སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་འོས་མིའི་གཏམ་བཤད་ཐོག་བོད་ཀྱི་ཛ་དྲག་གི་དུས་སྐབས་འདིར་སྲིད་སྐྱོང་གསར་པ་ཞིག་བསླེབ་སྟེ་རིག་པ་གསར་པའི་ལས་འཆར་གསར་པ་ཞིག་དགོས་སྐོར་བརྗོད་སོང་།
ཁ་སང་ཕྱི་དྲོའི་ཆུ་ཚོད་༥།༣༠ སྟེང་མེག་གྷན་སྤྲོ་ཚོཊ་ཁང་(Club House)གི་ཚོགས་ཁང་དུ། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱི་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་མང་ཚོགས་ལ་འོས་མིའི་གཏམ་བཤད་ཐོག་མ་དེ་གནང་སོང་བ་དང་། སྐབས་དེར་གཏམ་བཤད་ཟུར་ཉན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཁག་ཅིག་དང་དྷ་ས་ཁུལ་གྱི་མང་ཚོགས་སོགས་མི་གྲངས ༣༠༠ ཙམ་འཛོམས་འདུག
གཏམ་བཤད་ཀྱི་ཐོག་མར་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་པས་བཀྲ་ཤིས་དབང་འདུས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་སྒྲོག་སྦྱངས་བྱས་རྗེས། སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཁོང་སྲིད་སྐྱོང་འོས་མིར་ལངས་པའི་དགོས་དམིགས་སྐོར་ལ་གཏམ་བཤད་གནང་དོན། ༧གོང་ས་མཆོག་གིས་བོད་པ་ཚོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སུ་ལའང་མེད་པའི་དམངས་གཙོ་ཡང་དག་པ་ཞིག་གནང་ཡོད་པ་དེར། ཕྱི་ལོ ༢༠༡༠ དང་ ༢༠༡༡ གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་མི་ཚ་ཚ་འུར་འུར་སྒང་ཕྱིན་པ་རེད། སྐབས་དེའི་བཀའ་བློན་ཁྲི་པའི་འོས་བསྡུ་ལ་ལོ་གཉིས་ཙམ་གྱི་སྔོན་ནས་འོས་མི་ལངས་མཁན་མང་པོ་བྱུང་ནས་ཁོ་ཚོས་ལས་འཆར་མང་པོ་ཞིག་བཏོན་ཡོད་པ་རེད། དེ་བཞིན་དུ་མི་མང་གི་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད་ལ་འགན་ཡང་ཁུར་ཡོད་པ་རེད། ཡིན་ན་ཡང་། ལོ་ ༥ ཡི་རྗེས་ནས་འོས་བསྡུ་རེ་རེ་སླེབ་ཡོང་གིན་ཡོད་དུས། ད་ལོ་ཕྱི་ཟླ་ ༤ པའི་ནང་ཚོགས་པ་ཁག་གཅིག་གིས་འོས་བསྡུའི་ལས་འགུལ་ཁ་ཤས་སྤེལ་མགོ་བཙུགས་ཀྱང་སྤྱི་ཚོགས་ནང་གི་མི་མང་ཚོས་ད་དུང་ལྷོད་གཡེང་བྱས་ནས་བསྡད་འདུག སྐབས་དེར་ང་དྷ་རམ་ས་ལར་ཡོད། དེ་ནས་ང་ཚོའི་སྤྱི་ཚོགས་ནང་ལ་འགན་དང་སེམས་ཁུར་བྱེད་མཁན་གྱི་མི་སྣ་ཁག་ཅིག་གིས་སྲིད་སྐྱོང་གི་འོས་མི་ལངས་མཁན་མི་འདུག མི་མང་གིས་འོས་ཤོག་བླུགས་ན་ང་ལངས་ཀྱི་ཡིན་ཟེར་མཁན་མ་གཏོགས་དམངས་གཙོའི་འགྲོ་ལུགས་ཐོག་ནས་ང་སྲིད་སྐྱོང་བྱ་ཐུབ་ཀྱི་ཡོད་ཟེར་ནས་ལངས་མཁན་མི་འདུག་ཟེར། སྐབས་དེར་ང་ལ་སྐད་ཆ་འདྲི་ཡི་འདུག དེ་ནས་ངས་ཁོ་ཚོར་ལོ་གཞོན་པ་ཚོས་འགན་ཁུར་དགོས་ཡོད་པ་རེད། སྤྱིར་བཏང་བྱ་ཐུབ་རྒྱུ་མ་རེད་བསམ་གྱི་མི་འདུག དམངས་གཙོའི་འགྲོ་ལུགས་ལྟར་ལངས་དགོས་པ་རེད་མ་གཏོགས། མར་བསྡད་ནས་ང་ལངས་ཀྱི་ཡིན་ཟེར་ན་འགྲིག་གི་མ་རེད། ངས་བྱེད་འདོད་ཡོད་ཅེས་ང་ལངས་པ་ཡིན། ཞེས་བརྗོད་སོང་།
ཁོང་གིས་མུ་མཐུད་དུ། ཐོག་མར་གསར་འགོད་གསལ་བསྒྲགས་སྐབས་ང་དོན་ཚན་གསུམ་གྱི་ཐོག་ལ་ལང་གི་ཡོད་ཅེས་ལབ་པ་ཡིན། དོན་ཚན་དང་པོ་དེ་༧སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་འགན་ཁུར་བའི་ཐོག་ནས་༧་གོང་ས་མཆོག་གི་དགོངས་གཞི་ལྟར་བོད་དོན་བདེན་མཐའ་སེལ་ཐབས་ལ་གལ་སྲིད་ས་མིག་ཅིག་བྱུང་ན་སྐལ་པ་བཟང་པོ་ཡིན་བསམ་གི་འདུག དོན་ཚན་གཉིས་པ་དེ། བོད་པའི་སྤྱི་ཚོགས་ནང་སེམས་ཁུར་བྱེད་མཁན་ཁག་ཅིག་གིས་སྲིད་སྐྱོང་གི་འགན་ཁུར་དགོས་ཀྱི་འདུག་ཅེས་ནས་རེ་འདུན་བཏོན་པ་དང་། ང་རང་གིས་ལོ་ ༢༠ ལ་ལས་ཀ་བྱས་པ་དང་དེ་ཡང་ཕྱི་འབྲེལ་དང་གཞི་ཆགས་ཁག་གི་ས་གནས་མགོ་འཛིན་ནམ་འཛིན་སྐྱོང་བྱས་པ། བར་ལམ་ཞིག་ནས་སྤྱི་མཐུན་མཉམ་འབྲེལ་ཚོང་གི་སྡེ་ཚན་ཁག་མང་པོ་ཞིག་ལ་ཉམས་མྱོང་ཡོད་པར་བརྟེན། སྲིད་སྐྱོང་ལ་ལངས་རྒྱུའི་སྤོབས་པ་དང་གདེང་ཚོད་ཡོད་པའི་ཐོག་ནས་ལང་གི་ཡོད། དོན་ཚན་གསུམ་པ་དེ། ང་ཚོ་སྐྱབས་བཅོལ་དུ་བསླེབས་དགོས་པ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་བྱུང་ནས་ཡོང་ཡོད་པ་རེད། ང་ཚོའི་ལས་འགུལ་གཙོ་བོ་བསྒྲུབ་དགོས་པ་བོད་དོན་བདེན་མཐའ་སེལ་ཐབས་དེ་རེད། དེ་བསྒྲུབ་པའི་ཐབས་ལམ་གྲོས་མོལ་གྱི་ཐོག་ནས་བསྒྲུབ་རྒྱུ་ཡིན། གྲོས་མོལ་སླར་གསོ་བྱ་དགོས་ཀྱི་འདུག གྲོས་མོལ་བྱ་མཁན་དེ་བོད་མིའི་སྒྲིག་འཛུགས་ཆགས་ཡོད་པ་དང་བོད་མིའི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཐུབ་དགོས་པ་ཞིག་བཟོ་དགོས་ཀྱི་འདུག བོད་མིའི་སྒྲིག་འཛུགས་རྒྱུན་གནས་བཟོ་རྒྱུར་གཞི་ཆགས་སྲ་བརྟན་དགོས་ཀྱི་འདུག བོད་དོན་བདེན་མཐའ་སེལ་ཐབས་རྒྱུན་གནས་ཐུབ་པར་གཞོན་སྐྱེས་ལ་ཤེས་ཡོན་དང་མི་མང་ལ་དཔལ་འབྱོར་དགོས་ཀྱི་འདུག དེའི་དོན་ལ་ངས་དབྱིན་ཇིའི་ཚིག་ཅིག་ཚུར་བླངས་པ་ཡིན། “SEEN” ཟེར་བ་དེ་རེད། “Sustainability/ Education/ Economy/ Negotiation” (རྒྱུན་གནས། ཤེས་ཡོན། དཔལ་འབྱོར། གྲོས་མོལ།) བོད་དོན་བདེན་མཐའ་སེལ་ཐབས་ལ་མཐོང་ཐུབ་དགོས་པའི་དོན་གནད་བཞི་ཡོད་པ་རེད། མཐོང་ཞེས་པ་དེར་ “Seen” ལབ་པ་དེ་རེད། དེའི་སྟེང་ཤུགས་རྒྱག་དགོས་འདུག ཅེས་སོགས་བརྗོད་སོང་།
ཡང་ཁོང་གིས་རྒྱུན་གནས་དང་ཤེས་ཡོན། དཔལ་འབྱོར། གྲོས་མོལ་གྱི་ལས་གཞིའི་སྐོར་ལ་རིམ་པས་ཡིག་ཐོག་ལ་མར་འགྲེམ་གྱི་ཡིན་པ་མ་ཟད། ཁྱེད་རང་ཚོར་མཐོང་རྒྱུ་ཡོད་པ་ཞིག་འགྲེམ་རྒྱུ་ཡིན། དེ་སྐད་འཕྲིན་གྱི་ཚོགས་པ་དང་ཡཱོ་ཊོབ་ (You Tube) བརྒྱུད་ནས་སྐར་མ་གཉིས་གཉིས་ནང་ལ་ཀློག་རྒྱུ་དང་ཉན་རྒྱུ། ལྟ་རྒྱུ་ཡོད་པ་ཞིག་འགྲེམ་གྱི་ཡིན། ད་ལྟའི་ལས་གཞི་དེ་ཕྱི་ཟླ་ ༦ པའི་ནང་ལ་ངའི་འདས་པའི་ལོ་རྒྱུས་དང་ཉམས་མྱོང་། གྲུབ་འབྲས་སྐོར་ལ་ངས་བཀྲམ་ཚར་བ་ཡིན། ཡང་བསྐྱར་ཟླ་བ་གཅིག་གི་ནང་ལ་མ་འོངས་ལས་འཆར་ “མཐོང་” ཞེས་པ་དེ་ཡིག་ཐོག་ལ་ངོ་དེབ་དང་སྐད་འཕྲིན་བརྒྱུད་ནས་གཏོང་ཡོང་གི་རེད། དེ་ནས་ཕྱི་ཟླ་ ༩ བའི་ནང་ལ་ཡཱོ་ཊོབ་བརྒྱུད་ནས་གཏོང་ཡོང་གི་ཡིན། ཡིན་ན་ཡང་། ད་འདི་ནས་རྡོག་རྡོག་ཅིག་ཞུས་པ་ཡིན་ན། གྲོས་མོལ་སླར་གསོ་བྱ་རྒྱུ་དེ་ངས་གལ་ཆེ་ཤོས་ཤིག་རྩི་བཞིན་ཡོད། དེ་བཞིན། ༸རྒྱལ་བ་རིན་པོ་ཆེའི་སྐུའི་སྲུང་བྱ་དེ་གལ་ཆེན་པོ་ཞེ་བོ་རྩི་བཞིན་ཡོད། དེའི་ཐོག་ལ་དམིགས་བསལ་གྱི་དོ་སྣང་བྱ་རྒྱུ་ཡིན། འདས་པའི་ལོ་རྒྱུས་ཀྱི་ལེགས་བཤད་ནང་ལ་ཛ་དྲག་གི་གནས་སྟངས་ཁ་ཤས་བྱུང་སོང་བཱ། ཨ་རིའི་སན་ཧྥན་སུའི་སི་ཁོ་ (San Francisco) ནང་དང་ད་ལྟ་སྐད་འབོད་རྒྱག་བཞིན་ཡོད་པ་དེ་ཚོའི་རིགས་མ་ཡོང་ཐབས་ཀྱི་སྔོན་འགག་གྲ་སྒྲིག་ཨང་གསར་བྱ་དགོས་ཡོད། ཅེས་སོགས་བརྗོད་སོང་།
ཁོང་གིས་རྒྱུན་གནས་སྐོར་ལ་བརྗོད་དོན། དང་པོ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་རྒྱུ་གལ་ཆེན་པོ་ཞིག་མཐོང་གིན་ཡོད། གང་ཡིན་ཞེ་ན། བཀའ་ཤག་གོང་མ་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་ལ། སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་སྒྲིག་གཞི་མང་པོ་ཞིག་བཟོས་ཡོད་པ་རེད། སྲིད་ཇུས་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་རེད། སྒྲིག་གཞི་དང་སྲིད་ཇུས་ཟེར་བ་དེ་ཐེངས་གཅིག་གཏན་འབེབས་བྱས་ནས་སྒྱུར་བཅོས་གཏོང་མི་ཆོག་པ་མ་རེད། སྐབས་དང་དུས་ལ་བབ་པའི་འགྱུར་བ་དང་གསར་གཏོད་བྱེད་ནས་འགྲོ་དགོས་ཡོད་པ་རེད། སྲིད་ཇུས་གསར་བ་གཏན་འབེབས་བྱ་དགོས་ཡོད་པ་རེད། སྒྲིག་གཞི་དེའང་སྒྱུར་བཅོས་གཏོང་དགོས་ཡོད་པ་རེད། ཡིན་ན་ཡང་། འདས་པའི་ལོ་བཞིའི་ནང་ལ་འདིའི་རིགས་བྱུང་མ་སོང་ཟེར་ན་ཕལ་ཆེར་ངས་རྫུན་བཤད་པ་ཡིན་རྒྱུ་རེད། དམིགས་བསལ་དེ་འདྲ་རིགས་མཐོང་རྒྱུ་དང་ཐོས་རྒྱུ་གང་ཡང་མི་འདུག དེ་བཞིན་དུ་སྒྲིག་གཞི་བསྐྱར་བཅོས་བྱས་མེད་སྟབས་ས་ཁོངས་སྒྲིག་གཞིའི་སྟེང་བོད་མིའི་ནང་ལ་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག བོད་མིའི་སྒྲིག་འཛུགས་གནས་བ་ལ་གཞི་ཆགས་གནས་དགོས་ཡོད་པ་དང་། གལ་སྲིད་གཞི་ཆགས་གནས་མེད་ན་བོད་མིའི་སྒྲིག་འཛུགས་ཀྱང་གང་འཚམ་ཞིག་ཐོར་བ་ཡིན་སྟབས། གཞི་ཆགས་གནས་དགོས་པ་དེར་མི་ཚང་མས་བསམ་བློ་གཏོང་བཞིན་ཡོད་པ་རེད། ཡིན་ན་ཡང་། གཞི་ཆགས་གནས་དགོས་པ་ལ་ལས་གཞི་ག་རེ་རྩོམ་གྱིན་ཡོད་པ་རེད། གཞི་ཆགས་གནས་པར་དཔལ་བྱོར་ཡོང་ཁུངས་ཀྱི་ལས་གཞི་བསྐྲུན་དགོས་ཡོད་པ་རེད། ཅེས་དང་།
དཔལ་འབྱོར་གྱི་སྐོར་ལ་ཁོང་གིས། གཞི་ཆགས་ཁག་ལ་དཔལ་འབྱོར་འཛུགས་བསྐྲུན་བྱ་རྒྱུ་དང་། ཚོང་ལས་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་མ་ཟད། ཨ་རི་དང་ཡུ་རོབ་ནང་ལ་ (Tibet Town ) བོད་ཀྱི་གྲོང་རྡལ་ཞེས་པ་འཛུགས་བསྐྲུན་བྱ་དགོས་འདུག བོད་ཀྱི་གྲོང་རྡལ་བཟོས་པ་ཡིན་ན་དཔལ་འབྱོར་དང་མི་རིགས་རྡོག་རྩ་གཅིག་སྒྲིལ། རིག་གཞུང་སྲུང་སྐྱོབ་སོགས་ལ་ཡང་ཕན་ཐོགས་ཀྱི་རེད། རྒྱ་མི་དེ་ཚོའི་ (China Town) རྒྱ་ནག་གྲོང་རྡལ་ནང་ལ་སོང་ན། རྒྱ་ནག་ལ་སླེབ་པའི་ཚོར་བ་མ་གཏོགས་ཨ་རི་ལ་ཡོད་པ་ཞིག་ཚོར་རྒྱུ་ཡོད་པ་མ་རེད། དེ་འདྲ་བཙུགས་ནས་ང་ཚོའི་བོད་པ་ཚོ་མཉམ་གཅིག་ཏུ་སྡོད་རྒྱུར་འབད་རྩོན་བྱ་དགོས་འདུག སྔོན་མ་ང་ཚོ་རྒྱ་གར་ལུང་པར་བསླེབས་དུས་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་། གཞི་ཆགས་བཙུགས་ནས་མཉམ་དུ་བསྡད་ནས་དེ་རིང་ངས་འདིར་བོད་སྐད་བརྒྱབ་ན་ཁྱེད་རང་ཚང་མས་གོ་རྒྱུ་ཡོད་པའི་གནས་སྟངས་འདི་གཞི་ཆགས་བཙུགས་པར་བརྟེན་ནས་བྱུང་བ་རེད། དེང་སང་ཡུ་རོབ་ཁག་ནས་བོད་པའི་ཚོགས་འདུ་ཞིག་ཚོགས་ན་སྐད་སྒྱུར་བ་གཉིས་གསུམ་ཞིག་དགོས་ཀྱིན་ཡོད་པ་རེད། ཡང་མིན་ན་དབྱིན་ཇིའི་སྐད་རྒྱག་དགོས་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་ཀྱི་གྲོང་རྡལ་ཞིག་བཙུགས་ཐུབ་པ་ཡིན་ན་འཛུགས་བསྐྲུན་གྱི་ལས་གཞི་སོགས་བཙུགས་ནས་མི་དེ་ཚོ་འཚོ་བ་སྐྱེལ་ས་ཞིག་བཙུགས་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམ་གྱིན་ཡོད། དེ་བཞིན་དུ་བོད་སྨན་ཐོག་ལ་ཡིན་ན་ཁྱབ་བསྒྲགས་གཅིག་ཀྱང་བྱས་མེད་པར་འཛམ་བུ་གླིང་ལ་ཁྱབ་བཞིན་ཡོད་པ་རེད། དེ་འདྲའི་མིས་དོ་སྣང་དང་ཡིད་ཆེས་བྱེད་ཀྱིན་ཡོད་པ་བཞིན་ཕན་ཐོགས་ཡོང་གི་ཡོད་པ་རེད། ཡིན་ན་ཡང་། ད་ལྟའི་ཆར་དེ་ཡང་བེད་སྤྱོད་ཡག་པོ་གཏོང་ཐུབ་ཀྱི་མི་འདུག་བསམ་གྱིན་ཡོད། ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྟེང་ངོས་ལེན་ཡོད་མཁན་ཞིག་བཟོས་དགོས་ཡོད་པ་རེད། ཕྱོགས་གཉིས་ནས་བོད་ཀྱིས་བཟོས་པའི་རྩ་སྨན་རིགས་བོད་པའི་ནང་ཁུལ་ཙམ་མ་ཡིན་པར་འཛམ་བུ་གླིང་དང་རྒྱ་གར་ཁྲོམ་རའི་ནང་བཙོང་རྒྱུའི་ལས་གཞི་བརྩམས་དགོས་ཀྱི་འདུག ཅེས་སོགས་བརྗོད་སོང་།
མཇུག་ཏུ་སྲིད་སྐྱོང་མི་གསར་པ་བསླེབ་སྟེ་རིག་པ་གསར་པའི་ཐོག་ནས་ལས་འཆར་གསར་པ་འདོན་དགོས་སྐོར་ལ་ཁོང་གིས། ད་ལྟ་མི་མང་པོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ད་དུང་ལོ་ལྔ་ཡི་དུས་ཚོད་དགོས་ཀྱིན་འདུག་ལས་རྒྱུ་མང་པོ་ལྷག་འདུག སྲིད་སྐྱོང་གི་ལོ་ཐེངས་གཅིག་ད་དུང་དགོས་ཀྱི་འདུག་ཅེས་གསུང་མཁན་འདུག ཡིན་ན་ཡང་། ངས་ག་རེ་བསམ་གྱི་འདུག་ཅེས་ན། ད་ལྟའི་ཛ་དྲག་གི་གནས་སྟངས་ཀྱི་སྐབས་འདིར་སྲིད་སྐྱོང་དུས་ཡུན་ལོ་གསུམ་བཟོ་དགོས་ཀྱི་འདུག རྒྱལ་ཁབ་ཡར་ཐོན་ཅན་ཨ་རི་ལྟ་བུ་ཡིན་ན་སྲིད་འཛིན་གྱི་དུས་ཡུན་ལོ་བཞི་རེད། ལོ་བཞི་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེས་ན་མི་དེར་རྩལ་དང་ནུས་པ་ཡོད་ན་ལོ་བཞིའི་ནང་ལ་ནུས་པ་སྟོན་ཐུབ་དགོས་ཡོད་པ་རེད། ང་ཚོ་ཛ་དྲག་གི་སྐབས་ལ་མི་གསར་པ་བསླེབ་ནས་རིག་པ་གསར་པ་ཞིག་གི་འཆར་གཞི་གསར་པ་ཞིག་བཏོན་ནས་འགྲོ་དགོས་ཀྱི་འདུག་བསམ་གྱིན་ཡོད། སྤྱིར་བཏང་ངས་བཤད་བཞིན་པའི་ཁག་ཅིག་དགོན་པ་གྲྭ་ཚང་དང་བརྟན་གནས་སློབ་གྲྭ་ཁག ཇ་ཁང་ཆང་ཁང་སོགས་སུ་བཤད་མཁན་ཡོད་པ་རེད། ཡིན་ན་ཡང་། ས་ཆ་དེ་ཚོ་ནས་བཤད་ན་ཕན་ཐོགས་ཀྱི་མ་རེད། ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་འོས་བླུག་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། འགྲིག་གི་མེད་ན་ཚང་མས་འགན་ཁུར་བའི་ཐོག་ནས་འོས་ཤོག་བླུག་རོགས་བྱོས། ཞེས་བརྗོད་སོང་།
མང་ཚོགས་ཀྱི་དྲི་བ་དྲིས་ལན་སྐབས། བཀྲ་ཤིས་དབང་འདུས་ལགས་ཁྱེད་རང་ཕྱི་ཟླ་ ༤ བའི་ནང་དྷ་རམ་ས་ལ་ཕེབས་སྐབས་འབྲེལ་ཡོད་དང་འགན་ཁུར་མི་སྣ་ཐུག་ནས་སྲིད་སྐྱོང་འོས་མིའི་འགན་ཁུར་ལེན་དགོས་འདུག་ཅེས་པའི་གནས་ཚུལ་བྱུང་ཡོད་དུས། ཁྱེད་རང་སྲིད་སྐྱོང་ལ་བཞེངས་དགོས་པ་དེ་ད་ལྟའི་སྲིད་སྐྱོང་ལས་ཐོག་གིས་ལས་དོན་མང་པོ་ཞིག་ལ་ཐུགས་བློ་མ་ཁེངས་པར་འཐུས་ཤོར་ཆེན་པོ་འགྲོ་རྒྱུའི་སེམས་ཚབ་སྐྱེས་ནས་བཞེངས་པ་ཞིག་ཡིན་ནམ། ཡང་ན་དམངས་གཙོའི་ཁེ་དབང་རང་གི་ཐོག་ནས་བཞེངས་པ་ཞིག་ཡིན། ཐོག་མ་བཞེངས་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་དེ་ག་རེ་ཡིན་མིན་ཏོག་ཙམ་གསལ་ཁ་བཟོ་རྒྱུ་དང་། ཁྱེད་རང་གི་དམིགས་ཡུལ་བཞི། རྒྱུན་གནས། དཔལ་འབྱོར། ཤེས་ཡོན། གྲོས་མོལ་བཅས་ཡིན་ཞེས་དྲིལ་བསྒྲགས་བྱས་ཡོད་ཀྱང་། ད་ལྟ་འདི་ནས་འགྲེལ་བཤད་མང་ཆེ་བ་ཞིག་དཔལ་འབྱོར་རང་གསུངས་ཡོད་དུས། ཤེས་ཡོན་ཐོག་ལ་དམིགས་བསལ་གང་ཡང་གསུངས་མ་སོང་དེའི་ཐོག་ལ་ལས་འཆར་ག་རེ་ཡོད་དམ། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་དུས་ཁྱེད་རང་གིས་གྲོས་མོལ་བྱེད་པ་གལ་ཆེན་ཡིན་པ་ཞིག་གསུངས་འདུག ཡིན་ན་ཡང་ད་ལྟ་གསལ་བཤད་སྐབས་སུ་གང་ཡང་གསུངས་མ་སོང་། དེ་ཡིན་དུས་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་རྒྱུར་འཆར་གཞི་ག་རེ་ཡོད་མེད་དང་། ད་ལྟའི་བཀའ་ཤག་གིས་མ་གནང་བའི་ཐབས་ལམ་གསར་བ་ག་རེ་ཡོད་མེད་གསལ་བཤད་ཅིག་གནང་རོགས་ཞུ་ཞེས་བཤད་པར་ཁོང་གིས། དམངས་གཙོའི་ཁེ་དབང་ཆེད་དུ་ལང་མཁན་དེ་ཚོ་མར་ཉལ་ནས་ལང་མཁན་དེ་ཚོ་རེད། སྲིད་སྐྱོང་ལང་གི་ཡིན་འགྲོ་སོང་གཏོང་གི་མིན་དཀའ་ལས་རྒྱག་གི་མེད་ཟེར་མཁན་དེ་ཚོ་དམངས་གཙོའི་ཁེ་ཕན་ཡིན་རྒྱུ་རེད། ང་སྲིད་སྐྱོང་བྱ་རྒྱུ་ཡིན་འགན་ཁུར་གྱི་ཡིན་ཟེར་ནས་ལངས་པ་ཡིན། ད་ལྟའི་སྲིད་སྐྱོང་འགྲིག་བསྡད་ཡོད་ན་ང་ག་རེ་བྱས་ནས་ལངས་པ་རེད་ལངས་དགོས་མི་འདུག དེ་བཞིན་དུ་ད་ལྟའི་སྲིད་སྐྱོང་ལ་འགྲིག་གི་མི་འདུག་ཟེར་མཁན་གང་འཚམ་ཞིག་ཡོད་པ་རེད། དེའི་ནང་ནས་གོང་ནས་ངས་ཞུས་པ་བཞིན་དྷ་རམ་ས་ལའི་གནད་ཡོད་མི་སྣ་དེ་འདྲ་ཡོད་དུས། ཕྱི་ལོ་ ༢༠༢༡ ལོ་བར་དུ་སྒུག་ཐུབ་ཀྱི་མི་འདུག་ཛ་དྲག་གི་གནས་ཚུལ་ཆགས་འདུག སྒྲིག་འཛུགས་སྲ་བརྟན་དགོས་ཀྱི་འདུག་ཅེས་ནས་ལངས་པ་ཡིན། ལྟ་གྲུབ་གསུམ་དང་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། ཁྲི་གཅིག་དང་འབུམ་གཅིག་དེ་ཚོའི་སྐོར་ལ་མང་པོ་ཞུས་བསྡད་ན་མཚན་གང་གྲོས་གླེང་བྱེད་རྒྱུ་ཡོད་པ་རེད། ལྟ་གྲུབ་གསུམ་གྱི་སྒང་ལ་ག་རེ་བྱུང་ཡོད་མེད་དང་དོན་འབྲས་སྨིན་པ་ག་རེ་བྱུང་ཡོད་པའི་སྐོར་ང་ཚོས་ཚང་མས་མཁྱེན་གྱི་ཡོད་པ་རེད། ༢༠༡༤ ལོར་༧རྒྱལ་བ་རིན་པོ་ཆེ་བོད་ལ་བདེན་འདྲེན་ག་འདྲ་བྱས་ནས་ཞུས་ཡོད་མེད་དང་རྒྱ་གར་ནང་ལ་མཁས་ལས་པ་ཁྲི་གཅིག འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཕྲུག་ཚང་མ་ཐོན་པ་ཡིན་ན་ལོ་གཅིག་ལ་ཁྲི་གཅིག་ལོངས་ཀྱིན་ཡོད་པ་མ་རེད། བོད་ནང་ལ་འབུམ་གཅིག་དེ་བས་ཀྱང་། བོད་ནང་ལ་འབུམ་གཅིག་མ་དགོས་མི་གཅིག་ལའང་ལག་པ་རྐྱོང་རྒྱུའི་ལམ་ཀ་ག་བ་ཡོད་པ་རེད་ཡོད་པ་མ་རེད། ཅེས་བརྗོད་སོང་།
ཤེས་ཡོན་སྲིད་ཇུས་དེ་ངས་གལ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད། དེ་བཞིན་དུ་ཤེས་ཡོན་སྲིད་ཇུས་ཟེར་བ་བོད་ཡིག་རྐྱང་པ་མ་རེད། མི་ཡག་པོ་ཞིག་དང་ཡ་རབས་སྤྱོད་བཟང་བཟོ་ཐུབ་མཁན་ཞིག་རེད། ད་ལྟ་ང་ཚོའི་སློབ་གྲྭའི་ནང་ལ་དཀའ་ངལ་ཆེ་ཤོས་དགེ་རྒན་དང་སློབ་ཕྲུག་བར་ཐག་རིང་པོ་བྱས་ནས་སློབ་ཕྲུག་ཚོས་དྲི་བ་གཏོང་རྒྱུ་ཕར་བཞག་མགོ་འགྱོག་ཐུབ་ཀྱི་ཡོད་པ་མ་རེད། མིས་བཤད་ཤེས་ན་ཉན་ཤེས་ཀྱི་ཡོད་པ་མ་རེད། དེའི་རིགས་མ་འོངས་པ་ལ་ཉན་ཤེས་མཁན་དང་བཤད་ཤེས་མཁན། དེ་དང་འབྲེལ་པའི་མང་པོ་ཞེ་བོ་ཞིག་ཡོད་པ་རེད། དེའི་ནང་ནས་གཙོ་ཆེ་ཤོས་དེ་ཤེས་ཡོན་སྲིད་ཇུས་ལ་འགན་ཁུར་མཁན་ལས་བྱེད་དང་དགེ་རྒན། ཤེས་རིག་གི་འབྲེལ་ཡོད་ལས་བྱེད་སོགས་ཀྱིས་ཤེས་ཡོན་སྲིད་ཇུས་ལ་ངེས་པ་རྙེད་དགོས་ཡོད་པ་རེད། ཤེས་ཡོན་སྲིད་ཇུས་ལ་ངེས་པ་མ་རྙེད་པ་ཡིན་ན་དེར་འགན་ཁུར་ཐུབ་ཀྱི་ཡོད་པ་མ་རེད། ཤེས་ཡོན་སྲིད་ཇུས་ལ་འགན་ཁུར་དགོས་ཡོད་ན་དགེ་རྒན་ཚོར་གླ་ཕོགས་ཡག་པོ་སྤྲོད་དགོས་ཡོད་པ་མ་ཟད། ཟབ་སྦྱོང་ཡག་པོ་སྤྲོད་དགོས་ཡོད་པ་རེད། འཛིན་རིམ་བཅུ་གཉིས་ཐོན་རྗེས་སྨན་པའི་སློབ་སྦྱོང་དང་། འཕྲུལ་ལས་འཆར་འགོད་ལས་རིགས་ལ་ཆེད་སྦྱོང་གི་ཟབ་སྦྱོང་དང་སློབ་ཡོན་སྤྲད་པ་ཙམ་མ་ཡིན་པར། སློབ་ཡོན་འབོར་ཆེན་དགོས་པ་དག་ལ་བུ་ལོན་བཞག་པ་སོགས་ཀྱིས་རོགས་སྐྱོར་བྱེད་ནས་ཆེད་ལས་པ་མང་པོ་ཞིག་གསོ་སྐྱོང་ཡོང་བའི་ཐབས་ཤེས་བྱ་རྒྱུ་ཡིན། ཞེས་དང་།
བོད་རྒྱ་གྲོས་མོལ་སྐོར་ལ་རྣམ་པ་ཚོས་དོ་སྣང་བྱས་པ་ཡིན་ན་ཁ་སང་རླུང་འཕྲིན་ནང་ལ་ཞུས་པ་ཡིན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནང་ལ་མང་པོ་བཤད་པ་ཡིན། གང་ལྟར་བོད་རྒྱ་གྲོས་མོལ་སླར་གསོ་བྱ་དགོས་ཡོད་པ་རེད་ལ་བྱ་ཐུབ་པ་ཞིག་ཀྱང་ཡོད་པ་རེད། ལྷག་པར་དུ་བཀའ་ཤག་གོང་མའི་སྐབས་ལ་བོད་རྒྱ་གྲོས་མོལ་ཐེགས་དགུ་ཞིག་བྱས་པ་རེད། དེའི་ཐབས་ལམ་བརྒྱུད་ནས་སླར་གསོ་བྱ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱིན་ཡོད། ཅེས་བརྗོད་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་བཏོན་པའི་འབོད་ཚིག་ (རྒྱུན་གནས། ཤེས་ཡོན། དཔལ་འབྱོར། གྲོས་མོལ།) བཅས་པ་ཕར་བལྟས་ཚོད་ལ་ལྗིད་ཏིག་ཏིག་ལྟར་སྣང་ཡང་། གོང་གི་གསལ་བཤད་ནང་དུ་འགོ་སྨོས་ཙམ་མ་གཏོགས། ཡིད་ཆེས་འཕེར་བའི་འགྲེལ་བརྗོད་དང་འཆར་གཞི་གསལ་མི་འདུག མ་གཞི་བགྲོ་གླེང་རབ་དང་རིམ་པ་ཞིག་ཡོང་རྒྱུ་ཡོད་པས་གསུང་རྒྱུ་ལྷག་ཡོད་སྲིད་ཀྱི་རེད།
དགེ་བོ་བཀྲ་ཁོ་དང་། རིག་པའི་བློ་གྲོས། གནས་ཚང་། བཅས་གསུམ་པོ་ལྟ་བུའི་བོད་མི་མང་དྲགས་པས་ད་ལྟ་བར་བོད་མིའི་ནང་ཤེས་འཇོན་གཉིས་ལྡན་གྱི་ལམ་བུར་འགོག་རྐྱེན་བཟོས་སོང་། སྲིད་སྐྱོང་གི་ཞབས་སྟེགས་ཐོག་ལང་མ་ལང་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོང་གི་ཐབ་ཐང་རེད། འོས་ཤོག་འཕེན་མ་འཕེན་ནི་མི་དམངས་རེད། འོས་མི་གང་མང་བྱུང་ན་དགའ་བསུ་ཞུ་དགོས་མ་གཏོགས་དེ་ལ་འགོག་རྐྱེན་བཟོས་ནས་ཅི་བྱེད། གལ་ཏེ་མི་གསུམ་པོ་འདི་སྒྲིག་འཛུགས་ཀྱི་འགན་འཛིན་མཐོ་གྲས་ཤིག་ཡིན་ཚེ་ང་ཚོས་སྐྱོན་བརྗོད་བྱེད་བཞིན་པའི་རྒྱ་དམར་གྱི་ལམ་ལུགས་དང་གཅིག་པ་བཟོ་ངེས་འདུག
སྟབས་ལེགས་པ་ཞིག་ལ་ཤེས་འཇོན་གཉིས་ཀ་མེད་པའི་མི་བུ་ངོ་མ་ཞིག་ཡིན་པ་འདྲ
ངས་འཇོན་གྱི་ཡོད།ཁོས་འཇོན་གྱི་ཡོད་ཟེར་མཁན་མང་པོ་འདུག
ཡག་པོ་རེད།ཤེས་འཇོན་གཉིས་ཀ་དགོས་ཀྱི་ཡོད་རེད།འོན་ཀྱང་ངེད་ད་ལྟ་བར་དུ་སྲིད་སྐྱོང་བློ་སེང་ལས་ལྷག་པ་སུ་མཐོང་མ་སོང།དེར་རྟེན་ངའི་འོས་ཤོག་དེ་རང་བསྐྱར་བློ་སེང་ལ་བླུག་གི་ཡིན།མ་ཚད་གཞན་དག་ལ་རྒྱུ་མཚན་བཤད་ནས་མ་འོང་པ་སྲིད་སྐྱོང་མ་ནོར་བ་ཞིག་སླེབས་ཐུབ་པའི་ཡིད་ཆེད་ཡང་ཡོད།
བློ་སེང་རྒྱལ་གྱུར་ཅིག
སྲིད་སྐྱོང་འོས་མི་ཤེས་འཇོན་ལྡན་པ་གང་མང་ཡོང་དགོས་ངེས་རེད་ལ་ཡོང་ཆོག་གི་རེད། བཀྲིས་དབང་འདུས་ཀྱིས་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱུན་མཚན་ལྡན་པའི་སྐྱོན་བརྗོད་བྱེད་ཆོག་གི་ཡོད་པ་དེ་མང་གཙོའི་ཁེ་དབང་རེད། མང་གཙོའི་སྤྱི་ཚོགས་ནང་མང་ཚོགས་དང་ཡུལ་མི་ཚོས་སོ་སོའི་འགོ་ཁྲིད་ལ་སྐྱོན་བརྗོད་བྱེད་ཆོག་གི་རེད། འབུམ་རམས་པའི་མིང་ཡོད་པ་ཙམ་གྱི་མཁས་དབང་དང་གཞུང་གི་ལས་དོན་ཡག་པོ་བྱེད་ཐུབ་པའི་ངེས་པ་གང་ཡང་ཡོད་མ་རེད།
སྲིད་སྐྱོང་ནི་མི་དམངས་ཀྱིས་འོས་བླུག་ནས་གཏན་ཁེལ་བྱེད་རྒྱུ་ལས་ཁ་སུ་བདེ་དང་། མགོ་སུ་བདེ་བ་དེ་ལ་འཐོབ་རྒྱུ་མ་རེད། འོན་ཏེ་སྲིད་སྐྱོང་འོས་མི་མང་ཙམ་སླེབས་ཏེ་མི་དམངས་ལ་གཏམ་བཤད་མང་ཙམ་དང་འགྲོ་གླེང་མང་ཙམ་གནང་ན་མི་དམངས་ཀྱི་གོ་རྟོགས་ཡག་ཏུ་འགྲོ་བའི་རེ་བ་ཡོད། ད་ལྟའི་སྲོད་སྐྱོང་དང་། སྐབས་དེའི་འོས་མི་བཞི་པོ་ལྷན་འཛོམས་ཀྱིས་མི་དམངས་ལ་རང་རང་གི་ལྟ་གྲུབ་དང་མ་འོང་པའི་མཆར་གཞི་སོགས་མི་དམངས་མདུན་གཏམ་བཤད་བྱེད་པ་སོགས་ཀྱིས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་ཡག་ཏུ་འགྲོ་རྒྱུ་དང་། ཆབ་སྲིད་ལ་དོ་སྣང་ཆེ་རུ་འགྲོ་བ་སོགས་ནི་དངོས་གནས་ཕན་ཐོགས་ཡོད་པ་ཞིག་རེད། རང་གི་ལྟ་གྲུབ་དང་མཆར་གཞི་གསལ་བསྒྲག་བྱ་རྒྱུ་ལས་གཞན་ལ་སྐྱོན་གཏོན་པ་དེས་རང་གི་རྒྱལ་ཁ་འཐོབ་ཐབས་བྱེད་པ་ནི་དམངས་ཀྱི་སེམས་ལ་རྨ་ཁ་བཟོ་བ་ལས་ཁྱོད་ལ་གཏན་ནས་མི་ཕན། སྲིད་སྐྱོང་གི་འོས་མི་མང་ཙམ་ཐོན་པའི་རེ་བ་ཡོད།
ད་ལྟའི་སྲིད་སྐྱོང་ལས་ལྷག་པའི་ཤེས་འཇོན་ལྡན་པ་ཞིག་ཡིན་པའི་ཡིད་ཆེས་སུ་ལ་ཡོད་དམ། ང་ལ་མཚོན་ན་ཡིད་ཆེས་མེད་ལ། ཁོང་གིས་ང་ལ་དམིགས་ཡུལ་ཡོད་ཟེར་བའི་དམིགས་ཡུལ་དེ་ཡང་ཁ་གསལ་མི་འདུག་པས་བློ་ཚབ་ཆེ།
བཀྲ་ཤིས་དབང་འདུས་ཡག་ན་སྡུག་ན་ས་ནས་ཡར་ཐེག་པ་རིམ་འཛེགས་བྱས་ནས་ཡོང་མཁན་ཞིག་རེད། གཞི་ནས་ང་ཚོའི་སྤྱི་ཚོགས་འདི་ས་ནས་ཡར་དཀའ་ལས་བརྒྱབ་ནས་ཡོང་མཁན་རིགས་ལ་སྡང་པོ་ཞེ་དྲག་ཡོད་རེད། གློ་བུར་དུ་གནམ་ནས་མར་ཟག་ཡོང་མཁན་རིག་ལ་དགའ་པོ་འདྲ་ཞིག་ཡོད་རེད། བཀྲ་ཤིས་དབང་འདུས་ཀྱིས་མ་འཇོན་པའི་སྲིད་སྐྱོང་གི་ལས་ཀ་འདི་རེད་ཅེས་གཅིག་སྟོན་ཤོག་དང་། དེ་ནས་བལྟ་ཆོག་གི་རེད།
དགེ་བོ་བཀྲ་ཁོ་ལགས། ཁྱེད་ཀྱི་གོ་མྱོང་མེད་ན་མི་བུ་དེ་འཇོན་ཐང་མེད་པས་མི་ཁྱབ་ལ་ལྷག་པར་དུ་དམིགས་ཡུལ་དང་འཆར་གཞི་མེད་པར་སྲིད་སྐྱོང་ལ་དེ་བས་ཀྱང་ལངས་མི་སྲིད། ལྐུགས་རྟགས་མ་སྟོན། བསམ་བློའི་དཔྱད་ཞིབ་ལེགས་པར་བྱས་ནས་དྲ་ཐོག་ཏུ་མཆན་རེ་བཀོད་ན་ལེགས་པར་སྙམ།
རིག་པའི་བློ་གྲོས་ཀྱིས་རང་གི་མིང་གི་དོན་བཞིན་རང་གི་བློ་གྲོས་བེད་སྤྱོད་མ་བྱས་པར་དོན་མེད་ཀྱི་ཆོ་མེད་སྐད་ཆ་རེ་ཤོད་ཀྱིན་འདུག བཀྲིས་དབང་འདུས་སྲིད་སྐྱོང་དུ་ལངས་པ་ནི་དགའ་འོས་པ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད། ཁོང་གིས་འདས་ཟིན་པའི་མི་ཚེའི་ནང་བྱ་གཞག་མང་པི་ཞིག་སྒྲུབ་ཡོད་། དེ་བཞིན་བཀྲིས་དབང་འདུས་གཅིག་པུ་མ་ཡིན་པར་སྐྱེས་བུ་སུ་ཞིག་གིས་སྲིད་སྐྱོང་གི་འོས་མིར་ལངས་ན་དེར་ང་ཚོས་དགའ་བསྲུ་ཞུ་དགོས།
སྲིད་སྐྱོང་གི་སྐུབ་སྟེགས་སུས་ཟིན་མིན་ནི་མི་མང་གི་ཤེས་ཡོན་གནས་ཚད་ལ་རག་ལས་ཡོད་པ་ལས་འོས་ལངས་མཁན་གྱི་སྐྱོན་དུ་མ་མཐོང་།
འདི་ལ་སྤོབས་པ་དང་སྙིང་སྟོབས་ཟེར་ན་འགྲིག་མིན་མི་ཤེས། ངས་བསམ་ན་ཧམ་པ་རང་རེད་འདུག
མི་འདིར་ཆོ་མི་འདུག
༡ གོང་ས་མཆོག་བེད་སྤྱོད་གཏོང་འདུན་ཤུགས་ཆེ་བ། ཡིན་ནའང་། གོང་ས་མཆོག་གིས་སྲིད་འགན་རྕིས་སྤྲད་ཚར་བ་ཤེས་མི་འདུག
༢ རང་ཉིད་ཆེད་དུ་སྲིད་སྐྱོང་ལ་ལངས་པ་ཡིན་ཞེས་བསྒྲགས་མི་ཐུབ་པར་སྐུ་དྲག་གི་རིགས་ལམ་བེད་སྤྱོད་གཏོང་བཞིན་པ།
༣ རྒྱ་གཞུང་ལ་གྲོས་མོལ་མ་བྱས་པ་ག་ལ་ཡིན། གྲོས་མོལ་བརྒྱུད་ནས་སྐྱབས་བཅོལ་སྒྲིག་འཛུགས་ལ་གྲོས་མོལ་གྱི་འགན་མེད་པ་ཆགས་ཚར་བའང་ཤེས་མི་འདུག
༧གོང་ས་མཆོག་གིས་བོད་པ་ཚོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སུ་ལའང་མེད་པའི་དམངས་གཙོ་ཡང་དག་པ་ཞིག་གནང་ཡོད་པ་དེར། ཞེས་གསུངས་འདུག་པས་དེ་ཏག་ཏག་བསྡད་ཀྱི་ཨེ་ཡོད་ན། སྤྱིར་བཏང་བོད་པའི་སྤྱི་ཚོགས་འདི་སྤྲེ་ལེ་བཤད་རྒྱུར་དགའ་པོ་ཡོད། ཡིན་ནའང་ཡག་པོ་བཤད་མ་ཤེས་ན། ༧གོང་ས་ལྔ་པ་ཆེན་པོས། སློབ་མས་བརྩམས་པའི་བླ་མའི་རྣམ་ཐར་ནི། རང་བསྟོད་ཆེ་བས་བླ་མ་ཟོག་པོར་རྒྱུར། ཞེས་གསུང་པ་ལས་མ་འདས་པས། སྲིད་སྐྱོང་འོས་མི་སུ་ཡིན་ཡང་གཏམ་བཤད་འོས་འཚམས་རེ་བྱེད་ན་བཟང་ངོ་ཤར། འཛམ་གླིང་སུ་ལ་མེད་པའི་དམངས་གཙོ་ཞིག་བཙན་བྱོལ་བོད་པར་ཡོད་ཟེར་ན་ག་འདྲ་འདུག
སྲིད་སྐྱོང་ལངས་པ་དགའ་བསུ་ཡོད།
འོན་ཀྱང་ངའི་འོས་ཤོག་དེ་བློ་སེང་ལ་བླུགས་རྒྱུ་ཡིན།
གང་ཡིན་ཟེར་ན་ད་དུང་ཁོང་ལ་དུས་ཚོད་དགོས་ངེས་པས་ཡིན།
ངའི་ཁོང་ལ་ཡིད་ཆེས་དེ་འགྱུར་མེད་ཡིན་ཙམ།
གཞི་ཆགས་ས་གནས་ཚོགས་པ་ཞིག་གི་འཛིན་སྐྱོང་འགན་འཛིན་ཞིག བཙན་བྱོལ་བོད་མིའི་སྲིད་སྐྱོང་བཞེངས་པ་དེ་མང་གཙོའི་ཁེ་ཕན་ཞིག་ཏེ། སྲིད་སྐྱོང་བཞུགས་ཁྲི་དེ་འདྲའི་ཆུང་ཆུང་ཨ་ཡིན། མ་གཞི་སྤོབས་པ་དང་སྙིང་སྟོབས་ཡོད་པ་ཡག་པོ་ཞེ་དྲགས་རེད།
ས་གནས་འཛིན་སྐྱོང་འགན་འཛིན་ཞིག་སྲིད་སྐྱོང་ལངས་པ་སྟེ་མང་གཙོ་ཡི་ཁེ་ཕན་རེད་དེ། བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་རྐུབ་བཀྱག་དེ་འདྲའི་ཆུང་ཆུང་རང་ཨ་ཡིན། མ་གཞི་སྤོབས་པ་དང་སྙིང་སྟོབས་ཡོད་པ་དེ་ཡག་པོ་ཞེ་དྲགས་རེད།
ཧཧཧཧཧཧཧཧ ད་སྲིད་སྐྱོང་སེང་གེ་གཉིད་མི་ཡོང་བའི་མགོ་ཚུགས་སོང།
གོ་མྱོང་མེད་པའི་མི་བུ་སྲིད་སྐྱོང་གི་ཆ་རྐྱེན་དེ་འདྲ་འེ་ཡིན་ནམ། མ་འོངས་བའི་དམིགས་ཡུལ་དང་འཆར་གཞི་ཅི་ཡང་མེད་པར་གོ་ས་སྙེགས་པ་མིན་ནམ།
ཡག་པོ་གསུངས་འདུག འོན་ཀྱང་ལག་ལན་གང་ཁལ་མི་ཁལ་བཤད་པར་དཀའ་། ད་དུང་འོས་མི་འགའ་ཤས་ཐོན་ན་ཡག་པོ་འདུག་་་་རེ་འགུག་ཡང་བྱེད་བཞིན་ཡོད་་་