དུས་དབང་ཐེངས་ ༣༤ པ་ལོ་གཅིག་ཕར་འགྱངས་གནང་དགོས་བྱུང་སྟབས་སྦྱིན་བདག་དང་གོ་སྒྲིག་པ། དེ་བཞིན་རྒྱ་ཆེའི་མི་མང་ལ་དགོངས་སེལ་ཞུ་རྒྱུ་ཡིན་ཟེར།
དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༦ ལོར་གནས་མཆོག་རྡོ་རྗེ་གདན་དུ་གནང་འཆར་ཡོད་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལོ་གཅིག་ཕྱིར་འགྱངས་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་སོང་།
ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དུས་དབང་ཕྱིར་འགྱངས་གནང་བ་དེས་སྤྱིན་བདག་དང་མི་མང་ཚོར་དོ་ཕོག་བྱུང་བར་དགོངས་སེལ་ཞུ་རྒྱུ་ཡིན་སྐོར་གསུངས་དོན། དུས་འཁོར་དབང་ཆེན་ཕར་འགྱངས་ཞུས་པའི་སྐབས་ལ་མི་མང་པོ་ཞིག་ལ་ཁང་པ་གླ་བ་སོགས་ཀྱིས་དོ་ཕོག་ཏོག་ཙམ་འགྲོ་ཡི་རེད། ཡིན་ན་ཡང་། གལ་ཆེ་ཤོས་དེ་ད་ལྟ་ཕར་འགྱངས་བྱས་པ་ཡིན་ན་གང་ཅིའི་ཐོག་ནས་ཡག་པོ་འདུག་ཅེས་བཀའ་ཤག་ནས་བཀའ་སྡུར་རིམ་པ་མང་པོ་བྱུང་སོང་། བར་མཚམས་ནས་ཕར་འགྱངས་བྱུང་བ་ཡིན་ན་དོ་ཕོག་འགྲོ་བའི་མཛད་དཀའ་ཆེན་པོ་བྱུང་ས་རེད། དེར་བརྟེན་ད་ལྟ་ནས་ལོ་གཅིག་ཕར་འགྱངས་ཞུས་པ་ཡིན་ན་སྤྱི་ཡོངས་ལ་གང་ཐུབ་ཅི་ཐུབ་གྱིས་ཕན་པ་དང་གྲ་སྒྲིག་གནང་བར་ཕན་ཐོགས་ཡོང་བའི་ཐོག་ནས་ཞུས་བཞག་པ་ཡིན། དུས་འཁོར་དབང་ཆེན་གྱི་ཚོགས་གཙོ་རྣམས་གཉིས་འདིར་ཕེབས་ཡོད། དེ་བཞིན་ཚོགས་ཆུང་ནང་ལ་ཕྱག་ལས་གནང་མཁན་དང་སྤྱིན་བདག་རྣམ་པ་དང་མི་མང་ཚང་མ་ལ་ཏན་ཏན་སྐུ་ངལ་ཡོད་ཀྱང་། ང་ཚོའི་བཀའ་ཤག་ནས་བཀའ་སྡུར་རིམ་པ་བྱུང་ནས་ལོ་གཅིག་ཕར་འགྱངས་ཞུས་པ་ཡིན་ན་གང་ཅིའི་ཐད་ནས་གནད་འགོག་མཐོང་བ་ཞིག་ཆགས་ཡོད། དེ་ཐུགས་ལ་འཇོག་རོགས་གནང་ཞེས་ནས་ཞུ་རྒྱུ་ཡིན། ཕྱོགས་གཅིག་ནས་ད་ལྟ་དུས་ཚོད་ཐུང་ཐུང་ཡིན་དུས་མང་པོ་ཞིག་ལ་དོ་ཕོག་ཏན་ཏན་འགྲོ་ཡོད་པ་རེད། དེར་དགོངས་སེལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེ་ཡང་བཀའ་ཤག་གིས་སྤེལ་བའི་བསྒྲགས་གཏམ་ནང་། དད་ལྡན་ཆོས་ཞུ་བ་ལྷན་རྒྱས་ལ་ཇི་ལྟར་དགོངས་མངའ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་གཅིག་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༢༠༡༦ ལོའི་ཟླ་ ༡ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔའ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩོལ་གསལ་བསྒྲགས་སྔོན་སོང་ལྟར་ཡང་། འདི་ལོ་སྔར་དང་མི་འདྲ་བར་༧སྐུའི་གྱ་སྟོན་གྱི་མཛད་རིམ་དང་བརྟན་བཞུགས་སོགས་ཤིན་ཏུ་མང་པོ་བྱུང་པ་དང་། རིང་མིན་ཕྱི་ཟླ་ ༩ པའི་ནང་དབྱིན་ལན་དུ་བདུན་ཕྲག་ཅིག་རིང་དང་། ཟླ་ ༡༠ པའི་ནང་ཨ་རིའི་ཁུལ་དུ་བདུན་ཕྲག་གསུམ། དེའི་རྗེས་ཕྱི་ཟླ་ ༡༡ ནང་རྒྱ་གར་ནང་གསུང་ཆོས་དང་གཞན་ཆིབས་བསྒྱུར་ཁག་ཅིག་དང་། ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བསྟུད་མར་བདུན་ཕྲག་གསུམ་རིང་མཛད་འཆར་ཤིན་ཏུ་དམ་པ། ལྷག་པར་ ༢༠༡༦ ལོའི་ཟླ་ ༡ པའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བཞེད་ནི་ཆོས་འབྲེལ་གཞན་དང་མི་འདྲ་བར་སྔོན་འགྲོའི་གསུང་ཆོས་སོགས་ཀྱིས་དུས་ཡུན་འགོར་གཞི་རིང་ལ། སྒྲུབ་ཞག་གནང་སྒོ་ཁག་ཕྱག་བཞེས་མང་སྟབས་ཧ་ཅང་གི་སྐུ་ཐང་མཉེས་པོ་ཡོང་རྒྱུ་ཡིན་ན། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། ཆོས་བརྒྱུད་ཁག་གི་དབུ་འཁྲིད་བསྟན་བདག་བླ་ཆེན་རྣམ་པས་ཉེ་ཆར་༧སྐུའི་གྱ་སྟོན་སྐབས་གསོལ་འདེབས་ཞུ་སྐུལ་དང་། དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་དང་། གཞིས་བཞུགས་ཁག་ཅིག་གིས་རྣམ་ཀུན་ནས་༧ གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོས་པའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན། སང་ལོའི་དུས་འཁོར་དབང་ཆེན་བསྩལ་རྒྱུ་སྔོན་དུ་ཞལ་བཞེས་སྐལ་བཟང་ཐོབ་ཟིན་ནའང་། སང་ལོའི་དུས་འཁོར་དབང་ཆེན་ལོ་གཅིག་གི་རིང་ཕར་འགྱངས་གནང་གཏན་ཁེལ་བའི་གསལ་བསྒྲགས་ཞུ་རྒྱུ་དང་། དེའི་རྐྱེན་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དུས་དབང་སྦྱིན་བདག་ཁག དུས་དབག་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་། དེ་བཞིན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་པོར་གང་ཅིའི་ཐུགས་སྟབས་མི་བདེ་བ་ཡོང་ངེས་པས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གོ་སྐབས་འདི་བརྒྱུད་བཟོད་གསོལ་ཞུ་རྒྱུ་དང་། དེ་དོན་འབྲེལ་ཡོད་ཀུན་གྱིས་དགོངས་ཡངས་དཀྱེལ་ཆེ་ཡོང་བ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
སྲིད་སྐྱོང་མཆོག་གི་གནང་སྟངས་ལས་དུས་དབང་ཕྱིར་འགྱངས་གནང་བ་རེད།
ཤར་ཕྱོགས་ཁུག་རྟ།
དཔལ་ལྡན་བཀའ་ཤག་གི་མཚན་འཁོད་གསལ་བསྒྲགས་ཤིག་དེ་རིང་སྤེལ་ཏེ་དུས་འཁོར་དབང་ཆེན་ལོ་གཅིག་རིང་ཕྱིར་བསྣུར་ཟིན་པའི་སྐོར་འཁོད་འདུག ཀུན་ལ་དོ་སྣང་བྱུང་ཡོད་པ་ལྟར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་འཁོར་དབང་ཆེན་གནང་གཏན་འཁེལ་སྐོར་ས་གནས་གང་སར་བཀའ་སློབ་མང་དག་ཅིག་གནང་བར་འབྲེལ་ཏེ། སྤྱི་ཚོགས་ཁྲོད་དུས་དབང་གནང་རྒྱུའི་དུས་ཚེས་དང། གསལ་བསྒྲགས་ཞུ་ཕྱོགས་བཅས་ཚང་མའི་ཐོག་དོགས་སློང་འདྲ་མིན་ཞིག་བྱུང་བ་མ་ཟད། ཟླ་འགའི་སྔོན་འོས་བསྡུའི་གླེང་སློང་བྱུང་བ་དང་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གི་མཚན་འཁོད་ངོ་དེབ་ Facbook སྟེང་༧གོང་ས་ཆེན་པོས་རྒྱལ་སྲིད་རྩིས་སྤྲོད་ཀྱི་ལམ་ལུགས་ཚགས་ཚུད་ཡོང་ཕྱིར་སྲིད་སྐྱོང་ཐོབ་མ་ཐག ཕྱིའི་རྒྱལ་ཁབ་ཁག་གི་ཆེས་མཐོའི་མགོ་ཁྲིད་དང་མི་མང་ལ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ངོ་སྤྲོད་གནང་བཞིན་པའི་བརྙན་འཕྲིན་བཅད་གཏུབ་ཀྱིས་ཁྱབ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་དང་འབྲེལ། དེ་བས་ཀྱང་དུས་འཁོར་དབང་ཆེན་ཞུས་པའི་དཔལ་ལྡན་སྲིད་སྐྱོང་གི་ཀུན་སློང་ལ་རིག་པའི་ལམ་ནས་དོགས་པ་བྱས་ཆོག་པའི་གཞི་རྩ་མང་པོ་ཞིག་རྙེད་པ་མ་ཟད། མི་མང་པོས་དེང་གི་སྤྱི་ཚོགས་རྒྱུད་ལམ་གང་སར་བགྲོ་གླེང་ཡང་སྣ་ཚོགས་བྱས་ཏེ། མཐའ་བསྡོམས་བཤད་མི་ཕོད་པ་ཞིག་བརྒྱབས་འདུག
དེའི་རྐྱེན་གུས་པས་དེ་རིང་གི་གསལ་བསྒྲགས་འདི་མཇལ་ཡོང་སྐབས། གསལ་བསྒྲགས་འདིར་འཁོད་༼ བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མཛད་འཆར་ཉུང་འཕྲི་ཡོང་བ་གསོལ་འདེབས་ཀྱིས་ཕར་འགྱངས་ཆོག་པའི་སྙན་གསན་སྒྲོན་འབུལ་ཞུས་པ་བཞིན་བཀའ་བཞེས་ཐོབ་སྟབས།༽གསུངས་འདུག་པ་ནི་བདེན་པར་ངོས་ལེན་ཞུ་མི་ཐུབ་པ་ནི། གཅིག་ནས་བཀའ་ཤག་གི་གསལ་བསྒྲགས་འདིའི་ནང་དེ་ལྟར་གསེར་སྙན་སྒྲོན་འབུལ་ཞུས་པའི་སྙན་ཞུར་ཅི་འཁོད་ལུང་འདྲེན་ཞུས་མི་འདུག་པ་དང། གཉིས་ནས་གལ་སྲིད་མཛད་འཆར་དེ་འདྲ་གལ་ཆེན་ལ་ཕྲན་སྲིད་སྐྱོང་གིས་ངག་ཐོག་ནས་སྙན་གསེང་ཞུས་ཆོག་གི་རེད་ཝ་གསུངས་ན། ཇི་ལྟར་ངག་ཐོག་ནས་དུས་ནམ་ཞིག་གནས་གང་དུ་སྙན་གསེང་ཞུས་པའི་གནས་ཚུལ་འཁོད་མི་འདུག་པ་མཐོང་གསལ་རེད། གསུམ་ནས་༧གོང་ས་མཆོག་གི་མཛད་འཕྲིན་བྲེལ་ཆེ་བ་དུས་དབང་གནང་ལ་ཉེ་སྐབས་མ་གཏོགས་བཀའ་ཤག་གིས་མི་མཁྱེན་པ་ཅི་ལྟར་ཡོང་སྟེ། མཛད་འཆར་ཁག་ལོ་གཅིག་གི་སྔོན་ནས་གཏན་འབེབས་གནང་སྟེ་གསལ་བསྒྲགས་གནང་ཡོད་པ་སྐུ་སྒེར་གྱི་དྲྭ་རྒྱར་གཟིགས་མཁན་ཡོངས་ཀྱིས་ཤེས་གསལ་རེད་འདུག་པ་བཅས། རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བ་ལྟར། དངོས་གནས་རང་དཔལ་ལྡན་སྲིད་སྐྱོང་མཆོག་གི་གནང་སྟངས་མང་པོར་གཞིགས་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བ་ནི་རིག་པས་སྒྲུབ་ཐུབ་པ་ཞིག་རེད།