རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ ༩༨ དེང་རབས་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ཅན་ (Smart City) དུ་འཛུགས་སྐྲུན་བྱེད་འཆར་ཡོད་པ་ལྟར་དྷ་རམ་ས་ལ་ནས་ལས་འཆར་མགོ་འཛུགས་རྒྱུ་གཏན་འཁེལ་ཡོད་འདུག
ཧི་མ་ཅལ་མངལ་སྡེའི་གྲོང་ཁྱེར་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་སུ་དྷེར་ཤར་མཱ་ (Sudhir Sharma) ཡིས། དེང་རབས་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་འཛུགས་བསྐྲུན་གྱིས་གྲོང་རྡལ་དེའི་རྨང་གཞིའི་འཛུགས་བསྐྲུན་དཔེར་ན་འཐུང་ཆུ་དང་ཆུ་རྐ། གྲོང་ཁྱེར་གྱི་སྐྱེལ་འདྲེན། དྲ་བའི་འཛིན་སྐྱོང་སོགས་ལ་ཕན་ཐོགས་ཡོད། དེང་རབས་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་འཛུགས་བསྐྲུན་བྱ་རྒྱུ་དེ། འཛུགས་བསྐྲུན་བྱ་འདོད་ཡོད་མེད་དང་ཁྱད་ཆོས་ལྡན་མིན་གྱི་གཞི་རྩར་འགྲན་སྡུར་བྱས་པ་བརྒྱུད། ཚད་གཞི་དེའི་ནང་སློབ་གཉེར་ཁང་གི་སྒྲིག་འཛུགས་དང་གྲོང་སྡེ་ལྷན་ཚོགས་ཀྱི་ཁྱད་ཆོས། གྲོང་སྡེ་ལྷན་ཚོགས་རང་གི་དཔལ་འབྱོར། འདས་པའི་ལོའི་ནང་ནེ་རོ་རྒྱལ་ཡོངས་གྲོང་ཁྱེར་གསར་འཛུགས་ལས་འཆར་ཚོགས་པའི་(JNNURM) ལས་འཆར་གྱིས་ནུས་པ་ཐོན་ཡོད་མེད་སོགས་ལ་བལྟས་བ་རེད། ཅེས་བརྗོད་འདུག
ལས་འཆར་དེ་དྷ་རམ་ས་ལ་ནས་ཐོག་མར་མགོ་འཛུགས་རྒྱུ་གཏན་འཁེལ་བྱུང་བའི་སྐོར་ནས་ཁོང་གིས། རྒྱ་གར་དབུས་གཞུང་གི་སྐྲུན་འཛུགས་ཀྱི་ལས་གཞི་དེ་དྷ་རམ་ས་ལ་ནས་མགོ་འཛུགས་པར་བརྒྱ་ཆ་ ༨༩།༥ ཡི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། སིམ་ལར་བརྒྱ་ཆ་ ༨༥ ཡི་རྒྱབ་སྐྱོར་ཐོབ་ཡོད། སིམ་ལར་དེ་ཙམ་མ་གཏོགས་རྒྱབ་སྐྱོར་ཐོབ་མེད་པའི་རྒྱུ་མཚན་ནི། དེ་སྔོན་ནེ་རོ་རྒྱལ་ཡོངས་གྲོང་ཁྱེར་གསར་འཛུགས་ལས་འཆར་ཚོགས་པའི་ལས་གཞི་ལེགས་འགྲུབ་བྱུང་མེད་པ་མ་ཟད། ལས་གཞི་ལག་བསྟར་བྱས་པ་ཧ་ཅང་སྐྱོ་བོ་ཡོད་པ་སོགས་ཀྱིས་ཡིན་སྐོར་བརྗོད་འདུག
དེ་རིང་རྒྱ་གར་དུས་བབ་ཐོག་དབྱིན་ཇི་གཞུང་གིས་བརྒྱབ་པའི་དྷ་རམ་ས་ལ་འདི་ཕྱི་ལོ་ ༡༩༦༠ ལོར་བོད་མིའི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་ བོད་མིའི་སྒྲིག་འཛུགས་གསར་དུ་བཙུགས་གནང་བ་ནས་བཟུང་སྟེ། ས་ཆ་འདི་ཆེས་ཐོག་མར་རྒྱལ་སྤྱིའི་ཚོགས་སྡེ་མང་པོས་དོ་སྣང་བྱ་ཡུལ་དུ་གྱུར་ཞིང་། ཁ་བ་དཀར་པོས་གཡོགས་པའི་དྷོ་ལཱ་དྷར་ (Dhauladahar) རི་བརྒྱུད་འདི་སྐད་གྲགས་ཅན་དུ་གྱུར་ཡོད། ཅེས་བཀོད་འདུག
ཡང་རྒྱ་གར་གྱི་ཊ་རི་བྷོན་(The Tribune) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་གྱི་རྒན་ཡོལ་གཞུང་ཞབས་པ་རམ་ཀུ་མར་ (Ram Kumar) གྱིས། དྷ་རམ་ས་ལ་ལས་འཆར་དེའི་ནང་བདམས་ཡོད་པ་དེ་ང་ཚོ་དགའ་འོས་པ་དང་དྷ་རམ་ས་ལར་ཐོབ་ཐང་སྤྲད་པ་ཞིག་རེད། སྤྱིར་བཏང་དྷ་རམ་ས་ལ་ཡར་རྒྱས་གཏོང་བའི་ལས་འཆར་དེ་ཧི་མ་ཅལ་མངའ་སྡེའི་ལས་འཆར་རྙིང་ཤོས་ཤིག་རེད། ཅེས་བརྗོད་འདུག
རྒྱ་གར་གཞུང་འབྲེལ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ན་རི་ཞི་ཤར་མཱ་ (Neresh Sharma) ཡིས། བོད་མིའི་འདི་ཕྱིའི་༧སྐྱབས་གནས་ཏཱ་ལའི་བླ་མ་མཆོག་དྷ་རམ་ས་ལར་བཞུགས་ཡོད་སྟབས། ས་ཆ་དེ་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆགས་པ་རེད། འོན་ཀྱང་། གྲོང་རྡལ་དེའི་བཙོག་ཆུའི་བཞུར་རྐ་ཚད་ལྡན་མིན་པ་དང་ལམ་ཁ་གུ་དོག་པ་སོགས་མཐུན་རྐྱེན་ཧ་ཅང་སྐྱོ་བོ་རེད་འདུག ད་ལྟ་གྲོང་རྡལ་དེ་དེང་རབས་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ལས་འཆར་ནང་ཚུད་པ་དེས་ཡུལ་མིའི་དཔལ་འབྱོར་དང་གཞི་རྩའི་མཐུན་རྐྱེན་སོགས་གང་ལེགས་མཁོ་སྤྲོད་བྱ་ཐུབ་རྒྱུ་རེད། ཅེས་བརྗོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།