སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་འོས་མི་དགེ་བཤེས་ཡེ་ཤེས་དགའ་བ་ལགས་སུ། ཁོང་སྤྱི་འཐུས་འོས་མིར་ལངས་པའི་སྐོར་ནས་བཅར་འདྲི་བྱེད་སྐབས། མ་འོངས་པར་མི་སྒེར་བར་འཁོན་འཛིན་དང་གླེང་རྙོག་ཅན་གྱི་སྤྱི་འཐུས་མེད་པ་བཟོས་ཏེ་གྲོས་ཚོགས་ར་བ་དེ་གཙང་མ་གཙང་རྐྱང་སྤུས་དག་ཅིག་ཡོང་བ་ཡིན་ན། ༸གོང་ས་མཆོག་དང་བོད་རྒྱ་ཆེའི་མི་མང་གི་བློ་བདེ་སྐོར་བརྗོད་བྱུང་།
དྲི་བ། ཐོག་མར་ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
དྲིས་ལན། ང་རང་ལོ་ ༡༠ སྟེང་རྒྱ་གར་དུ་ཡོང་ནས་འབྲས་སྤུངས་བློ་གསལ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭའི་ནང་བོད་དབྱིན་སྐད་ཡིག་གཉིས་སྦྱངས་པ་ཡིན། སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་ངའི་སྦྱངས་འབྲས་འཛིན་གྲྭ་མང་ཆེ་བའི་ནང་ཧ་ལམ་རྩེ་ཕུད་ཀྱི་གྲས་སུ་ཚུད་པ་དང་། དེའི་རྗེས་སཱ་ར་མཐོ་སློབ་དང་དབུས་རིགས་ལམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས་ཏེ་རབ་འབྱམས་པའི་མཚན་གནས་དང་། ཕྱི་ལོ་ ༢༠༠༩ ལོར་དགེ་བཤེས་དམ་འཇོག་ཞུས་པ་ཡིན། ཕྱིས་སུ་ཡང་མུ་མཐུད་སློབ་གཉེར་གྱི་ཞོར་དུ་བློ་གླིང་གོ་བོ་ཁང་ཚན་གྱི་དྲུང་ཡིག་དང་རིགས་སློབ་ཀྱི་དགེ་བསྐོས། དེ་བཞིན་སྒྲིག་འཛུགས་དང་ཚོགས་སྐྱིད་ཁག་གི་ལས་འགན་ཁུར་དུ་བླངས་མྱོང་བ་མ་ཟད། འདས་པའི་མི་ལོ་ ༦ རིང་ས་གནས་གྲོས་ཚོགས་ནང་ལས་འགན་ཚགས་ཚུད་བསྒྲུབས་པ་དང་། ལྷག་པར་དུ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་བགྲོ་གླེང་སོགས་ཀྱི་ཚོགས་འདུར་ཞུགས་ཏེ་གཏམ་བཤད་ཀྱང་མི་ཉུང་བ་ཞིག་སྤེལ་མྱོང་།
རྩོམ་བྲིས་ཐད་ནས་ཉེ་ལམ་ཚོགས་པ་སྒྲིག་འཛུགས་ཆེ་ཁག་གིས་པར་དུ་བསྐྲུན་ཟིན་པའི་རང་རྩོམ་དེབ་ཕྲེང་གསུམ་དང་སྒྱུར་རྩོམ་དེབ་ཕྲེང་བཞི། མི་འགྱང་བར་པར་དུ་བསྐྲུན་འཆར་ཡོད་པའི་རྩོམ་དེབ་གཉིས་བཅས་ཡོད། ང་རང་གི་རང་གཤིས་ཐད་ནས། ལས་འགན་ཆེ་ཆུང་གང་ཞིག་འགོ་བརྩམས་རྗེས་དེ་མཇུག་སྐྱོང་བའི་ཆོད་སེམས་བརྟན་པོ་ཡོད་ཅིང་། མི་ཆེ་ཆུང་སུ་འདྲ་ཞིག་ཡིན་རུང་དེ་ལ་མཐུན་འབྲེལ་བྱེད་པ་དང་། ལས་དོན་ཅི་འདྲར་ཐུག་ཀྱང་དེ་ཁ་གསལ་གཏིང་གསལ་བཟོ་ཐབས་སུ་བརྩོན་མཁན་ཞིག་ཡིན་ལ། ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་ནས་རྩོམ་སྒྲིག་དང་ཡིག་སྒྱུར་གྱི་ཞབས་ཞུ་སྒྲུབ་མུས་ཡིན།
དྲི་བ། རྒྱུ་མཚན་དང་དགོས་དམིགས་ཅི་འདྲ་ཞིག་གི་ཐོག་ནས་ཁྱེད་རང་མདོ་སྟོད་སྤྱི་འཐུས་སུ་ལངས་པ་ཡིན།
ལན། ང་རང་སྤྱི་འཐུས་ལ་ལངས་པའི་དམིགས་ཡུལ་གསུམ་གྱི་དང་པོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་བྱ་བ་གང་ཞིག་ཡིན་རུང་། ང་རང་གིས་འཇིགས་ཞུམ་ཆགས་སྡང་མེད་པའི་ཐོག་ནས་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན། གཉིས་པ་སྤྱི་འཐུས་ཟེར་ན་མི་མང་གིས་བདམས་པའི་མི་མང་གི་འཐུས་མི་ཞིག་ཡིན་དུས། མི་མང་གི་མངོན་འདོད་དང་མི་མང་གི་བདེ་སྡུག་དེ་གྲོས་ཚོགས་ར་བའི་ནང་བཤད་ཐུབ་རྒྱུ་གལ་ཆེན་པོ་རེད་ལ། གྲོས་ཚོགས་ནང་བཤད་པ་ཙམ་མ་ཡིན་པར་འཛིན་སྐྱོང་གི་ངོས་ནས་དོ་འཁུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་པོར་མཐོང་གིན་འདུག འདས་པའི་ལོ་ངོ་ ༦ རིང་ངས་ས་གནས་གྲོས་ཚོགས་ནང་ལས་ཀ་བྱས་པའི་ཉམས་མྱོང་ལ་གཞིག་ན། མི་མང་གི་བདེ་སྡུག་དེ་གྲོས་ཚོགས་ནང་བཤད་ནས་སྐུལ་འདེད་གཏོང་གི་ཡོད་པ་དེ་གོ་སྐབས་ལེགས་པོ་ཞིག་ཏུ་མཐོང་སོང་ལ། མ་འོངས་པར་མི་མང་གི་བདེ་སྡུག་དང་མི་མང་གི་མངོན་འདོད་དེ་གྲོས་ཚོགས་ར་བའི་ནང་གླེང་ཐུབ་ན་བསམ་ཡོད། གསུམ་པ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ཐོག་ནས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏང་རྒྱུ་དང་དབུལ་བོ་ཉམ་ཐག་ཚོར་རོགས་སྐྱོར། ལྷག་པར་དུ་བོད་ནས་ཡོང་མཁན་ཚོར་དམིགས་བསལ་ལྟ་རྟོག་དང་རོགས་རམ་བྱ་ཐབས་བཅས་ཡིན།
ང་སྤྱི་འཐུས་སུ་ལངས་པའི་རྒྱུ་མཚན། གཅིག་ནས་ང་རང་ཆུང་ཆུང་སྐབས་སུ་བཙན་བྱོལ་དུ་ཡོང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་དབུས་བོད་མིའི་སྒྲིག་འཛུགས་དང་། ལྷག་དོན་སོ་སོ་སྐྱེད་སྲིང་གནང་མཁན་དགོན་པ་གྲྭ་ཚང་དང་མཐོ་སློབ་ཁག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་སློབ་གཉེར་བྱས་པ་ཡིན་སྟབས། ད་ནི་རང་གི་བརྒྱུད་ལ་འབྱོར་བའི་ཤེས་འཇོན་གང་ཡོད་པ་དེ་བེད་སྤྱོད་གཏང་ས་མ་ནོར་བ་ཞིག་ཏུ་གཏོང་དགོས་བསམ་པ་དང་། གཉིས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱད་བཅུར་ཕེབས་ཟིན་ནའང་། ཁོང་གིས་ད་དུང་མུ་མཐུད་བོད་བསྟན་པ་ཆབ་སྲིད་དང་སྒོས་སུ་བོད་མི་མང་གི་ཆེད་དུ་སྐུ་ངལ་ཚད་མེད་སྐྱོན་བཞིན་པའི་སྐབས་འདིར། ང་ཚོས་རང་དོན་རྐྱང་རྐྱང་སྒྲུབ་ནས་བསྡད་པ་ཡིན་ན་དེ་ཏག་ཏག་ཅིག་འགྲིག་གི་མི་འདུག་བསམ་པ། གསུམ་ནས་འདས་པའི་ལོ་ངོ་ ༧ རིང་ལ་༧གོང་ས་མཆོག་གི་མཛད་རྣམ་ཕྱོགས་སྒྲིག་གི་ཞབས་ཞུ་སྒྲུབ་པའི་གོ་སྐབས་བྱུང་ལ། ད་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག དབུས་བོད་མིའི་སྒྲིག་འཛུགས་སུ་ཐད་ཀར་ཞབས་ཞུ་བསྒྲུབ་པའི་གོ་སྐབས་ཤིག་རག་ན་བསམ་ཡོད།
དེར་མ་ཟད་ཕྱི་ལོ་ ༡༩༩༩ ལོ་ནས་ད་ལྟའི་བར་མི་ལོ་ ༡༦ རིང་བཞུགས་སྒར་དྷ་རམ་ས་ལར་གཏན་སྡོད་བྱས་པའི་དུས་ཡུན་ནང་ཚོགས་པ་སྒྲིག་འཛུགས་ཁག་མང་པོའི་ནང་ལས་འགན་བསྒྲུབས་པའི་ཉམས་མྱོང་གང་འཚམ་ཞིག་ཡོད་སྟབས། མ་འོངས་པར་སྤྱི་འཐུས་གྲོས་ཚོགས་སུ་ཞབས་ཞུ་སྒྲུབ་པའི་བློ་སྤོབས་ཡོད་མཁན་ཞིག་དང་། རང་ཉིད་དགོན་པ་གྲྭ་ཚང་ནས་ཕྱིར་བུད་དེ་མི་སྐྱའི་སྤྱི་ཚོགས་ནང་འཚོ་སྡོད་བྱས་ཡོད་སྟབས། སྔར་ལས་ལྷག་པའི་ལས་དོན་མང་པོ་ཞིག་བསྒྲུབ་ཐུབ་ན་བསམ་པ་ཡིན།
དྲི་བ། ང་ཚོའི་སྤྱི་ཚོགས་ཐོག་སྤྱི་འཐུས་ཟེར་ན་མི་སྒེར་གྱི་མདུན་ལམ་འཚོལ་ས་དང་ཆོལ་ཁ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱེད་ས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་རེད། ཁྱེད་རང་གིས་སྤྱི་འཐུས་ཟེར་དུས་ག་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད།
དྲིས་ལན། སྤྱིར་བཏང་ང་ཚོ་བོད་པ་རང་ལ་ཆ་མཚོན་ནས་བཤད་ན། ང་ཚོའི་སྤྱི་འཐུས་ཡོང་སྟངས་དེ་གཙོ་བོ་ཆོལ་ཁ་ཆོགས་ལུགས་ཀྱི་ཐོག་ནས་ཡོང་གི་ཡོད་སྟབས། གཅིག་ནས་བོད་སྤྱི་བའི་བདེ་སྡུག་ལ་ངེས་པར་དུ་དགོངས་པ་བཞེས་དགོས་པ་དང་། གཉིས་ནས་སོ་སོ་ཆོས་ལུགས་ཆོལ་ཁ་གང་གི་འཐུས་མི་ཡིན་པ་དེའི་འོས་འགན་དང་དུ་བླངས་ཏེ་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་བདེ་སྡུག་ལ་ཐུགས་བསམ་བཞེས་དགོས་པ་ཞིག་ཏུ་བསམ་གྱི་ཡོད།
དྲི་བ། མ་འོངས་པར་ཁྱེད་རང་མདོ་སྟོད་སྤྱི་འཐུས་ཆགས་ན། ཁྱེད་ཀྱིས་འདོར་དུ་མེད་པའི་འོས་འགན་གལ་ཆེན་པོ་གསུམ་དང་ངེས་པར་དུ་འདོར་དགོས་པའི་རྩ་དོན་གསུམ་གང་དག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ལན། ང་རང་གིས་འདོར་མི་རུང་བའི་འོས་འགན་གསུམ་ལས་གཅིག་སྤྱི་འཐུས་ཟེར་བ་དེ་མི་མང་གི་འཐུས་མི་ཡིན་དུས། མི་མང་གི་མངོན་འདོད་དང་མི་མང་གི་བདེ་སྡུག་གང་ཡིན་པ་དེ་ངེས་པར་དུ་བསྒྲུབ་དགོས་པ་དང་། གཉིས་གཞུང་སྒེར་གཉིས་ལས་གཞུང་དོན་གཙོར་བཟུང་གི་ལས་དོན་བསྒྲུབ་དགོས་པ། གསུམ་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་རང་ཚུགས་ཐུབ་པའི་སྒོ་ནས་སྤྱི་འཐུས་ཀྱི་འོས་འགན་གང་ཡིན་པ་དེ་ལྷག་བསམ་རྣམ་དག་གིས་བསྒྲུབ་ཐུབ་དགོས་པར་མཐོང་གི་ཡོད།
ངེས་པར་དུ་འདོར་དགོས་པའི་རྩ་དོན་གསུམ་ལས་དང་པོ། ངས་ནམ་རྒྱུན་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་འདི་ལྟར་བཤད་བསྡད་ཡོད། གྲོས་ཚོགས་ཀྱི་ཆིག་སྒྲིལ་ནི་གྲོས་ཚོགས་ཀྱི་སྟོབས་ཤུགས་ཡིན་པ་དང་། གྲོས་ཚོགས་ཀྱི་སྟོབས་ཤུགས་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡིན་དུས། གལ་ཏེ་གྲོས་ཚོགས་ཀྱི་སྟོབས་ཤུགས་ཉམ་དམས་སུ་སོང་ན། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཀྱང་རང་བཞིན་གྱིས་ཉམ་རྒུད་དུ་འགྲོ་གི་རེད། དེར་བརྟེན་གྲོས་ཚོགས་ཀྱི་ནུས་སྟོབས་གཙོ་བོ་དེ་ཆིག་སྒྲིལ་ཡིན་སྟབས། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་ལ་སོགས་པའི་གཏོར་བཤིག་རིགས་ངེས་པར་དུ་འདོར་དགོས་པ་རེད། ཆོས་ལུགས་ཆོལ་ཁའི་ཕྱོགས་ཞེན་གྱི་རྐྱེན་པས། ང་ཚོའི་གྲོས་ཚོགས་ར་བའི་ནང་ཕན་ཚུན་དགྲ་རུ་ཆགས་ཏེ་ཆིག་སྒྲིལ་ཡོང་ཐུབ་ཀྱི་ཡོད་པ་མ་རེད། གཉིས་པ་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་རང་དོན་འབའ་ཞིག་གི་དབང་དུ་གྱུར་ཏེ། དབུལ་ཕོངས་ཀྱི་ས་ཁུལ་ཁག་ཏུ་གཞུང་དོན་ཕྱོགས་སྐྱོད་དུ་འགྲོ་དགོས་ཐུག་དུས། ང་ས་ཆ་དེར་འགྲོ་མི་ཐུབ་ཟེར་བའམ་དགོངས་པ་ཞུ་བ། ཡང་ཕྱི་རྒྱལ་ལ་འགྲོ་བའི་གོ་སྐབས་འདྲ་རག་དུས། དགའ་དགའ་དུང་དུང་གི་བུད་འགྲོ་བའི་རིགས་གཏན་འགོག་དགོས་ཀྱི་འདུག གསུམ་པ་གྲོས་ཚོགས་ནང་འགན་འཁུར་དང་གནས་ལུགས་མེད་པའི་སྐད་ཆའི་རིགས་ངེས་པར་དུ་འདོར་དགོས་པར་མཐོང་གི་ཡོད།
དྲི་བ། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་ལས་ཐད་ནས་འཐུས་ཤོར་དུ་སོང་བའམ། ཡང་ན་མ་འཇོན་མ་འགྲུབ་པའི་གནད་དོན་གང་དག་མཐོང་གི་འདུག ཁྱེད་རང་ལ་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན། དེའི་ཐད་ལ་ནུས་པ་དང་འཇོན་ཐང་ག་རེ་སྟོན་རྒྱུ་ཡོད།
ལན། ང་ཚོས་ནམ་རྒྱུན་སྤྱི་འཐུས་ཟེར་བ་དེ་ཕྱགས་མ་ནང་བཞིན་རེད་ཅེས་བཤད་ཀྱི་ཡོད། རྒྱུ་མཚན་ནི་ཕྱགས་མ་རྐང་གཅིག་གིས་མི་དགོས་པའི་གད་སྙིགས་མང་པོ་གཙང་མ་བཟོ་ཐབས་མེད་པ་ནང་བཞིན། གྲོས་ཚོགས་ར་བའི་ནང་དུ་འཐུས་མི་རེ་ཟུང་ཞིག་གིས་ནུས་པ་ཆེན་པོ་འདོན་ཐབས་ཡོད་པ་མ་རེད། དེ་བས་ཚང་མ་མཉམ་རུབ་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཀྱི་བསམ་གྱི་འདུག
གང་ལྟར་འདས་པའི་ལོ་ངོ་འདི་དག་རིང་སྤྱི་འཐུས་རྣམ་གྱི་ཞན་ཆ་འདི་རེད་ཅེས་མཛུབ་མོ་འཛུགས་ས་གང་ཡང་མི་འདུག་སྟེ། སྤྱི་འཐུས་གྲོས་ཚོགས་ནས་གང་ཐུབ་ཅི་ཐུབ་ཀྱིས་སྐབས་དུས་ཁོར་ཡུག་དང་བསྟུན་ནས་ལས་འགན་སྒྲུབ་ཀྱི་ཡོད་ཅིང་། ལས་འགན་སྒྲུབ་སྐབས་མཐུན་སྒྲིལ་མ་བྱུང་བ་དེ་འདྲ་ཡོང་གི་ཡོད་ཚོད་རེད་ལ། དེ་ནི་ཁོ་ཚོའི་ཞན་ཆར་མཐོང་གི་འདུག དེ་མིན་འདས་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཞན་ཆ་གཙོ་བོ་དེ་གླེང་རྙོག་ཅན་གྱི་སྤྱི་འཐུས་དང་མི་སྒེར་བར་འཁོན་འཛིན་ཅན་གྱི་སྤྱི་འཐུས་མི་ཉུང་བ་ཞིག་ཡོད་པ་དེ། ང་ཚོའི་སྤྱི་འཐུས་ནང་ལོགས་ཀྱི་ཞན་ཆ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དེ་ཡང་ཐོག་མར་བོད་བསྟན་པ་ཆབ་སྲིད་དང་བཀའ་ཤག་གི་སྐོར་ལ་གྲོས་གླེང་བྱེད་བཞིན་མཐའ་མར་མི་སྒེར་བར་འཁོན་འཛིན་གྱི་ནད་ཚ་དང་། ཆོལ་ཁ་ཆོས་ལུགས་བར་འཁོན་འཛིན་གྱི་ནད་ཚ་སོགས་ཀྱི་སྟེང་ལ་སོང་སྟེ། མཇུག་མཐར་དགྲ་དགའ་གཉེན་སྡུག་གི་སྡང་ཆགས་སུ་འགྲོ་གི་འདུག ཞན་ཆ་དེའི་འབྱུང་རྐྱེན་གང་རེད་ཅེ་ན། གོང་སྨྲས་ནང་བཞིན་སྤྱི་འཐུས་ནང་ལོགས་སུ་མི་སྒེར་བར་འཁོན་འཛིན་ཅན་གྱི་མི་སྣ་རེ་ཟུང་ཡོད་པ་དང་། ཡང་སྒོས་གླེང་རྙོག་ཅན་གྱི་སྤྱི་འཐུས་ཡོད་པའི་རྐྱེན་གྱིས་རེད། དེ་བས་མ་འོངས་པར་མི་སྒེར་བར་འཁོན་འཛིན་དང་གླེང་རྙོག་ཅན་གྱི་སྤྱི་འཐུས་མེད་པ་བཟོས་ཏེ་གྲོས་ཚོགས་ར་བ་དེ་གཙང་མ་གཙང་རྐྱང་སྤུས་དག་ཅིག་ཡོང་བ་ཡིན་ན། སྐུ་མདུན་གྱི་ཐུགས་དགོངས་དང་བོད་རྒྱ་ཆེའི་མི་མང་གི་བློ་བདེ་པོ་ཡོང་གི་རེད་བསམ་གྱི་འདུག
མ་འོངས་པར་ང་རང་སྤྱི་འཐུས་ཆགས་པ་ཡིན་ན། གཅིག་ནས་འཐུས་མི་ཚད་ལྡན་ཞིག་དང་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་རང་ཚུགས་ཐུབ་པའི་ཐོག་ནས་སྡོད་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡིན་ལ། གཉིས་ནས་གྲོས་ཚོགས་ཕྱི་ནང་གང་ཡིན་རུང་གྲོས་ཚོགས་ནང་ལོགས་ཀྱི་ཆིག་སྒྲིལ་སྲ་བརྟན་ཡོང་ཐབས་སུ་སྤྱི་འཐུས་གྲོས་ཚོགས་ནང་སྒེར་གྱི་འཁོན་འཛིན་ཅན་དང་གླེང་རྙོག་ཅན་ཉུང་དུ་གཏོང་ཐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཚོན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བར་དབུ་མ་དང་རང་བཙན་བར་གྱི་འཐབ་རྩོད། དེ་བཞིན་ཤུགས་ལྡན་ལ་སོགས་པའི་དཀའ་རྙོག་རིགས་སེལ་བའི་འོས་འགན་བསྒྲུབ་ཀྱི་ཡིན།
དྲི་བ། རང་རེའི་སྤྱི་ཚོགས་ནང་དགེ་འདུན་པ་ཚོ་ཆབ་སྲིད་ནང་ཞུགས་པར་གླེང་ཕྱོགས་སྣ་ཚོགས་ཡོད་པ་རེད། ཁྱེད་རང་ལ་དེའི་ཐད་དགོངས་ཚུལ་ག་རེ་ཡོད།
ལན། སྤྱིར་བཏང་ང་རང་དགེ་འདུན་པ་ཞིག་ཡིན་ཞིང་ང་སྤྱི་འཐུས་སུ་ལངས་དོན་ནི། གཅིག་ནས་ང་ཚོར་རང་དབང་དང་རྒྱལ་ཁབ་མེད་པའི་ཛ་དྲག་གི་གནས་སྟངས་ཤིག་གི་འོག་ནས་ང་སྤྱི་འཐུས་སུ་ལངས་པ་མ་གཏོགས། གལ་ཏེ་ང་ཚོར་ཡང་རྒྱལ་ཁབ་གཞན་པ་ནང་བཞིན་རང་དབང་ཡོད་པའི་ལུང་པ་ཞིག་ཡིན་ཚེ། ང་ཕལ་ཆེར་སྤྱི་འཐུས་སུ་ལངས་ས་མ་རེད་ལ། གཉིས་ནས་དེང་སང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་ཆབ་སྲིད་བཀའ་སློབ་ཁག་གཉིས་སྤེལ་ནས་མི་མང་གིས་གླེང་སློང་སྣ་ཚོགས་བྱེད་ཀྱི་འདུག བཀའ་སློབ་དེ་གཉིས་ལས་གཅིག་གི་ནང་བླ་མ་དགེ་བཤེས་ཚོས་ཆབ་སྲིད་ཀྱི་ཕྱག་ལས་གནང་དགོས་པ་རེད་ཅེས་དང་། བཀའ་སློབ་གཅིག་གི་ནང་བླ་མ་དགེ་བཤེས་ཚོ་ཆབ་སྲིད་ནང་ཞུགས་ན་མགོ་ལོག་བརྩི་ཡི་རེད་ཅེས་གསུང་གི་ཡོད་སྐོར་བཤད་ཀྱི་འདུག ༧གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཞིག་དེབ་གང་གི་ནང་དུ་གསུངས་ཡོད་པ་དང་དེ་སུ་ལ་གནང་བ་རེད་ཅེ་ན། དེ་ང་ཚོ་བོད་པར་གནང་བ་མ་ཡིན་པར། དེ་ཧི་མ་ལ་ཡའི་རི་བརྒྱུད་ལ་གནང་བ་ཞིག་རེད། ང་རང་༧གོང་ས་མཆོག་གི་མཛད་རྣམ་ཕྱོགས་སྒྲིག་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དེ་ངས་གསལ་བོར་ཤེས་ཀྱི་ཡོད། ཡིན་ན་ཡང་མི་མང་གིས་བཀའ་སློབ་དེ་དག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གཏོང་དུས། བཀའ་སློབ་ནང་གི་ཧི་མ་ལ་ཡའི་རི་བརྒྱུད་ཅེས་པའི་ཡིག་འབྲི་དག་བླངས་འདུག་ལ། བཀའ་སློབ་དེ་གཉིས་བུད་མེད་ལྷན་ཚོགས་ཀྱིས་ཕྱོགས་སྒྲིག་བྱས་པའི་<<བཀའ་སློབ་སྙིང་གི་ནོར་བུ་>>ཞེས་པ་དེའི་ནང་གསལ་པོ་འདུག
སྤྱིའི་ཆ་ནས་ད་ལྟ་རྒྱལ་བ་རིན་པོ་ཆེས་བླ་མ་དགེ་བཤེས་ཚོས་ཆབ་སྲིད་ལས་ཀ་བྱས་པ་ཡིན་ན་མི་སྐྱ་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུང་གི་ཡོད་པ་རེད། མི་སྐྱ་ཚོས་སྤྱི་ཚོགས་ཆབ་སྲིད་ནང་བརྒྱ་ཆའི་ ༥༠ ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་ན། དུས་ཚོད་ཀྱི་ཆ་དང་ཡང་ན་མི་རྐྱང་རྟ་རྐྱང་ཡིན་པའི་ཆ་ནས། བླ་མ་དགེ་བཤེས་ཚོས་བརྒྱ་ཆའི་ ༧༥ ཞབས་ཞུ་སྒྲུབ་ཐུབ་ཀྱི་ཡོད་སྟབས། བླ་མ་དགེ་བཤེས་ཚོས་ཆབ་སྲིད་ཤེས་ཀྱི་མ་རེད་ཅེས་བརྗོད་ན་དེ་འགྲིག་གི་མི་འདུག་ཅེས་གསུང་གི་ཡོད་པ་དེ། ང་ཚོ་བོད་པ་ཚོར་རང་དབང་གི་ལུང་པ་ཞིག་མེད་པའི་ཛ་དྲག་གི་གནས་སྟངས་ལ་གཟིགས་ནས་གསུངས་པ་རེད། དེ་འདྲ་ཡིན་སྟབས་མི་མང་གིས་དེའི་དབྱེ་བ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགོན་པ་གྲྭ་ཚང་ཁག་ཏུ་དགེ་འདུན་པ་ཚོས་ཆབ་སྲིད་ལ་དོ་སྣང་དགོས་སྐོར་གསུང་གི་ཡོད་པས། མི་རེ་འགས་ཆོས་ལུགས་སྤྱི་འཐུས་དགོས་ཀྱི་མི་འདུག་ཅེས་བཤད་ཅིང་། ཡང་ཕྱོགས་གཅིག་ནས་ཁ་སང་དེ་རིང་གི་སྤྱི་འཐུས་གྲོས་ཚོགས་ནང་དཔལ་ཇོ་ནང་བའི་ཆོས་ལུགས་སྤྱི་འཐུས་དགོས་ཀྱི་འདུག་ཅེས་ལག་པ་བཀྱགས་ཡོང་དུས། དེ་ཏག་ཏག་ཅིག་བསྡད་མ་སོང་བསམ་བྱུང་། རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཀྱི་ལག་ཏུ་རྩིས་སྤྲད་ཟིན་པ་དེ་བདེན་པ་རེད། ཡིན་ནའང་། ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་བསྩལ་ཡོད་པ་མ་རེད། ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་བསྩལ་མེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཁོང་གི་ཐུགས་འགན་ཆེན་པོ་གསུམ་གྱི་ནང་གི་མཐའ་མ་དེ། བོད་ཀྱི་གནད་དོན་དེ་ཁོང་གི་ཐུགས་འགན་ཡིན་གསུངས་ཡོད་པ་རེད། དེ་ག་ནང་བཞིན་མ་འོངས་པར་གལ་ཏེ་རྒྱ་ནག་གིས་དབུས་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་གང་གི་མཉམ་དུའང་སྐད་ཆ་བཤད་རྒྱུ་མིན། ༸རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་གྲོས་མོལ་བྱེད་ཀྱི་ཡིན་ཟེར་དུས། ༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཡོད་པ་ཏན་ཏན་མཚོན་གྱི་ཡོད། དེར་མ་ཟད་ཁོང་གིས་དུས་རྒྱུན་བོད་མི་ཡོད་དོ་ཅོག་ལ་བོད་དོན་གྱི་འགན་ཁུར་ཡོད་པ་གསལ་བོར་གསུང་གི་འདུག་ལ། ལྷག་པར་དུ་ཆབ་སྲིད་ནང་དགེ་འདུན་པ་ཡོད་དགོས་པའི་རྒྱུ་མཚན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁག་ནང་ཆོས་སྲིད་ཟུང་འབྲེལ་སྐོར་གསལ་འདུག དེར་བརྟེན་བཅའ་ཁྲིམས་ལ་འགྱུར་བ་མ་གཏང་བར་དུ་ང་ཚོ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། བཅའ་ཁྲིམས་ནང་སྤྱི་འཐུས་ཀྱི་འོས་དམིགས་ནང་དགེ་འདུན་པ་ཚོ་ཞུགས་མི་ཆོག་ཅེས་ཞུས་མེད། སྤྱིར་བཏང་གྲོས་ཚོགས་ར་བ་ཟེར་ན་རྒྱལ་ཁབ་ཅིག་ཚུགས་པའི་སྒྲོམ་གཞི་ལྟ་བུ་ཡིན་དུས། དེའི་ནང་དུ་དམག་དོན་དང་ཁྲིམས་ལུགས། དཔལ་འབྱོར་རིག་པ་དང་ནང་དོན་རིག་པ། མཚན་ཉིད་རིག་པ། རང་བཙན་གྱི་ལྟ་གྲུབ་དང་དབུ་མའི་ལམ་གྱི་ལྟ་གྲུབ་སོགས་གྲུབ་ཆ་སྣ་ཚོགས་ཤིག་ཡོད་དགོས་པ་མ་ཟད། གྲྭ་བཙན་དང་མི་སྐྱ། བླ་མ་དགེ་བཤེས་སོགས་ཕོ་མོ་དབྱེར་མེད་ཆ་ཚང་ཡོང་དགོས་པ་ཞིག་ཆགས་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཟེར་བ་དེ་སྡུག་ཆགས་ཤིག་མ་རེད། ཆབ་སྲིད་ཟེར་བ་དེ་སྔོ་ཚལ་གཏུབ་གྲི་ལྟ་བུ་རེད། སྔོ་ཚལ་གཏུབ་གྲི་དེ་མཐུན་མིན་གཉི་གར་བེད་སྤྱོད་ཡོད་པ་རེད། ཆབ་སྲིད་ཀྱི་ལེགས་ཉེས་ཅི་འབྱུང་ཆབ་སྲིད་སྒྲུབ་མཁན་གང་ཟག་ལ་རག་ལས་ཡོད་ཅེས་གསུངས་ཡོད་པ་རེད། སྔོན་ཆད་ང་ཚོའི་སྤྱི་ཚོགས་ནང་ཆོས་ལུགས་ཆོལ་ཁའི་འཐེན་འཁྱེར་དང་རང་བཙན་དབུ་མའི་བར་གྱི་འཐེན་འཁྱེར། བླ་མ་དགེ་བཤེས་ཚོར་ཁ་གཏོང་བ། དེ་བཞིན་ཤུགས་ལྡན་བསྟེན་མིན་ལ་སོགས་པའི་འགལ་བ་བཟོ་མཁན་མང་པོ་བྱུང་བ་རེད་ལ། དེང་སྐབས་ཀྱང་གྲྭ་བཙུན་དང་མི་སྐྱའི་བར་ལ་སྲིད་དོན་གྱི་འགལ་བ་བཟོ་ཡི་ཡོད་པའི་རྣམ་པ་གསར་བ་དེ་ངོ་མ་ཡག་པོ་མ་རེད། རྒྱུ་མཚན། དེ་རིང་གི་དབུས་བོད་མིའི་སྒྲིག་འཛུགས་ཟེར་བ་དང་གྲོས་ཚོགས་ར་བ་ཟེར་བ་འདི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་སྐུ་ངལ་བསྐྱོན་ནས་སྲ་ཐག་ཐག་ཅིག་དང་མེ་ཏོག་ནང་བཞིན་ཁྲ་ལྷེམ་མེར་བཞད་པ་ཞིག་བཟོས་ཡོད་པ་དང་། དེ་མདོར་དྲིལ་ན་བླ་མ་གྲྭ་བའི་བཀའ་དྲིན་ལ་བརྟེན་ནས་ཚུགས་པ་རེད། དབུས་བོད་མིའི་སྒྲིག་འཛུགས་སྲ་ཐག་ཐག་ཅིག་ཆགས་ཚར་བའི་རྗེས་ལ། བླ་མ་གྲྭ་བ་ཚོ་ཆབ་སྲིད་ནང་ཡོང་བ་འགོག་དགོས་ཀྱི་འདུག་ཡོང་ཆོག་གི་མ་རེད་ཅེས་བཤད་པ་ཡིན་ན། དེ་བོད་མིའི་ཆོས་དང་རིག་གཞུང་། གྲྭ་བ་དང་མི་སྐྱའི་བར་གྱི་གཏོར་བཤིག་གསར་བ་ཞིག་དང་། བོད་མིའི་ཆིག་སྒྲིལ་ལ་གཏོར་བརླག་ཐེབས་པའི་ཉེན་ཁ་ཞིག་ཡོང་གི་མེད་འགྲོ་བསམ་བྱུང་།
དྲི་བ། ཁྱེད་རང་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་དོ་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་པའི་ཆ་ནས། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་ཐད་ལ་མཐོང་སྣང་ག་འདྲ་ཡོང་གི་འདུག
ལན། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཐད་ནས་ང་རང་ཡིན་ན་ཡང་འདོད་བློ་གང་བ་ཞིག་ཡོང་གི་མི་འདུག་ལ། ལྷག་པར་དུ་གཏན་ལ་ཕབ་ཟིན་པའི་ཤེས་ཡོན་སྲིད་བྱུས་དེ་སྔོན་ཆད་ཟམ་གདོང་རིན་པོ་ཆེས་ལག་བསྟར་གནང་བ་ནང་བཞིན་དེ་ལྟའི་བཀའ་ཤག་ནས་ལག་ལེན་གནང་གི་ཡོད་མེད་ངས་གསལ་བོ་ཞིག་ཞུ་ཐུབ་མ་སོང་། ཉེ་ལམ་སྲིད་སྐྱོང་མཆོག་གི་གཟེངས་བསྟོད་ལས་རིམ་ནང་སློག་གྲྭ་ཁག་གི་བོད་ཡིག་སློབ་ཚན་གྱི་སྦྱང་འབྲས་བརྒྱ་ཆའི་ ༦༠ དང་། སློབ་ཚན་གཞན་དག་གི་སྦྱང་འབྲས་བརྒྱ་ཆའི་༩༠ ཟིན་པ་ཡིན་ན། དེ་ག་རང་ཆོག་གི་ཡོད་པ་དེ་ཏག་ཏག་ཅིག་འགྲིག་གི་ཡོད་ན་བསམ་བྱུང་། རྒྱུ་མཚན་བོད་ནང་ལ་ཆ་བཞག་ན། བོད་ཀྱི་སྐད་ཡིག་རིག་གཞུང་གི་ཆེད་དུ་གཅེས་པའི་སྲོག་ཀྱང་བློས་གཏོང་གནང་གི་ཡོད་པ་རེད། བོད་ཀྱི་སྐད་ཡིག་དེ་བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་སྲོག་རྩ་ཡིན་སྟབས། ང་ཚོས་ངེས་པར་དུ་བོད་སྐད་ཡིག་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་གནས་སྟངས་ཤིག་མཐོང་གི་འདུག་ལ། མ་འོངས་པར་ང་རང་སྤྱི་འཐུས་ར་བའི་ནང་ཐོན་ཐུབ་པ་ཡིན་ན། ངས་མུ་མཐུད་བོད་ཀྱི་སྐད་ཡིག་རིག་གཞུང་གོང་འཕེལ་གཏོང་ཐབས་སུ་དཀའ་ལས་རྒྱག་གི་ཡིན།
དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་འཐབ་རྩོད་ཀྱི་དམིགས་འབེན་གཙོ་བོ་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་སེལ་ཐབས་བྱ་རྒྱུ་དེ་ཡིན་སྐོར་གསུང་གི་ཡོད་པ་ལྟར། མ་འོངས་པར་ཁྱེད་རང་སྤྱི་འཐུས་ཆགས་པ་ཡིན་ན། བོད་ནང་གི་དཀའ་སྡུག་སེལ་ཐབས་སུ་གྲོས་གཞི་གསར་པ་ག་རེ་འདོན་འཆར་ཡོད།
ལན། གཅིག་ནས་བོད་ཀྱི་བདག་པོ་དེ་གཞིས་ལུས་རྒྱ་ཆེའི་མི་མང་ཡིན་པ་དང་། གཉིས་ནས་བཙན་བྱོལ་དུ་བསླེབས་པའི་ང་ཚོ་བོད་མི་ཉུང་ཉུང་ཞིག་ཡོད་པ་འདི་བོད་གཞིས་ལུས་མི་མང་གི་མགྲིན་ཚབ་པ་ཡིན་དུས། ད་ལྟའི་བར་དུ་ང་ཚོས་གཞིས་ལུས་བོད་མི་ཚོའི་མངོན་འདོད་སྒྲུབ་ཀྱི་ཡོད་པ་རེད། མ་འོངས་པར་གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་སྟངས་དེ་སྔོན་ཆད་ལྟར་རྒྱལ་ཁབ་ཕྱི་ནང་གི་སྲིད་གྲོས་གཉི་གར་ཞུ་བའམ། ཡང་ན་སྐད་འབོད་དང་མར་མེའི་ཁྲོམ་སྐོར། མཆོད་འབུལ་སོགས་བྱེད་པ་ལྟ་བུར་མཚོན་ན། སྤྱིར་བཏང་བོད་དོན་ལས་འགུལ་ཞིག་ཡིན་པ་མ་ཟད། ཕན་ཐོགས་ཀྱང་གང་འཚམ་ཞིག་ཐོན་གྱི་ཡོད་པ་རེད། ཡིན་ནའང་། དེ་ཙམ་གྱིས་ང་ཚོས་དོན་དམ་བོད་གཞིས་ལུས་མི་མང་གི་མངོན་འདོད་འགྲུབ་ཐུབ་ཀྱི་མེད་དུས། ད་ནི་སྔོན་གྱི་ལས་འགུལ་སྤེལ་སྟངས་མ་ཡིན་པའི་དམིགས་བསལ་བྱེད་ཐབས་གཞན་ག་རེ་ཡོད་མེད་ལ་ང་ཚོས་ངེས་པར་དུ་གོ་བསྡུར་བྱེད་དགོས་པ་ཞིག་ཆགས་ཡོད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྐབས་སུ། བོད་ཕྱི་ནང་གཉི་ག་ནས་ལངས་པ་རེད། ཡིན་ནའང་། དེ་ལ་བརྟེན་ནས་ད་དུང་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཐུབ་ཡོད་པ་མ་རེད་ལ། བོད་ལ་རང་དབང་ཡང་རག་ཡོད་པ་མ་རེད།
སྔོན་ཆད་གྲོས་ཚོགས་ནང་གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་ཐབས་ཀྱི་གྲོས་གཞི་མང་པོ་བཏོན་ཡོད་པ་རེད། གལ་ཏེ་ང་རང་མ་འོངས་པར་གྲོས་ཚོགས་ནང་ཐོན་ཐུབ་པ་ཡིན་ནའང་། གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་པའི་གྲོས་གཞི་འདོན་པ་ཙམ་མ་ཟད། རྒྱ་ནག་གཞུང་འགུལ་སྐྱོམ་མི་ཐེབས་རང་ཐེབས་ཆགས་ཐབས་སུ། ང་རང་ཚོའི་ནང་ཁུལ་དུ་གྲོས་བསྡུར་བྱས་ཏེ། གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་ཐབས་གསར་བ་ཞིག་འཚོལ་ཞིབ་བྱེད་རྒྱུ་ཡིན་ལ། བྱེད་འཆར་ཡང་ཡོད།
དྲི་བ། དེང་སང་ང་ཚོའི་སྤྱི་ཚོགས་ཁྲོད་དུ་དབུ་མ་དང་རང་བཙན་བར་གྱི་འགལ་བ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཁྱེད་ཀྱིས་བལྟས་ན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་པ་དང་། བོད་མི་མང་སྤྱི་འཐུས་ཤིག་ལ་དེའི་ཐད་འགན་འཁྲི་ག་རེ་ཡོད་པ་རེད་བསམ་གྱི་འདུག
ལན། དེ་རང་བཙན་གྱི་ལྟ་གྲུབ་མ་འགྲིག་པ་དང་དབུ་མའི་ལམ་གྱི་ལྟ་གྲུབ་མ་འགྲིག་པ་གང་ཡང་མ་རེད། ཡིན་རྒྱུ་ནི་འཐབ་རྩོད་བྱེད་སྟངས་དང་འཐབ་རྩོད་བྱེད་མཁན་གང་ཟག་གིས་ལས་སྟངས་མ་འགྲིག་པའི་དབང་གིས་བྱུང་བ་རེད། སྤྱིར་བཏང་ང་ཚོ་བོད་པར་མི་འབོར་ཉུང་ཉུང་ཞིག་ལས་མེད་སྟབས། རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་རྒྱུ་གལ་ཆེན་པོ་རེད། སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ཤོག་ཁག་གཉིས་བར་འགལ་བ་མི་ཆགས་པར་ཆིག་སྒྲིལ་ཡོང་བ། དེ་བཞིན་གཅིག་ཕན་གཅིག་གྲོགས་ལ་བརྟེན་ནས་བོད་སྤྱི་བའི་རྩ་དོན་བསྒྲུབ་དགོས་པ་གལ་ཆེན་པོ་རེད། གལ་ཏེ་ང་རང་མ་འོངས་པར་སྤྱི་འཐུས་ཆགས་པ་ཡིན་ན། འགལ་བ་དེ་རིགས་མི་འབྱུང་བའམ་ཆུང་དུ་གཏོང་དགོས་པའི་འགན་འཁུར་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག
གསར་འགོད་པ། པདྨ་རྒྱལ།
ནང་པའི་དགེ་འདུན་པ་ཞིག་ཡིན་ན་ནང་པ་གསངས་རྒྱས་པའི་ཆོས་ཀྱི་སློབ་ལ་འབད་ནས་སྤྱི་ཚོགས་ལ་འཕེན་བདེ་འགྲུབ་པ་ལས་རྙོག་རྫིང་ཆེ་བའི་ཆབ་སྲིད་ལ་འབྱུས་ཏོག་མ་བྱས་ན་ལེགས་བསམ་་་་་་་་
སྐུ་མཁྱེན་འདུག་ས་ནས་མ་བསྡད་པར་ གྲོགས་ཚོགས་ནང་ཆོལ་ཞེན་དང་གྲུབ་ཞེན་རྙིང་ཞེན་སོགས་ཀྱི་མདོག་ངན་བསྟན་རྩིས་མ་བྱེད་རོགས