གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་ནི་གཉིས་སྨན་ཞིག་ཡིན་སྟབས་ཐབས་ལམ་འདི་བརྒྱུད་བོད་དོན་སེལ་ཐུབ་པ་ཡིན་ན། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གི་ཞི་བའི་སྟོབས་ཤུགས་འཕེལ་རྒྱུ་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཉིན་མོ་དང་སྟབས་བསྟུན། རྒྱ་ནག་གཞུང་གིས་བོད་ཐོག་སྤེལ་བའི་ཡིག་ཆ་དཀར་པོའི་དེབ་ལ་ལན་འདེབས་ཀྱི་གསར་འགོད་བསྒྲགས་ཤིག་གནང་སོང་།
ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོར་ལན་འདེབས་གནང་དོན། དེ་རིང་ནས་བཟུང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་དེ་རྒྱལ་ས་ལྷ་སར་སྲུང་གཙི་བྱ་རྒྱུ་ཡིན་པ་མ་ཟད། ཉིན་ཤས་གོང་རྒྱ་ནག་གི་གནད་ཡོད་མི་སྣ་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། མ་འོངས་པར་བོད་ནང་འཛུགས་སྐྲུན་དང་ལས་འཆར་ག་རེ་ལག་བསྟར་བྱ་མིན་ཐོག་གསལ་བསྒྲགས་ཤིག་བྱས་ཡོད་པ་རེད། དེ་བཞིན་འདས་པའི་ཟླ་ལྔའི་གོང་ལ་རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོ་བཏོན་ཏེ། ལོ་རྒྱུས་ཐོག་བོད་རྒྱ་ནག་གཞུང་གི་ཆ་ཤས་ཡིན་པ་མ་ཟད། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་རྩད་གཅོད་ཡིན་ཡང་ཁོ་ཚོར་སྲོལ་རྒྱུན་ཐོག་ནས་བདག་དབང་དང་འགན་དབང་ཡོད་པ། དབུ་མའི་ལམ་ལ་བརྩི་གི་མེད་པ། བོད་ནང་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་ཧ་ལས་པ་ཡག་པོ་གཏོང་གི་ཡོད་པ་སོགས་བཀོད་ཡོད་པ་རེད། དེ་རིང་ལན་འདེབས་འདིའི་ནང་བོད་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་མིན་པ་ཁུངས་སྐྱེལ་ར་སྤྲོད་དང་། སྐུའི་ཡང་སྲིད་རྩད་གཅོད་༧གོང་ས་མཆོག་སྐུ་ཉིད་ལ་མ་གཏོགས། རྒྱ་ནག་གཞུང་ལ་འགན་དབང་བདག་དབང་སྤུ་ཙམ་ཡོད་པ་མ་རེད་ཞུ་རྒྱུ་དང་སྦྲགས། དབུ་མའི་ལམ་ནི་གཉིས་སྨན་ཞིག་ཡིན་པ་མ་ཟད། ཐབས་ལམ་འདི་བརྒྱུད་བོད་དོན་སེལ་ཐུབ་པ་ཡིན་ན། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གི་ཞི་བའི་སྟོབས་ཤུགས་ (Soft power) འཕེལ་ནས་རྒྱ་ནག་གཞུང་ལ་ཕན་ཐོགས་ཡོང་རྒྱུ་དང་། རྒྱ་གར་གྱི་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཁེ་ཕན་ཡོད་པ་མ་ཟད། རྒྱ་ནག་དང་རྩོད་རྙོག་བྱུང་བཞིན་ཡོད་པའི་ཧོང་ཀོང་དང་ཐའེ་ཝན། སོག་པོ་དང་ཡུ་གུར་མི་རིགས་བཅས་ལ་ལྷིང་འཇགས་དང་ཡིད་ཆེས་སྐྱེ་གཞི་ཞིག་ཆགས་ཀྱི་ཡོད་སྟབས། ང་ཚོས་ད་ལྟའི་ཆར་ཡིན་ཡང་དབུ་མའི་ལམ་ནི་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན། ཨ་རིའི་ཕོ་བྲང་དཀར་པོ་ཡིན་ཡང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་གསར་འགོད་གསལ་བསྒྲགས་ཐེངས་གཉིས་གནང་ཡོད་པ་མ་ཟད། ཉེ་ལམ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་རང་ངོས་ནས་ཀྱང་རྒྱ་ནག་གི་སྲིད་བློན་ལ་བོད་རྒྱ་འབྲེལ་མོལ་ཡོང་དགོས་ཀྱི་རེད་ཅེས་གསུངས་ཡོད་སྟབས། ང་ཚོར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གནང་ཡོད། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་དང་འཛུགས་སྐྲུན་གོང་འཕེལ་གཏོང་གི་ཡོད་ཞུས་བསྡད་པ་དེ། ཁོ་ཚོའི་བཤད་སྲོལ་ལྟར་གྱི་ཐབས་བྱུས་བདེ་སྐྱིད་སྤྲད་བདེ་འཇགས་ལེན་༼བདེ་སྤྲད་བདེ་ལེན༽ཟེར་བ་དེ་ཆགས་ཡོད་སྟབས། བོད་ནང་འཛུགས་སྐྲུན་བྱས་ནས་བོད་མིར་ཕན་ཐོགས་ཡོང་གི་ཡོད་པའི་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། ཁོ་ཚོས་དོན་དངོས་ཐོག་བདེ་འཇགས་གཙོ་དོན་བྱས་ནས་བོད་ནང་སྲིད་བྱུས་བཟུང་གི་ཡོད་པ་གསལ་པོ་ཞེ་དྲགས་རེད། ཅེས་སོགས་གསུངས་སོང་།
གསར་འགོད་གསལ་བསྒྲགས་ནང་། རྒྱ་དམར་གཞུང་གིས་བོད་སྐོར་སྤེལ་བའི་ཡིག་ཆ་དཀར་པོའི་ལན་འདེབས་ནང་བོད་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཁྲིམས་མཐུན་ངོས་འཛིན་ནི་པེ་ཅིང་གིས་ངོས་འཛིན་དང་ཆོག་མཆན་སྤྲད་པ་ལ་བརྟེན་ནས་བྱུང་ཡོད་ཅེས་བཤད་པ་དེའི་ཐོག་ནས། མ་འོངས་པར་རྒྱ་དམར་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུའི་ཡང་སྲིད་ངོས་འཛིན་བསྐོ་གཞག་བྱེད་རྒྱུའི་འཆར་གཞི་ཡོད་པ་གསལ་པོ་རེད། དེས་མ་ཚད་ཁོ་ཚོས་བོད་ཀྱི་ས་ཁམས་དང་བོད་མིའི་བསམ་བློའི་བདག་དབང་དང་བཅས་པ་རྒྱ་གཞུང་ལ་ཡོད་ལུགས་ཀྱང་གསལ་བཤད་བྱས་ཡོད། དེ་ལྟར་རྒྱ་ནག་གཞུང་གི་ཧམ་རྩོད་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་ཚོར་སྣང་ལན་ཆ་དྲག་པོ་ཡོང་ངེས་ཡིན། དེ་ཡང་བོད་མི་ཙམ་མ་ཡིན་པར་གནའ་དུས་ནས་བཟུང་བོད་ཀྱི་ནང་ཆོས་དང་རིག་གཞུང་མཉམ་སྤྱོད་བྱེད་མཁན་གྱི་ནང་པ་ས་ཡ་མང་པོ་དང་། དེ་བཞིན་དེང་སྐབས་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དྲུང་ནས་གསུང་ཆོས་ཞུས་ཏེ་ཕན་ཐོགས་བྱུང་བའི་གང་ཉིད་ཀྱི་སློབ་མ་ཆེས་མང་པོ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པ་མ་ཟད། རྒྱ་གར་དང་འཛམ་གླིང་གི་ཕྱོགས་གང་སར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུ་བར་ཡོང་མཁན་གྱི་རྒྱ་རིགས་ནང་པའི་གྲངས་འབོར་ཇེ་ཆེར་འཕར་བཞིན་ཡོད། དེ་ལྟའི་རྒྱ་ནག་གཞུང་གི་དཔུང་ཤེད་ཀྱི་སྲིད་བྱུས་དེས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་བདག་དབང་ཧམ་རྩོད་བྱེད་པ་དང་འདྲ་བར་རྒྱལ་སྤྱིའི་ཐོག་ཁོང་ཁྲོ་སློང་ངེས་ཡིན། ཞེས་དང་།
ཡང་མུ་མཐུད་དུ། རྒྱ་ནག་གཞུང་གིས་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་ཁས་ལེན་བྱས་མེད། འོན་ཀྱང་བོད་རང་བཙན་མི་རྩོད་པར་འཛིན་སྐྱོང་གཅིག་གི་འོག་ཏུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པའི་བོད་མིའི་བསམ་འཆར་འདི་ལ་བློ་གྲོས་ལྡན་པའི་རྒྱ་མི་རིགས་ཚོས་དཔྱད་ཞིབ་ཡག་པོ་བྱས་ཚེ། དེའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོར་བརྩི་འཇོག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལའང་མངའ་ཁོངས་གོང་བུ་གཅིག་གྱུར་གྱི་སྲུང་སྐྱོབ་བཅས་ཀྱི་ཐབས་ལམ་བསྟན་ཡོད་པ་མཐོང་ཐུབ། ད་ལྟ་རྒྱ་ནག་གཞུང་གི་བཙོན་འཇུག་འོག་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པའོ་གཙོས་པའི་ཕྱི་ནང་གི་རྒྱ་རིགས་མཁས་པ་སྔར་ལས་མང་བ་ཞིག་གིས་ཞི་བའི་གྲོས་གཞི་དེར་རྒྱབ་སྐྱོར་བྱས་ཡོད། ཁོང་ཚོས་རྒྱ་ནག་གཞུང་ལ âབོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་བསམ་འཆར་དོན་ཚན་བཅུ་གཉིསâ ཞེས་པའི་རྒྱབ་སྐྱོར་ཡིག་ཆ་ཞིག་སྤེལ་ཡོད། རྒྱ་ནག་གཞུང་གིས་དབུ་མའི་ལམ་གཞིར་བཟུང་ནས་བོད་མིའི་མངོན་འདོད་སྒྲུབ་ཐབས་བྱས་ཚེ་ཁྱིམ་མཚེས་རྒྱ་དཀར་ནག་གཉིས་དབར་ཕན་ཚུན་འཐབ་བྱུས་ཐོག་ཡིད་ཆེས་བསྐྱར་གསོ་ཐུབ་པ་མ་ཟད། ཕྱོགས་གཉིས་ཀྱི་ས་མཚམས་སྒོ་དབྱེ་དང་། ཕྱོགས་གཉིས་ཀྱི་དམག་དཔུང་ཕན་ཚུན་དབར་གདོང་ཐུག་གི་གནས་ཚུལ་མི་ཡོང་བའི་ཁེ་ཕན་ཡོད། དེ་ལ་བརྟེན་ནས་ཧི་མ་ལ་ཡའི་ས་ཁུལ་གྱི་དཔལ་འབྱོར་དང་རིག་གཞུང་གོང་འཕེལ་སྐུལ་འདེད་ཡོང་རྒྱུ་མ་ཟད། ཨེ་ཤ་ཡའི་གླིང་ཆེན་ཡོངས་སུ་ཞི་བདེ་ཡུན་གནས་བསྐྲུན་ཐུབ།
རྒྱ་ནག་གཞུང་གིས་རྩ་ཁྲིམས་གཞིར་བཟུང་བོད་ཀྱི་གནད་དོན་སེལ་ཐབས་བྱས་པ་ཡིན་ན། ཧོང་ཀོང་མི་མང་ཚོའི་སེམས་ནང་རྒྱ་ནག་གཞུང་གིས་ཁོང་ཚོར་ཡང་བརྩི་འཇོག་བྱེད་རྒྱུ་རེད་སྙམ་པའི་ཚོར་སྣང་བཟང་པོ་ཞིག་ཡོང་ངེས་ཡིན། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ཚེ། ཧོང་ཀོང་མི་མང་ཁྲོད་རྒྱ་ནག་གཞུང་ལ་ཡིད་ཆེས་ཀྱི་བསམ་བློ་བསྐྱར་གསོ་ཐུབ་པ་མ་ཚད། དེ་ལ་བརྟེན་ནས་སྲིད་འཛིན་ཞི་ཅིན་ཕིང་གི་ཀྲུང་གོའི་ཕུགས་འདུན་ཞེས་པ་ཁ་ཡོད་ལག་ཡོད་ཡིན་པ་དངོས་ར་སྤྲོད་ཐུབ། རྒྱ་ནག་གཞུང་གིས་བོད་འདི་ཨེ་ཤ་ཡའི་གླིང་ཆེན་ཁྱོན་ཡོངས་ཀྱི་ཁོར་ཡུག་དང་ཡར་རྒྱས་གོང་འཕེལ་ཐད་གལ་གནད་ཧ་ཅང་ཆེན་པོ་ཞིག་ཡིན་པ་ལས། བཤུ་གཞོག་གཏོང་ཡུལ་ཞིག་མིན་པར་ངོས་འཛིན་བྱེད་འགོ་བཙུགས་པ་ཡིན་ན། ཧོང་ཀོང་མི་མང་གིས་མ་འོངས་པར་ཁོང་ཚོའི་གནས་སྟངས་བོད་དང་གཅིག་མཚུངས་ཆགས་རྒྱུའི་ཞེད་སྣང་བྱེད་པ་དེའང་སེལ་ཐུབ་རྒྱུ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་དྲང་བདེན་གྱི་མངོན་འདོད་རྣམས་ཁས་ལེན་བྱས་པ་ཡིན་ན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆེ་མཐོང་ཆེ་རུ་འགྲོ་ངེས་རེད། ད་དུང་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་མང་པོ་འགྲོ་སོང་བཏང་སྟེ་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད་འཛམ་གླིང་ཁྱོན་ཡོངས་སུ་ཁུང་ཙིའི་སློབ་གཉེར་ཁང་འཛུགས་མ་དགོས་པའི་ཁེ་ཕན་ཡོད། དེས་ཀྱང་མ་ཚད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུས་ཏེ་ཕན་ཐོགས་བྱུང་བའི་སློབ་མ་ས་ཡ་མང་པོས་བོད་དུ་སློབ་གཉེར་ཆེད་དུ་ཡོང་རྒྱུ་དང་། ཆབས་ཅིག་རྒྱ་ནག་གཞུང་ལ་བག་ཆགས་བཟང་པོ་ཞིག་དང་། རྒྱལ་སྤྱིའི་ཐོག་ཆེ་མཐོང་དང་མིང་གྲགས་ཡོང་བའི་ཆ་རྐྱེན་བསྐྲུན་ཐུབ་རྒྱུ་རེད། དེས་ན་རྒྱ་ནག་གཞུང་གིས་དྲག་ཤུགས་དང་དཔལ་འབྱོར་གྱི་སྟོབས་ཤུགས་ངོམས་པ་ལས་བོད་ཀྱི་གནད་དོན་དྲང་བདེན་གྱི་ལམ་ནས་སེལ་ཐབས་བྱས་ན། རྒྱ་ནག་རང་ཉིད་ཀྱི་དགོས་འདུན་ལྟར་རྒྱལ་སྤྱིའི་ཐོག་བརྩི་འཇོག་ཐོབ་རྒྱུ་རེད། ཆ་རྐྱེན་འདིའི་འོག་རྒྱ་ནག་འཛམ་གླིང་ནང་དུ་སྣེ་ཁྲིད་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་རྒྱང་སྐྱོད་ཀྱི་གོམ་སྟབས་གསར་པ་ཞིག་སྤོ་ཐུབ་རྒྱུ་རེད། ཅེས་སོགས་བཀོད་འདུག
མཇུག་ཏུ་གསར་འགོད་པས་སྲིད་སྐྱོང་མཆོག་ལ་ཉེ་ལམ་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གིས། དེ་སྔོན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་ལ། ད་ལྟ་དང་མ་འོངས་པར་ཡང་བྱ་རྒྱུ་མིན་སྐོར་བརྗོད་ཡོད་སྟབས། བོད་རྒྱ་ཞི་མོལ་གྱི་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། ད་ལྟའི་གནས་བབ་གང་འདྲ་ཞིག་ལ་ཡོད་མེད། མ་འོངས་པར་བོད་རྒྱ་ཞི་མོལ་ཡོང་བ་ཡིན་ན། གཞི་ག་རེའི་ཐོག་ཡོང་གི་ཡོད་དམ་ཞེས་དྲིས་པར་ཁོང་གིས། རྒྱལ་སྤྱིའི་ལོ་རྒྱུས་ཁག་ལ་གཟིགས་པ་ཡིན་ན། ཉེ་ལམ་ལོ་རྒྱུས་ཐོག་གནད་དོན་ཡོད་པའི་རྒྱ་གར་དང་བྱང་ཨར་ལན་ཌི། ལྷོ་ཨ་ཧྥི་རི་ཁ་དང་ཤར་ཀྲེ་མུར། ཨེ་ཇེབ་བཅས་ཀྱི་དཀའ་རྙོག་སེལ་ཐུབ་ཡོད་པ་རེད། ང་ཚོས་རྒྱལ་ཁབ་དེ་དག་གི་དཀའ་རྙོག་མ་གསལ་བའི་ཉིན་གཅིག་གོང་གི་བགྲོ་གླེང་ལ་བལྟས་པ་ཡིན་ན། ཕར་ཕྱོགས་ནས་བཤད་པའི་སྐད་ཆ་དེ་རྩ་བ་ཉིད་ནས་བདེན་པ་མ་རེད། ང་ཚོས་བཤད་པ་དེ་བདེན་པ་ཡིན། ཕར་ཕྱོགས་ཀྱིས་བཤད་པར་ང་ཚོས་ཁས་ལེན་བྱེད་ཀྱི་མིན་ཟེར་གྱི་རེད་མ་གཏོགས། ཕར་ཕྱོགས་ཀྱིས་བཤད་པ་བདེན་པ་རེད། དེ་རིང་ཁས་ལེན་གྱི་ཡིན་ཟེར་གྱི་མེད་ཀྱང་། སྐད་ཆ་དེ་བཤད་པའི་ཉིན་མོ་དེར་ཁས་ལེན་བྱེད་ཀྱི་ཡོད་སྟབས། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཡང་དག་པ་ཡིན་ཟེར་བ་དེར། རྒྱ་ནག་གཞུང་གིས་ལན་འདེབས་འདི་འདྲ་ཞིག་རྒྱག་གི་རེད་མ་གཏོགས། ཡང་དག་པ་དངོས་གནས་རེད་ལབ་པ་ཡིན་ན་ཏན་ཏན་ཡང་དག་པ་ཡིན་པའི་ཐོག་ནས་སྲིད་བྱུས་གཏན་འབེབས་བྱས་ནས་ཐབས་ལམ་འཚོལ་དགོས་ཀྱི་ཡོད་སྟབས། སྔོན་མ་རྒྱ་ནག་གཞུང་གིས་བཤད་པའི་དཔེ་གང་འདྲ་ཞིག་ལ་གཟིགས་པ་ཡིན་ཡང་འགྲོ་སྟངས་དེ་ག་རང་རེད། དཔེར་ན་རྣམ་པ་ཚོས་ནེལ་སན་མན་ཌ་ལཱ་མཆོག་གི་རྣམ་ཐར་ལ་གཟིགས་པ་ཡིན་ན། ཁོང་བཙོན་ཁང་ནས་མ་ཀློད་པའི་ཉིན་འགའ་ཤས་སྔོན་ལ་ཡིན་ཡང་། མང་ཚོགས་ཀྱིས་ནེལ་སན་མན་ཌ་ལཱ་མཆོག་གིས་མ་འགྲིག་པ་གསུངས་ཡོད་ཀྱང་། ཁོང་བཙོན་ཁང་ནས་མ་ཀློད་གོང་ནེལ་སན་མན་ཌ་ལཱ་ཕྱི་རྒྱལ་ལུང་པར་ཁྲིད་དེ། ནང་ལ་ནང་མོལ་མང་པོ་ཞིག་གནང་ཡོད་པ་རེད། དེ་ཆབ་སྲིད་ཀྱི་འགྲོ་སྟངས་རེད། ང་ཚོ་ཡིན་ཡང་དབུ་མའི་ལམ་ཡང་དག་པ་ཡིན་པ། ཨ་རིའི་ཕོ་བྲང་དཀར་པོ་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཉེ་འཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱིས་དབུ་མའི་ལམ་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་བཀའ་མོལ་གནང་དགོས་རེད་གསུངས་ཡོད་པ་དེ། ང་ཚོར་དཔང་རྟགས་དང་རྒྱབ་སྐྱོར་ཡོད་པར་བརྟེན་ནས། ཁོང་རྣམ་པས་ཚུར་ལན་འདེབས་གནང་གི་ཡོད་པ་དེ་ཆབ་སྲིད་ཀྱི་འགྲོ་སྟངས་རང་ཆགས་ཀྱི་ཡོད་སྟབས། ང་ཚོས་གཏིང་ཟབ་ཞིབ་འཇུག་བྱེད་རྒྱུ་དང་། འབྲེལ་མོལ་ཡིན་ནའང་ད་ལྟའི་ཆར་དེ་སྔོན་ཞུས་པ་ལྟར་སྐུ་ཚབ་བསྐོས་པའི་ཐོག་ནས་སྔོན་མ་ང་ཚོས་འབད་བརྩོན་བྱས་ཡོད་པ་དང་། ཉེ་ཆར་སྐུ་ཚབ་མེད་པའི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ང་ཚོས་འབད་བརྩོན་བྱེད་རྒྱུ་སྔར་ལས་ལྷག་པ་མེད་ཀྱང་སྔར་བཞིན་བྱེད་བསྡད་ཀྱི་ཡོད་སྟབས། དེ་ལ་འཐུས་ཤོར་འགྲོ་རྒྱུ་རྩ་བ་ཉིད་ནས་ཡོད་མ་རེད་ཟེར་ནས་སྔོན་མ་ནས་ཡང་ཡང་ཞུ་མྱོང་ཡོད། གང་ཡིན་ཟེར་ན། སྔོན་མ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་ལ་བོད་རྒྱ་འབྲེལ་མོལ་གནང་ཡོད་སྟབས། ད་ལྟ་ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་ལ་བཀའ་མོལ་གནང་དགོས་པ་རེད་ཞུ་བསྡད་ཀྱི་ཡོད། ༧གོང་ས་མཆོག་ནས་དེ་སྔ་ཡིན་ནའང་ཐུགས་སྣང་གནང་གི་ཡོད་པ་རེད་ལ། ད་ལྟ་ཡིན་ནའང་ཐུགས་སྣང་གནང་གི་ཡོད་པ་རེད། བཀའ་ཤག་དང་དམིགས་བསལ་སྲིད་སྐྱོང་ལ་དེའི་ཐོག་འགན་དམིགས་བསལ་ཞིག་ཡོད་སྟབས། དེ་སྔ་ཡིན་ནའང་འབད་བརྩོན་གནང་ཡོད་ལ། ད་ལྟ་ཡིན་ཡང་སྔར་ལས་ལྷག་པ་མེད་ཀྱང་སྔར་བཞིན་འབད་བརྩོན་གནང་བའི་ཐོག་ནས་འཐུས་ཤོར་རྩ་བ་ཉིད་ནས་མ་འགྲོ་བའི་ཐོག་ནས་འགྲོ་དང་འགྲོ་མུས་ཡིན། ཞེས་གསུངས་བྱུང་།
གསར་འགོད་པ། དོན་གྲུབ།