རྒྱ་ནག་ནང་ལོ་རེར་བྱིས་པ་ཁྲི་ ༢ ཡས་མས་ལྐོག་འཚོང་བྱས་ཏེ་བཙན་གཡེམ་བཏང་བ་དང་དབང་པོ་གསོན་བཀོག་བྱས་པ་སོགས་ཀྱི་གནད་དོན་མང་པོ་འབྱུང་བཞིན་ཡོད་འདུག
དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ལྷོ་རྒྱུད་དང་དབུས་རྒྱུད་ཀྱི་ཧི་ནན་ཞིང་ཆེན་དང་ཧུའུ་པེ་ཞིང་ཆེན། ཀང་ཏུང་ཞིང་ཆེན་བཅས་སུ་འདི་ལོ་གཅིག་པུར་བྱིས་པ་ ༢༨༤ ལྷག་གཞན་གྱིས་རྐུ་འཕྲོག་དང་། ཕ་མས་ལྐོག་བཙོང་བྱས་ཏེ་ཆགས་སྲེད་ཀྱི་བརྙས་བཅོས་ཐེབས་པ་སོགས་ཀྱི་མནར་གཅོད་ཚད་མེད་མྱོང་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་གནད་དོན་དེ་སྔོན་འགོག་བྱེད་ཀྱི་ཡོད་སྐོར་བསྒྲགས་ཀྱི་ཡོད་ཀྱང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ནང་ལོ་རེར་བྱིས་པ་ཁྲི་ ༢ ཡས་མས་རྐུ་འཁྱེར་དང་བཙན་འཕྲོག་བྱེད་ཀྱི་ཡོད་པ་མ་ཟད། བྱིས་པ་མང་པོ་ཞིག་སོ་སོའི་ཕ་མས་གཞན་ལ་བཙོང་བའམ་བཙན་གྱིས་གཡོག་པོར་གཏོང་གི་ཡོད་སྐོར་བརྗོད་འདུག
རྒྱ་ནག་ནང་ལོ་རེར་བྱིས་པ་སྟོང་ཕྲག་མང་པོ་བོར་བརླག་ཕྱིན་པའི་གྲས་ཀྱི་མང་པོ་ཞིག་སོ་སོའི་ཕ་མས་གཞན་ལ་བུ་སྐལ་དུ་བྱིན་པ་དང་ལས་གཡོག་ཏུ་བཙོང་བ། ཡང་ན་སྨན་ཁང་དང་སློབ་གྲྭ། སྲང་ལམ་ནས་རྐུ་འཁྱེར་བྱས་པ་ཡིན་ལ། གཞན་ལ་བུ་སྐལ་དུ་བྱིན་པའམ་ཡང་ན་ལས་གཡོག་ཏུ་བཙོང་བའི་བྱིས་པ་མང་པོ་ཞིག་ཕྱིར་རང་ཡུལ་དུ་འབྲོ་མི་ཐུབ་པའི་ཆེད་དུ་མིག་གཉིས་ལོང་བ་བཟོ་ཡི་ཡོད་པ་དང་། དེ་བཞིན་ཞིང་གྲོང་སྤྱི་ཚོགས་ཁྲོད་ནས་བཙན་འཕྲོག་དང་རྐུ་འཁྱེར་བྱས་པའི་བྱིས་པ་མང་ཤོས་བུ་ཡིན་ཞིང་། བུ་ཚོ་འཚར་ལོངས་བྱུང་ན་ཁྱིམ་ཚང་གི་ཤུལ་འཛིན་དང་འཚོ་རྟེན་སྒྲུབ་ཐུབ་པས་ཡིན་འདུག གྲོང་གསེབ་ཀྱི་ཕ་མ་རྣམས་ཀྱིས་རང་གི་བུ་མོ་ཁྱིམ་ཚང་གི་ཁུར་བོ་འབའ་ཞིག་ཏུ་ངོས་འཛིན་གྱིས་གཞན་ལ་བཙོང་གི་ཡོད་སྟབས། གྲོང་གསེབ་ནས་བཙོང་བའི་བྱིས་པ་མང་ཆེ་ཤོས་བུ་མོ་ཡིན་འདུག
རྒྱ་ནག་པེ་ཅིན་ཉེན་རྟོག་ཁང་གིས་བསྒྲགས་པའི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༣ ལོ་གཅིག་པུའི་ནང་བྱིས་པ་ ༢༧༦༥ ཙམ་རྐུ་འཁྱེར་བྱས་པའི་ནང་ནས་བྱིས་པ་ ༦༣༡ ཙམ་རྩད་ཆོད་དེ་ ཁྱིམ་བདག་ལ་རྩིས་སྤྲད་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གི་སྙན་ཐོ་ཞིག་གི་ནང་། ཕྱི་ལོ་ ༢༠༡༤ ལོར་བྱིས་པ་ཁྱོན་ ༡༠༤༨ ལྷག་གཞན་གྱིས་རྐུ་འཕྲོག་བྱས་པའམ་ཕ་མས་ལྐོག་འཚོང་བྱས་ཡོད་པ་མ་ཟད། ལས་གཡོག་ཏུ་བཙོང་བའི་བྱིས་པ་མང་ཆེ་བར་འདོད་སྲེད་བརྙས་བཅོས་དང་མནར་གཅོད་ཡ་ང་བ་ཐེབས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རོའུ་ཊར་གསར་ཁང་གིས། ལོ་སྔོན་མར་རྒྱ་ནག་ནང་བྱིས་པ་རྐུ་འཁྱེར་གྱི་གནད་དོན་ཛ་དྲག་ཆགས་ཏེ། ད་ལྟའི་བར་བྱིས་པ་ ༡༣༠༠༠ བོར་བརླག་ཕྱིན་པའི་ཁྲོད་ནས་མང་ཆེ་ཤོས་ཤིག་ལྟ་སྐྱོང་བྱེད་མཁན་གྱི་ཕ་མ་མེད་པའི་དྭ་ཕྲུག་དང་། ཡང་ན་སྲིད་གཞུང་གི་བདེ་འཇགས་ལྟ་སྐྱོང་ཞན་པར་བརྟེན་ནས་བྱུང་བ་ཡིན་སྐོར་བརྗོད་འདུག
ཉེ་ལམ་ནས་རྒྱ་ནག་མི་མང་བདེ་འཇགས་ལྷན་ཁང་ (MPS) དང་རྒྱ་ནག་སྤྱི་མང་བདེ་དོན་ལྷན་ཁང་ (MCA) གཉིས་མཉམ་འབྲེལ་གྱིས་ལོ་གཅིག་རིང་ཞིབ་བཤེར་དང་རྩད་གཅོད་བྱས་ཏེ། ཕ་མ་མེད་པའི་བྱིས་པ་རྣམས་གཞན་ལ་བུ་སྐལ་དུ་སྟེར་རྒྱུ་དང་། གལ་ཏེ་བྱིས་པའི་ཕ་མ་སུ་ཡིན་རྩད་ཆོད་བྱུང་བ་ཡིན་ན། བྱིས་པ་དེ་ཕྱིར་ཁྱིམ་བདག་ལ་རྩིས་སྤྲོད་དགོས་པ་སོགས་ཀྱི་བཅའ་ཁྲིམས་གསར་པ་ཞིག་ལག་བསྟར་བྱེད་ཀྱི་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།