཨ་ཅག་དང་ཨ་ཇོ་གཉིས། རྒྱ་ནག་གི་ལམ་བཟོའི་འཛུགས་སྐྲུན་ཁྲོད་ངལ་རྩོལ་བྱས་པའི་དབང་གིས། ཉིན་རེར་ཏྭ་ཡང་གསུམ་ནས་བཞི་པར་རག་གིན་ཡོད། ཕྱི་ལོ་ ༡༩༥༠ ལོའི་དུས་སྐབས་དེར་ཏྭ་ཡང་ ༡ ལ་རྒྱ་གར་གྱི་སྒོར་མོ་ ༤ ཙམ་རེག་ཐུབ་པ་དེ་རྒྱ་ནག་གཞུང་འདི་ཇི་ཙམ་ཞིག་གཏོང་ཕོད་ཆེན་པོ་ཡོད་པ་ཤེས་ཐུབ། དམིགས་བསལ་དོ་སྣང་བྱེད་འོས་པ་ཞིག་ལ་ངའི་སྤུན་རྒན་པ་གཉིས་ལ་ང་དགུ་ལོའི་ངོ་རྒོལ་རྗེས་སུ་ལས་ཀ་ཤུགས་ཆེན་པོ་བྱེད་དགོས་པའི་ངལ་རྩོལ་བ་དང་གཅིག་མཚུངས་ཀྱིས་གླ་ཆ་སྤྲད་འདུག རྒྱ་ནག་གིས་བོད་ཐོག་ཏྭ་ཡང་གང་འཚམ་ཞིག་གི་འགྲོ་གྲོན་བཏང་བ་དེར་ཚོད་བགམ་བྱ་རྒྱུ་དཀའ་ན་ཡང་། བོད་རིགས་མང་ཚོགས་ཀྱི་གཞས་དང་དམངས་ཁྲོད་གཏམ་དཔེའི་ཁྲོད་ནས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱེད་ཐུབ། ས་སྐྱར་ཡོད་པའི་རྒྱ་ནག་གི་ཆེད་ལས་མི་སྣ་ཚོས། “ བོད་ནང་ཏྭ་ཡང་ཕོན་ཆེན་པོས་འགྲོ་གྲོན་བྱས་པ་དེ། པེ་ཅིན་ནས་ལྷ་སའི་བར་དངུལ་གྱི་གཞུང་ལམ་ཞིག་བཟོས་ཀྱང་འདང་ཐུབ་” ཅེས་འུད་སྒྲོག་བྱེད་ཀྱིན་ཡོད། ༧རྒྱལ་བ་རིན་པོ་ཆེའི་གསུང་རྩོམ་ནང་དུའང་ “ རྒྱ་ནག་དམར་ཤོག་ཚོགས་པ་ནི། བཀའ་དྲིན་ཆེ་བའི་ཕ་མ་ལྟར། དངུལ་ཀྲམ་ཆར་བ་ཕབ་འདྲ་དེར། ང་ཚོས་བཀའ་དྲིན་བསམ་བཞིན་ཡོད། ” ཅེས་པའི་མིང་མེད་པའི་གཞས་ཤིག་མི་མང་ཁྲོད་དར་ཡོད་པ་བཀོད་ཡོད།
རྒྱ་ནག་གིས་བོད་ཀྱི་མཐོ་རིམ་དཔོན་ཆེན་ཚོ་མགུ་ཐབས་བྱས་ནས་བསླུ་བྲིད་གཏོང་རྒྱུ་དང་། དུས་མཉམ་དུ་གཞོན་སྐྱེས་ཚོ་ལྟ་བ་བརྗེ་བསྒྱུར་གྱི་སློབ་གསོ་དང་མི་མང་བྱིངས་རྣམས་འཆར་བཀོད་གཞིར་ཟུང་གི་གཞུང་ལམ་བཟོ་རྒྱུའི་ལས་འཆར་དེ་ཆབ་མདོར་སླེབས་མཚམས་ནས་མགོ་བཙུགས་ཡོད། ངས་བྱས་ན། རྒྱ་དམག་རྣམས་སྔ་ས་ནས་གཞུང་ལམ་བཟོ་རྒྱུའི་ལས་འཆར་དེ་ཁོ་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ཁྲོད་ཀྱི་གནད་འགག་ཆེ་བའི་དོན་དག་ཅིག་ཡིན་པ་ཤེས་ཡོད་ལ། སྲིད་བྱུས་དེ་ཁོ་ཚོས་སྔར་འདས་ཟིན་པའི་རྒྱ་ནག་གོང་མ་རྣམས་ཀྱི་ལོ་རྒྱུས་ལས་ངེས་ཤེས་རྙེད་ཡོད། དུས་རབས་བཅོ་བརྒྱད་ནས་བཟུང་རྒྱ་ནག་གིས་བོད་དེ་མངའ་འོག་ལ་བཅུག་རྒྱུར་འབད་བརྩོན་གང་མང་བྱས་ཡོད་ན་ཡང་། གངས་རིས་མུ་འཁྱུད་ཀྱིས་བསྐོར་བའི་བོད་ཀྱི་ས་མཐོའི་ཁ་རླུང་དང་ཆགས་དབྱིབས་ཀྱིས་ཁོ་ཚོའི་དབང་བསྒྱུར་བྱ་རྒྱུའི་འདོད་སེམས་དེ་མངོན་འགྱུར་བྱུང་མེད། ཡིན་ན་ཡང་། རྗེས་སོར་རྒྱ་ཆེ་བའི་གཞུང་ལམ་དང་དེའི་བརྒྱུད་ལམ་སྣ་ཚོགས། དེང་དུས་ཀྱི་གློག་ཀླད་འཕྲུལ་ཆས་སོགས་ཀྱིས་ཁོ་ཚོའི་འཆར་འགོད་དེ་མངོན་འགྱུར་བྱུང་ཐུབ་པར་རམ་འདེགས་བྱས་ཡོད། དེར་བརྟེན། བོད་མི་ཚོས་རྒྱ་ནག་གི་ཞི་བའི་བཅིངས་འགྲོལ་དུ་འབོད་པའི་ལས་འགུལ་ལ་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་དམ།
ངའི་ཨ་མར་མཚོན་ན། བོད་རིགས་བྱིངས་དང་འདྲ་བར་རྒྱ་ནག་གིས་གང་བྱས་པ་དང་། རེ་འདུན་སྐོང་བའི་ལས་འགུལ་རྣམས་ལ་བརྩི་འཇོག་ཙམ་ཡང་མ་བྱས་པར། “འདི་ནི་ཡག་རྟགས་ཤིག་མིན་པའི་སྐོར་” དོགས་ཟོན་བྱས་སོང་། བོད་ཀྱི་ཞིང་འབྲོག་མི་མང་རྣམས་ཀྱིས་ཀྱང་། “བསྟན་དགྲ་”རྒྱ་དམག་གི་བཅོས་མའི་འཛུམ་མདངས་དེར་ཞེ་ལོག་ནས་ཡིད་རྟེན་མི་བྱེད་པར་དོགས་ཟོན་བྱེད་མགོ་བཙུགས་ཡོད། བོད་རིགས་མི་མང་རྣམས་ཕྱོགས་གཅིག་ནས་མཐོ་རིམ་ཤེས་ཡོན་ཅན་ཚོ་(བོད་ཀྱི་སྐུ་དྲག་དང་གཞུང་ཞབས་ལས་བྱེད་རྣམས་ལ་གོ) དང་མ་འདྲ་བར་ཡི་གེ་འབྲི་ཀློག་སོགས་གང་ཡང་མི་ཤེས་པའི་དབང་གིས། ལྟ་བ་གསར་བ་དང་ལེན་བྱ་རྒྱུར་འདོད་པ་མེད་པ་དང་། གཉིས་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཀྱི་བག་ཆགས་ཟབ་མོས་རྒྱ་ནག་གི་ལུགས་སྲོལ་གང་ཞིག་ལ་ཡིད་སྨོན་བྱས་མེད། གནད་དོན་འདི་དག་རྒྱ་ནག་གི་སྔ་ས་ནས་ཤེས་ཀྱིན་ཡོད་ལ། ཁོ་ཚོས་ལྟ་བ་མཁྲེགས་པོ་དང་རྣམ་རྟོག་ཚ་བའི་བོད་ཀྱི་ཞིང་འབྲོག་རྣམས་ལྟ་བའི་སྦྱོང་བརྡར་སྤྲོད་རྒྱུའི་ཚབ་ཏུ། གཞུང་ལམ་བཟོ་རྒྱུར་བཀོད་མངགས་བྱས་ཏེ་དམག་ཤུགས་རྒྱ་སྐྱེད་བྱ་རྒྱུའི་བྱུས་ངན་བཤམས་ཡོད། དུས་རྒྱུན་རྒྱ་ནག་གིས་གླ་ཆ་ཡག་པོ་སྤྲོད་པའི་དབང་གིས་ངལ་རྩོལ་བ་མི་འདང་བའི་དཀའ་ངལ་སོགས་མེད་ན་ཡང་། ཕྱི་ལོ་ ༡༩༥༩ ལོའི་རྗེས་ནས་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ་ལམ་བཟོའི་ངལ་རྩོལ་བ་རྣམས་ལ་གླ་ཕོགས་བརྒྱ་ཆ་བཞིའི་ཆ་ནས་གསུམ་དང་སྐབས་འགར་ཕྱེད་ཙམ་ལས་མ་རག་པའི་དཀའ་སྡུག་མྱངས་ཡོད་པ་རེད།
འཛམ་གླིང་ཡོངས་ལ་འགུལ་ཤུགས་ཐེབས་པའི་ང་དགུ་ལོའི་ལྷ་སའི་ངོ་རྒོལ་ཆེན་མོའི་(བོད་མིའི་རང་དབང་སྒེར་ལངས་ཆེན་མོ་ཡང་ཟེར།)ཚ་རླབས་འདི། ས་སྐྱའི་བར་སླེབས་མེད་པ་དང་། དེའི་རྒྱུ་མཚན་ནི། ང་ཚོའི་ས་ཁུལ་ཕྱི་ལོ་ ༡༩༥༤ ནས་ ༥༩ ལོའི་བོད་ཀྱི་ཤར་ཕྱོགས་ཁུལ་དུ་བྱུང་བའི་རྒྱ་བོད་དམག་གི་འཐབ་འཛིང་གི་ས་གནས་ལས་ཐག་རིང་ཙམ་དུ་ཡོད། ཡིན་ན་ཡང་ང་ཚོས་དུས་རྒྱུན་དུ་རྒྱ་ནག་ལ་རྒོལ་འཛིང་བྱེད་བཞིན་པའི་“ཁམས་པའི་གནས་མཇལ་བ་(ཁམས་པའི་འཇབ་དམག་གམ་བསྟན་སྲུང་དང་བླང་དམག།) ”མང་པོ་ཞིག་རྒྱ་གར་ལ་བསྐོར་བསྐྱོད་ཀྱི་ཚུལ་དུ་འགྲོ་བཞིན་པ་གོ་ཐོས་བྱུང་། ལྷ་སའི་ངོ་རྒོལ་དོན་རྐྱེན་རྗེས་ནས། བཅིངས་འགྲོལ་དམག་མི་འགའ་ཞིག་གིས་སྣེ་འཁྲིད་པའི་རྒྱ་གཞུང་གི་ལས་བྱེད་ཚོ་ཁག་ཅིག་ས་སྐྱར་ང་དགུ་ལོའི་སྤྱི་ཟླ་བཞི་པའི་ནང་འབྱོར་སོང་། ཁོ་ཚོའི་ལས་འགན་ནི། “རང་རྒྱལ་ལ་རྒྱབ་གཏོད་བྱས་པའི་ཉེས་མིང་འོག ས་གནས་མགོ་འཛིན་དང་མཐོ་རིམ་བླ་མ་མང་པོ་ཞིག་འཛིན་བཟུང་བྱས་ཏེ་མི་མང་རྣམས་རྒྱ་ནག་གི་ཡུན་རིང་ངང་སྒུག་བྱས་པའི་དམངས་གཙོའི་བཅོས་བསྒྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་དེ་རེད།”
རྒྱ་ནག་གཞུང་གིས། བླ་ཆེན་དང་དཔོན་རིགས་ཚང་མར་སྒྲོལ་མ་ཕོ་བྲང་གི་ནང་དུ་ཆབ་སྲོད་ཀྱི་སློབ་སྦྱོང་སྤྲད་རྒྱུ་གསལ་བསྒྲགས་བཏང་བ་དང་། དེའི་སྐབས་བོད་མི་སུ་ཞིག་གིས་ཀྱང་དམར་ཤོག་རིང་ལུགས་ཀྱི་སློབ་སྦྱོང་སྤྲོད་སྟངས་སྐོར་ཤེས་ཀྱི་མེད་པ་འདྲ། ངའི་ཨ་མས་ “ དུས་རྒྱུན་ས་སྐྱར་ཡོད་པའི་མཐོ་རིམ་དཔོན་པོ་ཞིག་གིས་རྒྱ་ནག་ལས་བྱེད་ཚོ་དགའ་པོ་ཡོང་བའི་ཆེད་དུ། བོད་སྨྱུག་ཀྱི་(སྐབས་དེར་བོད་ཀྱི་སྲོལ་རྒྱུན་འབྲི་ཆས་སྨྱུ་གུ་ཡན་ཆད་ནས་རྨོངས་དད་དང་རྙིང་པར་བརྩི་བཞིན་ཡོད།) ཚབ་ཏུ་རྒྱ་གར་གྱི་སྣག་སྨྱུག་གསར་པ་ཞིག་དང་དེབ་ཅིག་རང་གི་གཡོག་པོར་ཉོ་བར་བཏང་བ།” ད་ལྟ་ཕྱིར་དྲན་བྱས་པ་དང་རྗེས་སུ་བོད་ཀྱི་དཔོན་རིགས་དང་བླ་ཆེན་ཚང་མ་སློབ་གྲྭའི་རྣམ་པ་ཙམ་ཡོད་པའི་བཙོན་ཁང་ནང་དུ་ཕྱིན་ཡོད། དེ་ལས་ཁྱད་མཚར་བའི་གནས་ཚུལ་ཞིག་ནི། མི་མང་པོ་རྒྱ་དམག་གིས་འཇུ་བཟུང་བྱས་པའི་སྐབས་སུ་བོད་ཀྱི་གཞུང་འཛིན་དཔོན་རིགས་མཐོ་གྲས་གཉིས་འབྲས་ལྗོངས་ས་མཚམས་དང་ཐག་ཉེ་བའི་རང་གི་གཞིས་ཁར་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་ཁོ་ཚོ་སློབ་སྦྱོང་གི་ཆེད་དུ་གང་མགྱོགས་ཚུར་ལོག་དགོས་པའི་བཀའ་རྒྱ་བཏང་སྐབས། བྲོས་ཙམ་ཡང་མ་བྱས་པར་རང་གི་འཁོར་གཡོག་དང་ལྷན་དུ་ཐང་ཆད་པའི་ངང་ཚུར་ཡོང་བཞིན་པ་མཐོང་སོང་།
ང་ལ་མཚོན་ན། གོང་གི་ཡིད་སྐྱོའི་གནས་ཚུལ་འདི་ཕྱི་ལོ་ ༡༩༥༩ ལོའི་བོད་ནང་གི་གནས་སྟངས་ཤིག་མཚོན་གྱིན་ཡོད་པ་དང་། འདི་ནི་དུས་ཚོད་དེའི་སྐབས་བོད་མི་ཚོར་འཕྲད་པའི་གཞི་རྩའི་དཀའ་ངལ་གཉིས་ཏེ། “ དེང་དུས་ཀྱི་འབྲེལ་ལམ་ཡག་པོ་མེད་པ་དང་། མགོ་འཁྲིད་ཚོ་གནས་སྟངས་གསར་པ་མང་པོ་ཞིག་ལ་གདོང་ལེན་བྱེད་མ་ཐུབ་པའི་རྐྱེན་གྱིས་ཡིན། ” ས་སྐྱར་ཡོད་པའི་ས་བདག་དང་བླ་ཆེན་ཚོས་ལྷ་སར་གནས་ཚུལ་གང་ཞིག་བྱུང་ཡོད་མེད་ཤེས་རྟོགས་མེད་པ་དང་། ལེ་དབར་ ༢༥ ཙམ་ལས་མེད་པའི་གོང་གི་གཞུང་འཛིན་དཔོན་རིགས་གཉིས་ས་སྐྱར་གནས་ཚུལ་འདྲ་བྱུང་ཡོད་མེད་གང་ཡང་ཤེས་ཀྱི་མེད། དེར་བརྟེན། གལ་ཏེ་བོད་མི་འགོག་རྒོལ་བ་ཚོར་དེང་དུས་ཀྱི་འབྲེལ་ལམ་དང་གནས་སྟངས་གང་ཞིག་ལ་གདོང་ལེན་བྱ་རྒྱུའི་འགན་འཁྲིའི་ནུས་སྟོབས་དེ་ཡོད་ན་ཕྱི་ལོ་ ༡༩༥༩ ལོའི་ཞི་བའི་ངོ་རྒོལ་དེའི་གྲུབ་འབྲས་སྔར་ལས་ལྷག་པ་ཞིག་ཡོང་སྲིད། ཡིན་ན་ཡང་། བསམ་བློ་གཞན་ཞིག་བཏང་ན་འདི་ནི་བོད་མི་ཚོར་འཕྲད་པའི་གནས་སྟངས་གསར་པ་ཞིག་དང་། དཀའ་ངལ་དེ་སེལ་རྒྱུར་དེང་དུས་ཀྱི་ལྟ་བའི་ཕྱུག་པའི་མགོ་འཁྲིད་གསར་པ་ཞིག་ཀྱང་དགོས་ཀྱི་ཡོད་པའི་རྐྱེན་གྱིས་ཡིན།
ནམ་རྒྱུན་མི་མང་གི་ཚོགས་འདུ་འཚོགས་ཚར་བའི་རྗེས་སུ། རྒྱ་དམག་རྣམས་ཀྱིས་ “བོད་ཀྱི་མཐོ་རིམ་མི་སྣའི་ཁྲོད་ཀྱི་ནང་མི་གཉིས་ཕུད་གཞན་དཔོན་རིགས་ཕལ་ཆེ་བ་ཞིག་རང་རྒྱལ་ལ་རྒྱབ་གཏོད་བྱས་པའི་ནག་ཉེས་བསགས་ཡོད་པའི་དྲིལ་བསྒྲགས་བྱེད་པ་དང་། ཁོ་ཚོའི་ནག་ཉེས་ནི་བོད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་(རྒྱ་ནག་ལ་གོ) བང་ནས་འཕྲོག་འདོད་ཀྱི་དམིགས་ཡུལ་བཅངས་ནས་ཁ་བྲལ་རིང་ལུགས་པའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་ཡིན། ”ཞེས་བརྗོད་ཡོད། ས་སྐྱར་མཚོན་ན། བོད་མི་སུ་ཞིག་ཐད་ཀར་ང་དགུ་ལོའི་ཞི་བའི་ངོ་རྒོལ་ལ་འཛུལ་ཞུགས་བྱས་མེད་ནའང་། རྒྱ་དམག་དེ་དག་སྔོན་མ་ནས་རྒྱལ་ཞེན་རིང་ལུགས་པའི་ལས་འགུལ་ (མི་རིགས་རིང་ལུགས་པ་ཡང་ཟེར། Nationalist movement) དེ་དག་ལ་མ་དགའ་བའི་རྐྱེན་གྱིས། ངོ་རྒོལ་དང་འབྲེལ་བའི་ཐ་ན་གནས་ཚུལ་ཆུང་ངུ་ཡན་ཆད་འཚོལ་ཞིབ་བྱ་རྒྱུར་དུས་ཚོད་དང་ནུས་ཤུགས་གཉིས་ཆ་ནས་སྣང་མེད་བཏང་མེད།
ས་སྐྱར་ཡོད་པའི་བཙོན་པ་རྣམས་ནག་ཉེས་གསུམ་བསགས་ཡོད་ཅེས་མ་ཉེས་ཁ་གཡོག་བྱས་ཏེ་རྒྱ་དམག་གིས་འཇུ་བཟུང་བྱས་ཡོད། དེ་ནི་ས་སྐྱ་གོང་མ་རིན་པོ་ཆེ་རྒྱ་གར་ལ་བྲོལ་བྱོལ་བྱ་རྒྱུར་རོགས་རམ་བྱས་པ་དང་། ཁམས་པའི་འཇབ་དམག་རྣམས་ལ་ཟ་མ་དང་མཚོན་ཆའི་མཐུན་རྐྱེན་སྦྱར་བ། མཐའ་མ་ནི། རྒྱ་ནག་ལ་ངོ་རྒོལ་མཚོན་ཆེད་ “དམག་ཟློག་”གི་ཆོ་ག་བྱས་པ་བཅས་ཡིན། མ་གཞི་བྱས་ན་རྒྱ་དམག་རྣམས་གསར་བརྗེའི་རིང་ལུགས་པའི་དར་ཆ་ཞིག་གི་འོག་བོད་ལ་ཤར་སྐྱོད་བྱས་ཡོང་བས། བོད་པའི་རྒྱལ་ཞེན་རིང་ལུགས་པའི་ལས་འགུལ་དེ་དག་རང་བཞིན་གྱིས་ཁོ་ཚོའི་ལྟ་བ་དེའི་( གསར་བརྗེའི་རིང་ལུགས་པ་ལ་གོ) ཁ་གཏད་ལ་འགྱུར་ཡོད།
དེར་བརྟེན། དམར་པོའི་རིང་ལུགས་ཀྱི་གདུག་རྩུབ་སྲིད་དབང་འོག གྱེན་ལོག་གི་བྱ་སྤྱོད་དང་བསམ་བློ་ཙམ་བཟུང་བ་དེ་ཡང་ནག་ཉེས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད། ལྟ་ཚུལ་དེ་དང་བསྡུར་ན་དམར་པོའི་རིང་ལུགས་པ་ཚོས་དུས་རྒྱུན་ནག་ཉེས་གལ་ཆེན་དུ་བརྩི་བའི་བཤུ་གཞོག་གཏོང་སྟངས་དེ། རྒྱ་ནག་གིས་ནག་ཉེས་ལ་བརྩི་ཡི་མེད། གལ་ཏེ་བོད་མི་ཞིང་པ་ཉམ་ཐག་ཅིག་གྱེན་ལོག་པ་དང་འབྲེལ་བ་ཡོད་པའི་ནག་ཉེས་ཕོག་ན། ཁོ་ཚོ་ཆབ་སྲིད་ཀྱི་ནག་ཉེས་ཅན་ཨང་དང་པོར་བརྩིས་ཏེ་ཉེས་ཆད་དྲག་པོ་གཅོད་ངེས་ཡིན། དཔེར་ན། ས་སྐྱར་ཞིང་པ་ཉམ་ཐག་བཞི་ཡིས་མི་མང་ལ་སེམས་འཁུར་དང་དྲང་ཚུགས་ལྡན་པའི་རང་གི་མངའ་སྡེའི་སྲིད་སྐྱོང་ལ་རྒྱབ་སྐྱོར་མཚོན་ཆེད་ཞི་བའི་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་འདུག བོད་མི་ཚོས་མངའ་སྡེའི་སྲིད་སྐྱོང་ཁོང་ལ་རྒྱ་ནག་གི་གུ་ཡངས་གཏང་རྒྱུའི་ཆེད་སྲོལ་རྒྱུན་གྱི་ལུགས་སྲོལ་བཞིན་ཁ་བཏགས་འཁྱེར་ནས་རེ་སྐུལ་ཞུས་ཡོད་ཀྱང་། རྒྱ་དམག་ཚོས་དེའི་ཚབ་ཏུ་མགོ་འཁྲིད་གཏེ་བོ་བཞི་ལ་མང་ཚོགས་ཀྱི་མདུན་སར་རྟ་ལྕག་གཞུས་ནས་བཙོན་འཇུག་བྱས་ཡོད། གོང་གི་གནས་ཚུལ་དེ་དག་གིས་གལ་ཏེ་བོད་ཀྱི་མགོ་འཁྲིད་ཚོས་མི་མང་ལ་སྣེ་འཁྲིད་ཡག་པོ་ཞིག་བྱེད་ཐུབ་ཡོད་ན། མི་མང་འགོག་རྒོལ་ཆེན་མོར་(བོད་མིའི་རང་དབང་སྒེར་ལངས་ཆེན་མོ་ཡང་ཟེར།) གྲུབ་འབྲས་སྔར་ལས་ལྷག་པ་འབྱུང་སྲིད། རྒྱལ་བ་རིན་པོ་ཆེའི་ཚིག་གཅིག་གིས་བོད་ཡོངས་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་ཐུབ།
བོད་མི་འབོར་ཆེན་ཞིག་རྒྱ་ནག་གིས་འཇུ་བཟུང་བྱས་ཚར་བའི་རྗེས་སུ། ས་སྐྱའི་གྲོང་སྡེ་དང་བོད་ཀྱི་ས་ཕྱོགས་ཚང་མར་ནང་མི་བཅུ་ཅན་གྱི་ “མི་མང་མཐུན་འགྱུར་ཚོགས་པ་’ཞེས་པ་གསར་འཛུགས་དང་། དེའི་སྐབས་ངས་ཐེངས་དང་པོར་རྒྱ་ནག་གི་གོ་སྒྲིག་བྱེད་སྟངས་དང་དམིགས་ཡུལ་གྲུབ་རྒྱུའི་ཧུར་བརྩོན་དེ་མཐོང་སོང་། འཚོ་ཁག་སོ་སོའི་ནུས་པ་གང་ཙམ་འདོན་ཐུབ་པའི་ཆེད་དུ། ཁོ་ཚོར་(མི་མང་མཐུན་འགྱུར་ཚོགས་པ།)མགོ་གཙོ་རེ་རེ་དང་དྲུང་ཆེ་རེ་ཡོད་ཅིང་། ཚོགས་པ་དེ་བརྒྱུད་ནས་རྒྱ་ནག་གིས་རང་གི་འདོད་པ་གཞིར་བཟུང་ང་ཚོར་(བོད་མི་ཚང་མར་གོ་དགོས།) སྐབས་རེར་ལས་ཀ་དང་ཉལ་དུ་བཅུག་པ། ཡང་མཚམས་རེར་གཞས་གཏོང་བ་དང་ངུ་རུ་བཅུག་པ་སོགས་བྱེད་ཀྱིན་ཡོད།
.བོད་མི་ཡར་ཐོན་ཅན་དང་གསར་བརྗེའི་རིང་ལུགས་པ་(སྐབས་དེར་རྒྱ་ནག་གི་སློབ་གསོའི་འོག་རང་གི་ལྟ་བ་བསྒྱུར་བའི་བོད་མི་རྣམས་ལ་གོ།) ཚོའི་རྒྱབ་སྐྱོར་མེད་ན། མི་མང་མཐུན་འགྱུར་ཚོགས་པའི་འོས་འགན་གྲུབ་རྒྱུ་དཀའ་བ་དང་སྤྱིར་བཏང་བྱས་ན། རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བ་བྱེད་མཁན་བོད་མི་རིགས་གཉིས་ཡོད་དེ། “ དང་པོ་དེ་རྒྱ་ནག་གིས་སྦྱོང་བརྡར་སྤྲད་ནས་ཁོ་ཚོར་སྐད་བསྒྱུར་བྱེད་མཁན་བོད་མི་འཛིན་སྐྱོང་ལས་བྱེད་དང་། གཉིས་པ་ནི་ས་གནས་རང་གི་བོད་མི་ཡར་ཐོན་ཅན་དུ་འབོད་པ་ཚོ་ཡིན། ”ངས་དོ་སྣང་བྱུང་གསལ་ལ། ང་དགུ་ལོའི་རྗེས་སུ་རྒྱ་ནག་གཞུང་དང་སྤྲོ་སེམས་ཆེན་པོས་འབྲེལ་བ་བྱེད་མཁན་ཕྱི་མ་དེ་རྣམས་ནི་ཏག་ཏག་བོད་གཞུང་གི་བཙོན་པ་རྙིང་པ་དང་ཁོ་ཚོའི་ཉེ་འབྲེལ་དག་ཡིན་ནོ། འདི་ནི་ཁོ་ཚོའི་རྨི་ལམ་ལ་ཡང་འཁོར་མ་ཡོང་བའི་རང་གི་ས་བདག་དང་དཔོན་རིགས་ཚོར་འཁོན་ལན་སློག་རྒྱུའི་དཀོན་མཆོག་གིས་གནང་བའི་གོ་སྐབས་ཤིག་ཆགས་ཡོད། ཁོ་ཚོའི་གྲས་ཀྱི་ཚོགས་མི་རྩེ་ཕུད་གཉིས་ནི་ས་སྐྱར་བཙུགས་པའི་འཛིན་སྐྱོང་སྡེ་ཚན་གསར་བའི་ལས་བྱེད་སྔར་ལྷ་རྩེར་མི་གསོད་གྱོད་གཞིའི་ནག་ཉེས་ཡོད་པའི་རྣམ་རྒྱལ་དང་མི་མང་མཐུན་འགྱུར་ཚོགས་པའི་མགོ་གཙོ་འམ་རྣམ་རྒྱལ་གྱི་ཆུང་མ་ཚེ་རིང་ཡིན།
བོད་ཀྱི་མཐོ་རིམ་མི་སྣ་ཚོའི་(སྐྱ་སེར་གཉིས་ཀ་ཚུད།)ས་ནས་བཙན་འཕྲོག་བྱས་པའི་རྒྱུ་ནོར་དང་གཞིས་ཀ་རྣམས་མི་མང་ལ་བགོ་འགྲེམས་བྱ་རྒྱུ་དེ་ནི། རྒྱ་ནག་སྲིད་གཞུང་གི་གོམ་པ་རྗེས་མ་དེ་ཆགས་ཡོད། ངའི་ཁྱིམ་ཚང་དེ་འཚོ་བའི་ཆ་ནས་འབྲིང་ཙམ་ཡོད་པའི་ཞིང་པ་ཞིག་ཡིན་སྟབས། གང་ཡང་རག་མེད་ན་ཡང་ཞིང་པ་ཉམ་ཐག་གི་ཁོངས་སུ་ཚུད་པའི་ངའི་གཅེན་མོར་ཟ་འོག་གི་འོག་འཇུག་རྙིང་པ་གཉིས་དང་། བླ་ཆེན་ཚོས་མཛད་སྒོ་གལ་ཆེན་སྐབས་གྱོན་པའི་ལྷམ་གཅིག འབུས་ཟས་པའི་སྒམ་ཆུང་དང་སྒྲོག་རྩེ་གཉིས། ད་དུང་ཤིང་གི་བཟོས་པའི་སྒ་ནག་གཅིག་དང་ཕྱུ་པ་བཅས་རག་འདུག འོན་ཀྱང་རྒྱ་ནག་གིས་བོད་ཀྱི་ཁྱིམ་ཚང་འབྱོར་ལྡན་ཚོའི་ས་ནས་འཕྲོག་བཅོམ་བྱས་པའི་ཅ་དངོས་རྩ་ཆེན་རིགས་མི་མང་ལ་བགོ་བགྲེམས་མ་བྱས་པར་ཁོ་ཚོས་ཟུར་དུ་ལྐོག་ཉར་བྱས་ཡོད་པས་ཞིང་པ་ཉམ་ཐག་ཚོས་བྱ་སྤྱོད་དེར་འདོད་བློ་མ་ཚིམ་པར། ནམ་རྒྱུན་ང་ཚོའི་ཁྱིམ་མཚེས་ཀྱི་ཞིང་པ་ཁོས། “ཨ་ཞང་ལགས་ཀྱིས་ཤ་ཟས་ནས་རུས་པ་ང་ཚོར་ཟ་རུ་བཅུག་སོང་། ”ཞེས་ཐེར་འདོན་བྱེད་ཀྱིན་ཡོད། རྒྱ་ནག་གིས་བོད་རིགས་ཞིང་པ་ཚོའི་ཁྲོད་དུ། འདོད་བློ་མི་ཚིམ་པ་མང་པོ་ཞིག་ཡོད་པ་ལམ་སེང་ཤེས་ནས། དེ་མ་ཐག་ཏུ་ “གསེར་རྡོག་རྡོག་གཅིག་ལས་ཁབ་བཟང་བ་(བེད་སྤྱོད་ཀྱི་དབང་དུ་བྱས་ན།) ” ཡོད་ཅེས་པའི་འབོད་ཚིག་ཡོད་པའི་ལས་འགུལ་གསར་པ་ཞིག་མི་མང་ལ་ཁྱབ་བསྒྲགས་བྱས་ཡོད།
དེར་བརྟེན། སྤྱི་ཟླ་བཞི་པའི་ཟླ་མཇུག་ཙམ་ལ་ང་ཚོའི་འཚོ་བ་ལ་འགྱུར་བ་གསར་བ་ཞིག་སླེབས་མགོ་བརྩམས་སོང་། འདི་ནི་མི་སུ་ཡང་ཐར་ཐབས་དཀའ་བའི་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ཅིག་སྟེ། “ཡར་ལངས་ནས་ཚོགས་འདུར་འཆར་ཅན་དུ་འགྲོ་རྒྱུ་དང་ངལ་རྩོལ་བྱ་རྒྱུ་དེ་རེད།” མཐའ་མ་དེར། ངས་རྒྱ་ནག་དམར་པོའི་གདུག་རྩུབ་ཀྱི་སྲིད་དབང་འོག་མྱོང་བའི་ “ལྟ་བ་བསྒྱུར་བྱེད་ཀྱི་སློབ་གསོ་དང་ངལ་རྩོལ། ད་དུང་ཆོས་ལུགས་ཀྱི་སྡུག་སྦྱོང་སོགས་ལ་”འགྲེལ་བཤད་རྒྱག་ཐབས་བྱེད་ཀྱིན་ཡིན། ( མི་འགའ་ཞིག་གིས། ངས་རྩོམ་ཡིག་འདི་གྲང་དམག་( རྒྱལ་ཁབ་ཕན་ཚུན་དབར་དམག་འཁྲུག་གི་རྒྱུ་རྐྱེན་ཚང་རུང་དངོས་སུ་དམག་འཐབ་ལ་མ་ཞུགས་པའི་ཛ་དྲག་གི་གནས་སྟངས༌ལ་གོ) གི་དུས་སུ་དམར་པོའི་རིང་ལུགས་པ་དག་ལ་ངོ་རྒོལ་མཚོན་ཆེད་དྲིལ་བསྒྲགས་ཙམ་ཞིག་ལ་བརྩི་བཞིན་འདུག) བོད་མི་བཙན་བྱོལ་བ་གཞན་དང་མ་འདྲ་བར་ཁོ་བོའི་ནང་མི་ང་དགུ་ལོའི་ལོ་མཇུག་ཙམ་བར་ས་སྐྱར་བསྡད་ཡོད་པ་དང་། ངས་འདིར་བརྗོད་དགོས་པའི་དོན་དག་གཙོ་བོ་ཞིག་ཀྱང་རྒྱ་ནག་གིས་གང་བྱས་པ་གཞིར་བཟུང་གིས་ཞིབ་མོལ་བྱ་རྒྱུ་དེ་ཡིན།
ང་ཚོས་ཆོས་ལུགས་ཀྱི་སྡུག་སྦྱོང་དང་འབྲེལ་བའི་སྒང་ལ་སྐད་ཆ་བཤད་དུས། ཚང་མའི་ཀླད་པའི་ནང་“ ན་ཛི་ ”དུས་ཀྱི་ཆོས་ལུགས་ཀྱི་གནར་གཅོད་དང་གཅིག་མཚུངས་ཀྱི་ངོས་འཛིན་བྱས་ནའང་། རྒྱ་དམག་དེ་ཚོ་ཧིཊ་ལར་(Hitler) ལས་སྡུག་རྩུབ་ཆེ་བ་དང་རྙོག་འཛིང་མང་བ་ཞིག་ཆགས་ཡོད། ལོ་དེར་བོད་མི་གསུམ་ཙམ་གིས་རང་སྲོག་བཅད་པར་གཞིགས་ན། ཁོ་ཚོ་ཕལ་ཆེ་བ་ཞིག་གི་སེམས་ནང་ “གསོན་པོ་སྡུག་བསྔལ་མྱོང་བ་ལས་མེ་མདའི་འོག་ཤི་རྒྱུ་”དགའ་འདེམས་བྱས་ཡོད། རྒྱ་ནག་གི་ལྟ་བ་བསྒྱུར་བྱེད་ཀྱི་སློབ་གསོ་དང་ཚོགས་འདུའི་གནས་འབབ་ལ་གལ་གནད་ཆེན་པོ་འཛིན་པའི་བོད་ཀྱི་ནང་བསྟན་རིག་གནས་ལ་ངོ་རྒོལ་བྱ་རྒྱུའི་ལས་འགུལ་དེར། ས་སྐྱར་ཡོད་པའི་བོད་མི་རྒན་གཞོན་དང་གཙོ་ཕལ་ཚང་མས་སྡང་འཛིན་ཤུགས་ཆེན་པོ་བྱས་ཡོད་པ་རེད།
ང་ཚོས་ཉིན་ཤས་སྔོན་ལ་བོད་མི་ཚོས་རང་གི་མགོན་སྐྱབས་ལྟ་བུ་ལྷ་རུ་བཀུར་བའི་ས་སྐྱའི་རྩ་ཆེ་བའི་བླ་མ་རྣམས། མིའི་སྐྱག་གཅིན་སོགས་ཆུ་ནང་སྲེ་སྦྱོར་བྱེད་ནས། གསར་དུ་བཟོས་པའི་ཚལ་ཤིང་རྭ་བའི་ནང་ངལ་རྩོལ་བྱེད་བཞིན་པ་མཐོང་དུས། བོད་མི་མང་པོ་ཞིག་གིས་མིག་ཆུ་གཏོང་དགོས་བྱུང་ཡོད་ལ། འདི་ནི་ཉིན་རེའི་ངལ་རྩོལ་གྱི་ཆ་ཤས་ཤིག་ཀྱང་ཆགས་ཡོད། འཐབ་རྩོད་ཀྱི་དུས་སུ།(གྲལ་རིམ་འཐབ་རྩོད་རྫུན་མ།) རྒྱ་ནག་གཞུང་གི་བལྟ་སྐྱོང་དང་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བོད་མི་ཡར་ཐོན་ཅན་ཚོས། བོད་ཀྱི་བླ་ཆེན་རྣམས་ལ་སྐྱོན་འཛུགས་བྱས་ནས། སྐབས་འགར་རྡུག་རྡེག་ཡང་གཏོང་ཡོད་པ་རེད། རྒྱ་ནག་གཞུང་གིས། ང་ཚོའི་དུས་རྒྱུན་རང་གི་དད་པ་བྱེད་སའི་ལྷ་དང་ལྷ་མོ་རྣམས་འདམ་ཀྱི་བཟོས་པའི་འདྲ་སྐུ་ཁོ་ན་ཙམ་ཡིན་པ་མང་ཚོགས་ལ་སྟོན་བྱེད། ས་སྐྱ་དགོན་པས་དམ་ལ་བཏགས་པའི་འདྲེ་མོ་འམ་དགོན་སྡེ་ཡི་སྲུང་མ་ “ས་སྐྱ་འབག་མོ།”ཡང་སྐབས་འགར་ཐོ་ཡོར་དང་ཡང་མཚམས་རེར་ཚལ་ཤིང་གི་རྭ་བའི་ནང་དུ་ངལ་རྩོལ་བྱེད་དུ་བཅུག་ཡོད།
རྒྱ་ནག་གཞུང་གིས། བོད་མི་ཚོར་ནང་ཆོས་ནི་དུག་ཡིན་པ་དང་། ང་ཚོི་དད་པ་བྱེད་སའི་དཀོན་མཆོག་རྣམས་འདམ་གྱི་བཟོས་པའི་འདྲ་སྐུ་ཙམ་དང་ཆོས་ལུགས་བླ་ཆེན་དག་ནི། བོད་ནང་གི་ཁྲག་འཇིབ་མཁན་གཏེ་བོ་ཚོ་(དོན་དུ་དམངས་ཀྱི་རྒྱུ་ནོར་ལྐོག་ཟ་བྱེད་མཁན་ལ་གོ།) ཡིན་པ་ཁྱབ་བསྒྲགས་བྱས་ནས། བོད་མི་ཚོར་ཆོས་དད་རང་དབང་སྤྲོད་རྒྱུའི་ངེས་ཤེས་དྲོང་ཡོད། འདི་ནི་ཕ་མས། སོ་སོའི་བུ་ཕྲུག་གི་སེམས་པ་ཤོར་སའི་བུ་མོ་འདི་རང་གི་དགྲ་བོ་ཡིན་པ་བརྗོད་ནས། རྗེས་སོར་དེ་དང་ཆང་ས་རྒྱག་རྒྱུ་བཀོད་མངགས་བཏང་བ་དང་གཅིག་མཚུངས་ཡིན། ནམ་རྒྱུན་ས་སྐྱ་དགོན་པར་དགེ་འདུན་པའི་ཞལ་གྲངས་ལྔ་བརྒྱ་ཙམ་ཡོད་པ་ལས་གྲྭ་བ་ ༣༦ ཙམ་ཞིག་དགོན་པར་རང་འཇགས་སྡོད་ཡོད་ཅིང་། ཁོ་ཚོ་ཕལ་ཆེ་བ་ནི། རྒྱ་ནག་གཞུང་གིས་དུས་རྒྱུན་སྐྱོན་བརྗོད་བྱེད་སའི་ལྟ་བ་མཁྲེགས་བཟུང་ཅན་དང་ལྟ་བར་བསྒྱུར་བཅོས་མེད་པའི་ཀླད་པ་ལྗང་ཁུ་ཅན་གྱི་དཔེ་མཚོན་ཆགས་ཡོད་པ་རེད། གྲྭ་བ་དེ་དག་ས་སྐྱ་དགོན་པར་བསྡད་དུས། དགོན་སྡེ་གཞན་ཆུང་བ་ ༡༠༧ ཙམ་ཞིག་སུ་གང་གི་བལྟ་སྐྱོང་མེད་པའི་འོག་རང་སོར་གནས་ཡོད། རྗེས་སོར་དགེ་འདུན་པ་རྣམས་ཆང་ས་རྒྱག་ཆོག་པར། མི་མང་གི་མདུན་སར་སྐུལ་འདེད་གཏོང་བ་དང་ཆང་ས་རྒྱག་མཁན་རྣམས་ལ་རྒྱ་གཞུང་གིས་དགའ་བསུ་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་ཡོད་པ་རེད།
མི་བུ་སྒེར་གྱི་ཆོས་དད་རང་དབང་ལ་ཆ་མཚོན་ན། དང་པོ་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོའི་ངང་བཀག་འགོག་བྱས་མེད་ནཡང་། རིམ་པས་ལྟ་གྲུབ་སྦྱོང་བརྡར་གྱུ་རིམ་པ་མཐའ་མ་དེར་སླེབས་དུས། ང་ཚོས་ཆོས་ཁས་མི་ལེན་པ་ཙམ་མ་ཡིན་པར།
ཆོས་ལ་ཞེ་མེར་ལོག་རྒྱུའི་ཚོར་བ་ཞིག་ཀྱང་བསྐྲུན་དགོས་ཀྱིན་ཡོད། བོད་པའི་སྲོལ་རྒྱུན་བཞིན། བླ་མ་གདན་དྲངས་ནས་ཁྱིམ་ཚང་གི་ལོ་མཆོད་བྱ་རྒྱུའི་སྣང་བ་དེ་ཕར་བཞག ཐེངས་ཤིག་རྒྱ་གཞུང་གི་འཛིན་སྐྱོང་ལས་བྱེད་མི་སྣས་ “་ཨ་མས་མཆོད་མེ་ཕུལ་བཞིན་པ་མཐོང་དུས། ཁོས་དོན་དག་མེད་སར་མར་འཕྲོ་བརླག་གཏོང་མི་དགོས་པའི་བཀའ་བཀྱོན་གཏོང་སོང་། ” རྗེས་སུ་ང་ཚོའི་ནང་མི་ཡི་མཆོད་ཁང་དེ། དོས་ཁང་ཁུངས་བཙན་པ་ཞིག་ཏུ་སྤོས་དགོས་བྱུང་ཡོད། དེར་བརྟེན་གལ་ཏེ་བོད་མི་སུ་ཞིག་གི་མང་ཚོགས་ཀྱི་མདུན་སར་ཆོས་བྱེད་ན་ཉེས་ཆད་གང་ཞིག་རག་གིན་ཡོད་དམ། དེ་ནི་རྒྱ་ནག་གཞུང་གིས་ཁོ་ཚོར་མེ་མདའ་མ་རྒྱག་པར། ག་ལེར་ “ལོག་སྤྱོད་པ་” ཞེས་འབོད་པ་དང་རྗེས་སོར་གསར་བརྗེ་བྱ་རྒྱུའི་བློ་མཐུན་གྱི་ཁོངས་སུ་མ་འདེམས་པར། ལོགས་འགར་དབྱེ་རྒྱུ་དེ་རེད།
དེ་ལྟར་རྒྱ་ནག་གིས། ཐད་ཀར་དང་མངོན་གསལ་དོད་པོའི་ངང་བོད་མི་ཚོའི་ཆོས་དད་རང་དབང་མ་འཕྲོག་པར། ཁོ་ཚོས་འཐབ་བྱུས་ལྡན་པའི་ངང་ནམ་རྒྱུན་ཆོས་ལ་དད་མོས་བྱ་རྒྱུའི་གཞི་རྩའི་ཆ་རྐྱེན་དེ་མེད་པ་བཟོ་རྒྱུ་བསམ་བློ་གཏོང་ཡོད། རྒྱུན་དུ་ནང་ཆོས་ལ་སྐྱོན་བརྗོད་བྱ་རྒྱུ་ནི། ལྟ་གྲུབ་སྦྱོང་བརྡར་གྱི་སྙིང་དོན་གཙོ་བ་ཞིག་དང་ཁོ་ཚོས་(རྒྱ་ནག་གཞུང་ལ་གོ།) ལྟ་གྲུབ་སྦྱོང་བརྡར་གྱི་སློབ་གསོ་སྤྲོད་རྒྱུའི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་པས་དམྱལ་ཁམས་ལ་འཇིགས་དངངས་བྱ་རྒྱུའི(བོད་མི་ཚོས་སྡིག་པ་བསགས་ན་དམྱལ་བར་ལྷུང་བའི་ལྟ་ཚུལ་དེ་ལ་གོ།) སྣང་སྲིད་རིག་པའི་(cosmology) ལྟ་ཚུལ་རྙིང་པ་དེ་ལས་ལྡོག་སྟེ། “དུས་རབས་གསར་བའི་ལྷ་ཡུལ་ཀྱི་བདེ་སྐྱིད། ”ཅེས་པའི་བསམ་བློ་གསར་པ་ཞིག་བསྐྲུན་རྒྱུ་དེ་རེད། སྔར་རྒྱ་གཞུང་གིས་སྡུག་རྩུབ་ཆེ་བའི་ཞིང་བྲན་ལམ་ལུགས་སྐོར་འགྲེལ་བརྗོད་བྱས་པ་དེ་དག་ལ་ཕྱིར་འདང་རེ་རྒྱབ་དུས། སྔོན་མའི་ཆོས་ལུགས་ཀྱི་རྣམ་བཞག་སྨྲ་བ་ཚོས་བོད་པ་རྣམས་དང་གཅིག་མཚུངས་ཀྱི་དམྱལ་ཁམས་ཀྱི་སྡུག་བསྔལ་དང་འབྲེལ་བའི་སྐོར་གསུངས་ཡོད་པ་ད་ལྟ་དྲན་སྐུལ་བྱས་སོང་། མདོར་བསྡུས་ན་དུས་ཚོད་དེར་ང་ཚོས་ནམ་ཡང་རྒྱ་ནག་གི་སྲིད་གཞུང་ལ་དགའ་ཞེན་དང་ལྟ་ཚུལ་རྙིང་པ་རྣམས་ལ་སྡང་འཛིན་བྱས་དགོས་པ་ཆགས་ཡོད།
ཕྱི་ལོ་ ༡༩༥༩ ལོར་ཉིན་རེའི་བྱེད་སྒོའི་ཚུལ་དུ་ཚོགས་འདུ་ཐེངས་གཉིས་ཙམ་འཚོགས་དགོས་ཀྱིན་ཡོད། འདི་ནི་ཉིན་གུང་ཁ་ལག་ཟས་ཚར་བའི་རྗེས་རུ་ཁག་ནང་ཁུལ་བར་གྲོས་བསྡུར་བྱ་རྒྱུ་དང་། ཡང་དགོང་དྲོར་ངལ་རྩོལ་བྱས་ཚར་བའི་རྗེས་གྲོང་སྡེ་རིམ་པའི་ཚོགས་འདུ་རྒྱས་པ་(མང་ཚོགས་རྒྱས་འཛོམས་ཡང་ཟེར།) ཞིག་འཚོགས་དགོས་ཀྱིན་ཡོད། དེ་རྗེས་བདུན་ཕྲག་གཅིག་ནང་ཁུལ་དུ་རྫོང་རིམ་པའི་མང་ཚོགས་རྒྱས་འཛོམས་ཤིག་ཀྱང་འཚོགས་ཀྱིན་ཡོད། སྐབས་དེར་ཚོགས་འདུར་སླེབས་པ་ཙམ་མ་ཡིན་པར། དུས་རྒྱུན་བོད་མི་ཚོས་བཤད་པའི་སྙིང་དང་ཀླད་པ་གཉིས་གཙུབ་བརྡར་བྱེད་སའི་ལས་འགུལ་་དེར་ཚ་ཚ་འུར་འུར་གྱིས་འཛུལ་ཞུགས་བྱ་དགོས། དེ་ལྟར་རིམ་པས་བདུན་ཕྲག་གཅིག་ནང་ཚུད་ཀྱི་རྫོམ་རིམ་པའི་ཚོགས་འདུ་སླེབས་དུས། ང་ཚོ་ཚང་མ་གྲལ་རིམ་འཐབ་རྩོད་མྱོང་དགོས་ཀྱིན་ཡོད། མར་ཁེ་སེའི་གཞུང་ལུགས་ཀྱི་ལྟ་བ་གཞི་བཟུང་བྱས་ན། བོད་པའི་ཞིང་པ་རྣམས་ཧ་ཅང་རྗེས་ལུས་(འདིེར་གསར་བརྗེ་བྱ་རྒྱུའི་ཁྱད་ཆོས་ཚང་ཡོད་མེད་ལ་བརྟེན་ནས་རྗེས་ལུས་ཞེས་ཐོགས།)ཡིན་པས་རྒྱ་རིགས་བློ་མཐུན་ཚོས་གྲལ་རིམ་འཐབ་རྩོད་རྫུན་མ་ཞིག་བཟོ་དགོས་བྱུང་བ་དང་སྐབས་དེར། མང་ཚོགས་ཀྱི་མདུན་སར་རྒྱ་དམག་གིས་ཆབ་སྲིད་བཙོན་པ་རྣམས་ཁྲིད་ཡོང་བ་དང་བོད་མི་ཡར་ཐོན་ཅན་ཚོས་(རྒྱ་ནག་གཞུང་གི་སློབ་གསོའི་ཤུགས་རྐྱེན་སྤྲོད་པའི་བོད་མི།) གཅིག་རྗེས་གཉིས་མཐུད་ཀྱི་ཡར་ལངས་ནས་སྐད་ཤུགས་ཆེན་པོའི་ཁོ་ཚོའི་ནག་ཉེས་དག་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་གྲ་སྒྲིག་འོག་འཁྲབ་སྟོན་བྱས་པའི་གྲལ་རིམ་འཐབ་རྩོད་རྫུན་མ་འདིའི་ཤུགས་རྐྱེན། སྒྱུ་རྩལ་གྱི་དབེན་པའི་གཏམ་བརྗོད་ཐེབས་ཆག་ཅིག་གི་ངོ་བོ་དང་ཁྱད་མེད་པ་ཆགས་ཡོད།
མའོ་ཡིས་ “གྲལ་རིམ་འཐབ་རྩོད་ལ་མཚམས་འཇོག་རྒྱུ་མེད་པ་དང་འདི་ནི་གྲལ་རིམ་མེད་པ་ཆགས་དུས་རང་བཞིན་གྱིས་མཇུག་བསྒྲིལ་བར་”སྡོམ་ཚིག་བཀོད་ན་ཡང་། ང་ཚོའི་འཐབ་རྩོད་ནི་འགོ་བཙུགས་མ་ཐག་ཡིན། གལ་ཏེ་རྒྱ་ནག་གིས། སྐུ་དྲག་སུ་ཞིག་དཔའ་མི་ཞུམ་པ་དང་གསར་བརྗེ་ཡི་དགོངས་དོན་དང་འགལ་བའི་ལས་འགུལ་སྤེལ་བར་མཐོང་ན། ང་ཚོས་ལུག་བཤས་དུས་ཤན་པ་སྐད་གཏོང་བ་ནང་བཞིན། རྒྱ་ནག་གཞུང་གིས་འཐབ་རྩོད་མྱང་རྒྱུ་ཆེད་སྐུ་དྲག་རྣམས་སྐད་བཏང་གིན་ཡོད།
རིམ་པས་ལྷ་ས་རྒྱ་ནག་གིས་བཙན་འཛུལ་བྱས་ཚར་བའི་རྗེས། དུས་རྒྱུན་གྱི་ང་ཚོའི་འཚོ་བའི་བརྒྱུད་རིམ་ནང་བྱ་བ་གཉིས་ཙམ་གཏན་འཁེལ་བྱས་ཟིན་པ་ལྟ་བུ་ཆགས་སོང་། འདི་ནི་ལྟ་གྲུབ་སྦྱོང་བརྡར་དང་ངལ་རྩོལ་དྲག་པོ་བྱ་རྒྱུ་དེ་རེད། རུ་ཁག་སོ་སོའི་འགན་འཛིན་རྣམས་གྱིས། རང་ཁོངས་ཀྱི་རུ་མི་རྣམས་ནད་པ་དང་དབང་པོ་སྐྱོན་ཅན་ཡིན་མིན། ད་དུང་ལོ་ཆེ་ཆུང་གང་ཞིག་ཡིན་མིན་སོགས་ལ་རྟོག་ཞིབ་ཡག་པོ་བྱེད་ནས། མི་མང་གི་ཚོགས་འདུ་ཕུད་པའི་གཞན་བདུན་ཕྲག་གཅིག་ནང་ངལ་རྩོལ་ཤུགས་ཆེན་པོ་བྱེད་དགོས་ཀྱིན་ཡོད། སྐབས་དེར་རྒྱ་ནག་གཞུང་གི་སྲུང་དམག་སུ་གང་གི་ཡང་བོད་པ་ཚོར་ངལ་རྩོལ་བྱེད་དུས། གནོན་ཤུགས་དྲག་པོ་སྤྲད་མེད་པ་དངོས་འབྲེལ་ཡིན་ན་ཡང་། ཁོ་ཚོས་བོད་མི་ཚོས་ཀླད་པའི་ནང་སྔ་ས་ནས་ལྟ་བ་བསྒྱུར་བྱེད་ཀྱི་སློབ་གསོའི་ཤུགས་རྐྱེན་སྤྲད་ཡོད། རྒྱ་ནག་གི་འཐབ་བྱུས་ལྡན་པའི་སྲིད་བྱུས་དེ་རིགས་ལན་ཊོན་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་(London School of Economics) གི་དགེ་རྒན་ལྟ་བུ་ཡིས་གླེང་མོལ་བྱ་རྒྱུར་སྟབས་བདེ་བོ་ཡིན་ན་ཡང་། (མཁས་དབང་ཚོས་རྒྱ་ནག་གི་འཐབ་བྱུས་དང་ལྟ་བར་ཞིབ་འཇུག་བྱས་པ་ལས་དེའི་ཤུགས་རྐྱེན་དང་ལག་ལེན་སོགས་ལ་དོ་སྣང་མ་སྤྲད་པར་གོ་དགོས་སྙམ།) ལྟ་བ་དེ་དག་ལག་ལེན་བསྟར་སའི་མི་རྣམས་ལ་མཚོན་ན་གནས་ཚུལ་གཞན་ཞིག་ཆགས་བསྡད་ཡོད། དཔེ་ཆ་བཞག་ན། ང་ཚོ་ལམ་བཟོའི་འཛུགས་སྐྲུན་ཁྲོད་དུ་ལས་ཀ་བྱས་དུས། རུ་ཁག་སོ་སོར་ཉིན་རེའི་བྱེད་སྒོ་འགའ་ཞིག་བཀོད་མངགས་གཏོང་ཡོད་པ་དང་། སྲུང་དམག་ཚོའི་ལས་འགན་ནི། བོད་མི་སུ་ཞིག་གི་ཁོ་ཚོའི་དམིགས་ཡུལ་ལས་རྒྱལ་ཐུབ་པར་རྟོག་ཞིབ་བྱ་རྒྱུ་དེ་རེད། དེར་བརྟེན་ཉིན་གཅིག་གི་ངལ་རྩོལ་གྲུབ་མཚམས་སུ། རྒྱ་རིགས་དབུ་འཛིན་དང་དེའི་འཛིན་སྐྱོང་ལས་བྱེད། ད་དུང་ས་སྐྱའི་རྫོང་རིམ་པའི་མགོ་དཔོན་རྣམས་ཀྱིས། རུ་ཁག་སོ་སོའི་ལག་ལེན་དང་ནུས་པ་གཞི་བཟུང་གིས་གྲུབ་འབྲས་ཁྱབ་བསྒྲགས་བྱ་རྒྱུ་དེ་རེད། དམིགས་བསལ་གྱི་མི་མང་ཚོགས་འདུ་སྐབས་སུ། བོད་རིགས་གཞོན་སྐྱེས་ཉི་མ་བཀྲ་ཤིས་ཞེས་པ་དེར་རྒྱ་ནག་གཞུང་གིས། རྒྱལ་ཞེན་ཅན་དང་ཧུར་བརྩོན་ཆེ་ཤོས་ཀྱི་ངལ་རྩོལ་བར་བདམས་ཐོན་བྱུས་ནས། མེ་ཤུགས་འཕུར་མདའ་ཡི་རི་མོ་ཡོད་པའི་པར་ཞིག་སྤྲད་པ་དང་། གཞན་དགུང་ལོ་འབྲིང་ཙམ་ལོན་པའི་བུད་མེད་ཀྱི་མིང་ལ་བསོད་ནམས་སྒྲོལ་མ་ཞེས་པ་ཁོང་རྒྱལ་ཞེན་མེད་པ་དང་སྒྱིད་ལུག་ངན་ཤོས་ཀྱི་ངལ་རྩོལ་བའི་ཁོངས་སུ་ཚུད་ནས་མོའི་ཐོད་པར་ཕག་པའི་རི་མོ་ཞིག་བྲིས་སོང་།
ངལ་རྩོལ་གྱི་འགྲན་བསྡུར་འདི། མི་སྒེར་ནང་ཁུལ་ཙམ་མ་ཡིན་པར་རུ་ཁུག་སོ་སོའི་བར་ལ་ཡང་ཡོད་པ་རེད། དུས་རྒྱུན་དང་མཚུངས་པར་ཕྱི་ལོ་ ༡༩༥༩ ལོའི་འབྲུ་རིགས་ཀྱི་ཐོན་སྐྱེད་སྔར་ལས་གཡུར་དུ་ཟ་བར་སྨིན་ནས་ལོ་རྒྱུས་ཀྱི་ཟོན་ཐོ་གསར་པ་ཞིག་བྲིས་པ་དང་། གནས་ཚུལ་འདི་ཡིས་ངལ་རྩོལ་དང་འབྲེལ་ལམ་གཉིས་ལྡན་ན། གྲུབ་འབྲས་ཡག་པོ་སྨིན་ཐུབ་པར་ར་སྤྲོད་བྱས་སོང་། སྐབས་དེར་ཞིང་པ་རྣམས་ཀྱིས་འབྲུ་རིགས་བསྡུས་ཚར་ནས་སོ་སོའི་ནང་ལ་འཁྱེར་རྒྱུའི་གྲ་སྒྲིག་བྱེད་དུས། རྒྱ་དམག་གི་དམིགས་བསལ་ཚོ་ཁག་དང་བོད་མི་ཡར་ཐོན་ཅན་ཚོས་ཁྱིམ་སོ་སོའི་འབྲུ་རིགས་རྣམས་རྒྱ་མར་ལྗིད་ཚད་བཀྱག་འགོ་བརྩུགས་སོང་། འབྲུ་རིགས་གང་ཙམ་ཞིག་ལོ་རེའི་སོན་དང་ཁྲལ་གྱི་ཆེད་དུ་ཟུར་འཇོག་བྱས་ཚར་བའི་རྗེས། བོད་རིགས་ཞིང་པ་རྣམས་ལ་སོ་སོའི་ལོ་རེའི་ཐོབ་ཆ་གཞི་བཟུང་གིས། མི་སྒེར་སོ་སོ་ལ་ཟླ་རེར་པོནྚ་( Pounds དབྱིན་ཡུལ་སོགས་ཀྱི་ལྗིད་ཚད་རྒྱ་མ་གང་ལ་གོ།) ༢༢ ཙམ་རག་ཡོད། གཞན་ལྷག་མ་རྣམས་ལ་ཁོ་ཚོས་“Surplus”( མར་ཁེ་སེ་གཞུང་ལུགས་ཁྲོད་དུ་བཟོ་ལས་ཐོན་སྐྱེད་ཀྱི་མ་རྩའི་ཚད་གཞི་ལོངས་ནས་ཁེ་བཟང་ཐོབ་པའི་དངུལ་བབས་ལྷག་མ་རྣམས་ལ་གོ།) ཞེས་འབོད་ནས་རྒྱ་ནག་གཞུང་ལ་བཙོང་བ་དང་། དངུལ་དེ་དག་སུ་གང་གི་མཐོང་རྒྱུ་མེད་པའི་མི་མང་གི་དངུལ་ཁང་(People’s Bank) ཞེས་པ་འདི་ནང་གསོག་འཇོག་བྱ་རྒྱུ་དེ་རེད། བྱེད་སྟངས་དེར་ང་ཚོ་ཧོན་ཐོར་དགོས་པ་ཞིག་ཆགས་སོང་ལ། འདིའི་རྒྱུ་མཚན་ནི་འདི་སྔོན་ང་ཚོ་ཡུལ་མི་སུ་གི་ཡང་ “ཐོབ་འབབ་ཚད་གཞི། Rationing ” ཟེར་བའི་ཐ་སྙད་དེ་གོ་མྱོང་མེད།
དེར་བརྟེན། ཕྱི་ལོ་ ༡༩༥༩ ལོ་འདི་རྒྱུན་ལྡན་དང་མ་འདྲ་བའི་དཀའ་སྡུག་མང་བའི་དུས་ཚོད་ཞིག་ཡིན་ནམ་ཡང་ན་འཕོ་འགྱུར་གྱི་ལོ་ཟླ་ཞིག་ཡིན་ནམ། འདི་ནི་ཡིན་སྲིད་དེ། བོད་མི་རྣམས་སྔོན་བཅིངས་གྲོལ་མ་བྱས་པའི་ལོ་དང་མི་མཚུངས་པར་ད་ལྟ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། ནུབ་ཕྱོགས་ཀྱི་ཡུལ་མི་ཚོས། “བདེ་སྐྱིད་ཀྱི་འཚོ་བ་” ཞེས་བརྗོད་དུས་ཁོ་ཚོས་ཐོན་སྐྱེད་དངོས་པོ་དང་ཟད་གྲོན་(Production and consumption)[4] མང་ཉུང་གི་ཚད་གཞི་ལ་གཞིགས་ནས་ཐག་གཅོད་བྱས་ཡོད་པ་དང་། བོད་ནང་ལོགས་ལ་ད་ལྟ་ཐོན་སྐྱེད་ཀྱི་ཆ་ནས་བཤད་ན། ཡར་རྒྱས་ཆེན་པོ་ཕྱིན་ཡོད་ན་ཡང་། དེ་མི་མང་ལ་བེད་སྤྱོད་བྱ་རྒྱུར་གང་ཙམ་ཞིག་ཐོབ་པ་དོགས་ཟོན་བྱེད་དགོས་པ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༧༤ ལོའི་ཟླ་བ་བཅུ་པ་ཙམ་ལ། ངའི་ཕ་ཡུལ་ས་སྐྱ་ནས་ཉིན་ལམ་ལྔ་དྲུག་གི་བར་ཐག་ཡོད་པའི་བོད་ནུབ་ཕྱོགས་ཁུལ་གྱི་བོད་མི་སྐྱབས་བཅོལ་བ་སྐོར་ཞིག་ཐུག་སོང་། ཁོ་ཚོའི་བརྗོད་གསལ་ལ། “ ཟླ་རེར་མི་སྒེར་སོ་སོའི་ཆ་སྙོམས་ཀྱི་ཚད་གཞི་ཐོབ་ཆ་ནི་ད་དུང་ཡང་པོནྚ་ ༢༢ ཙམ་ལས་རེད་མི་འདུག ”
[1] བསྒྱུར་མཆན། ༧རྒྱལ་བ་རིན་པོ་ཆེ་ཡིས་བརྩམས་པའི་མཛད་རྣམ། “ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།”ཞེས་པའི་ལེའུ་ལྔ་པ་བཙན་འཛུལ་ཞེས་པའི་ནང་དུ་ “ང་ཚོའི་འགོ་དམག་ཡོངས་རྫོགས་བསྡོམས་ན་བརྒྱད་སྟོང་ལྔ་བརྒྱ་ཙམ་ལས་མེད། མེ་མདའ་རིང་མདའ་ནི་ཚང་མར་ལྡེང་ལྷག་ཙམ་ཡོད། མོ་ཀྲར་ཆེ་ཆུང་ ༢༥༠། མི་ཤིན་གྷན་དང་། འཁོར་ལོ་ཅན་སོགས་ ༢༠༠ སྐོར། རིགས་མི་འདྲ་བ་གཞན་དག་ལྔ་བཅུ་སྐོར་བྱས་པ་འགའ་ཤས་ཡོད།”ཅེས་འཁོད་ཡོད།
[2] ཉེ་སྔོན་ངས་ཤེས་གསལ་ལ། རྒྱ་དམག་དེ་དག་ཕལ་ཆེ་བ་ཞིག་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་དོན་གྱི་འཐབ་བྱུས་དང་སྤྱི་ལོ་ ༡༩༥༠ ལོ་ནས་བཟུང་བོད་ནང་ཛ་དྲག་གི་གནས་སྟངས་རྐྱེན་པས། ཁོ་ཚོ་དམར་སྲུང་དམག་མི་ནས་དམིགས་བསལ་གྱི་འདེམས་སྒྲུག་བྱས་ཡོད།
[3] ཏྭ་ཡང་ནི། ལྗིད་ཚད་ལ་གྷ་རམ་ ༢༥ ཡོད་པའི་དངུལ་ཀྲམ་ཞིག་དང་སྔར་གོ་མིན་སྲིད་གཞུང་དང་དམག་དཔོན་རྣམས་ཀྱིས་བགོ་འགྲེམས་བྱེད་ཀྱིན་ཡོད། སྤྱི་ལོ་ ༡༩༤༩ ལོར་རྒྱ་དམག་གི་སྟོབས་ཤུགས་འཕེལ་འགོ་བརྩམས་པའི་ལོ་དེར། རྒྱལ་ནང་བེད་སྤྱོད་མ་བྱས་པར་བོད་ནང་ཕོན་ཆེན་བྱས་ཡོད།
[4] མར་ཁེ་སེའི་གཞུང་ལུགས་ཀྱི་ནང་དུ་(Production) ཞེས་པ་ནི་བཟོ་གྲྭའི་ནང་ཐོན་སྐྱེད་དངོས་པོ་བཟོ་སྐྲུན་བྱ་རྒྱུའི་བརྒྱུད་རིམ་ཞིག་ལ་ཟེར། སྐབས་འགར་ཐོན་སྐྱེད་དངོས་པོ་ཡང་ཟེར། (Consumption) ཞེས་པ་ནི་ཐོན་སྐྱེད་དངོས་པོ་གང་ཞིག་བེད་སྤྱོད་པ་འམ་ཡང་ན་ལོངས་སུ་སྤྱོད་ལ་གོ་དགོས།
བསྒྱུར་མཆན།
དཔྱད་རྩོམ་འདི། མཁས་དབང་ཟླ་བ་ནོར་བུས་ཕྱི་ལོ་ ༡༩༧༥ ཟླ་ ༥ ཚེས་ ༧ ཉིན་རོ་ཡལ་ཚོགས་པའི་(Royal society) མགྲོན་འབོད་ལྟར་སྒྲོག་སྦྱོང་བྱས་འདུག་པ་དང་། རྗེས་སུ་ཨེ་ཤེ་ཡའི་འབྲེལ་དོན་(Asain affairs)ཞེས་པའི་དུས་དེབ་སྐད་གྲགས་ཅན་དེའི་སྟེང་དུའང་བཀོད་འདུག དཔྱད་རྩོམ་འདིའི་ནང་མཁས་དབང་ཁོང་གིས། རང་ཉིད་གྱི་སྐྱེས་ཡུལ་ས་སྐྱར་གཙོར་བཟུང་ནས་བོད་ནང་རྒྱ་ནག་གི་བཙན་འཛུལ་བསླེབས་དུས་ཀྱི་རྣམ་པ་དང་སྲིད་བྱུས། ད་དུང་བོད་མི་མང་རྣམས་ཀྱིས་རྒྱ་ནག་གི་ཞི་བའི་བཅིངས་འགྲོལ་དུ་འབོད་པའི་ལས་འགུལ་ལ་རྣམ་འགྱུར་གང་འདྲ་ཞིག་བསྟན་ཡོད་པ་རྣམས་གསལ་སྟོན་བྱས་ཏེ། མཐོ་རིམ་སྐུ་དྲག་ཚོས་གནས་ཚུལ་གསར་པ་མང་པོ་ཞིག་ལ་གདོང་ལེན་བྱས་མ་ཐུབ་པའི་དངོས་ཡོད་གནས་སྟངས་དག་གླེང་འདུག
མ་རྩོམ་གྱི་འབྲེལ་ཐག http://www.tandfonline.com/doi/abs/10.1080/03068377508729765?journalCode=raaf20