མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྨན་ཟེར་བ་ཞིག་གླེང་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་ཞིབ་འཇུག་ཚོགས་ཆུང་གི་མཐོང་ཚུལ་ནང་རྒྱ་གར་གྲོས་ཚོགས་ནང་གསོ་བ་རིག་པ་ཟེར་བའི་ཐ་སྙད་རང་མ་གཏོགས་བོད་སྨན་ཟེར་བ་ཞིག་གླེང་སློང་རྩ་བ་ནས་བྱུང་མེད་སྐོར་བརྗོད་འདུག

 

DSC_6496བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་ ༢ པའི་ཕྱི་དྲོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེད་འཛུགས་གནང་བའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་ཞིབ་འཇུག་གྲུབ་དོན་ཤོག་ངོས་ ༩ ཅན་ཞིག ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྙན་སྒྲོན་ཞུས་པ་དང་སྦྲགས། བགྲོ་གླེང་གསལ་བཤད་མང་པོ་གནང་བ་བརྒྱུད། དེ་རིང་ལས་ཉིན་མཐའ་མའི་སྔ་དྲོར་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་གྲོས་ཆོད་དོན་ཚན་ ༤ སྤྱི་མོས་གཏན་འབེབས་གནང་སོང་།

 

ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། ཚོགས་དྲུང་སྨན་རམས་པ་པདྨ་རྡོ་རྗེ་ལགས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་བཅས་ནས་འདས་པའི་ཟླ་ ༤ རིང་ཞིབ་འཇུག་གནང་བའི་མཐོང་ཚུལ་ཁག་ཅིག་ནི། ༡ ༽ བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནི་བཀའ་ཤག་གོང་མས་གལ་ཆེར་དགོངས་ཏེ་གྲོས་ཚོགས་ནང་ཁྲིམས་ཡིག་འཆར་འབུལ་དང་འབྲེལ་གཏན་འབེབས་བྱས་པའི་འོག་བཙུགས་པའི་སྒྲིག་འཛུགས་གལ་ཆེ་ཞིག་ཡིན་ཞིང་། ལྷག་པར་དུ་སྨན་ལྷན་གྱི་ངོས་ནས་གསོ་རིག་སློབ་གཉེར་ཁང་དང་། སྨན་སྦྱོར་ཁང་སོ་སོར་ཁྲིམས་སྒྲིག་དགོངས་དོན་དགོས་ངེས་ཞིབ་འཇུག་གནང་སྟེ་ངོས་ལེན་དེབ་སྐྱེལ་གནང་བཞིན་པ་ལྟར། སློབ་གཉེར་ཁང་དེབ་སྐྱེལ་བྱས་པ་བཞི་དང་། སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་དེབ་སྐྱེལ་བྱས་པ་ལྔ། སྨན་པ་རིགས་མི་འདྲ་བ་གསུམ་དེབ་སྐྱེལ་བྱས་ཏེ་ད་ལྟའི་བར་སྨན་ལྷན་གོང་འོག་ཕྱི་ནང་གི་སྨན་པ་དེབ་སྐྱེལ་ཡོད་པ་ ༤༥༥ བཅས་འདུག གོང་འཁོད་རྒྱུ་མཚན་དེ་དག་ལ་བརྟེན་ནས་སྲོལ་རྒྱུན་སྨན་གཞུང་གཞིར་བཟུང་ནས་སྨན་པ་དང་སློབ་གཉེར་ཁང་། སྨན་སྦྱོར་ཁང་ཚད་ལྡན་ཡོད་མེད་ཞིབ་འཇུག་ཞུ་བཞིན་པ་སོགས་གསོ་བ་རིག་པ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོར་ཞབས་འདེགས་གང་ཙམ་བསྒྲུབས་ཐུབ་པ་བྱུང་འདུག ད་དུང་ཡར་རྒྱས་ལ་མཐའ་མེད་པར་སོང་སྨན་ལྷན་གྱི་ཞུ་སྒོ་ཅི་ཡོད་མུ་མཐུད་མཇུག་སྐྱོང་གནང་དགོས་གལ།

 

༢ ༽ བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་འདས་པའི་ལོ་ ༡༠ ནང་སྨན་གཞུང་དང་འབྲེལ་བའི་གལ་ཆེའི་དབང་ལུང་ཁག་ཅིག་དང་། སྨན་གཞུང་དང་འབྲེལ་བའི་ཟབ་སྦྱོང་བཅས་གོ་སྒྲིག་གནང་སྟེ། སྨན་པ་ཚོར་ཐུགས་ཕན་གང་ཙམ་གསོས་ཐུབ་པ་བྱུང་འདུག

 

༣ ༽ ཆེས་མཐོའི་སྨན་པའི་ལྷན་ཚོགས་ལྟ་བུའི་སྒྲིག་འཛུགས་ཤིག་ཡོད་པའི་དབང་གིས་སློབ་གཉེར་ཁང་ཁག་ནས་ཐོན་པའི་གསོ་བ་རིག་པ་ཉམས་ལེན་པ་ཕྱི་ནང་གི་སྨན་པའི་བར་བགྲོ་གླེང་གྲོས་བསྡུར་དང་། ཕན་ཚུན་ཉམས་མྱོང་བརྗེ་རེས་སོགས་འབྲེལ་བ་གང་ཙམ་མཐུད་ཐུབ་པ་བྱུང་འདུག

 

༤ ༽ ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་བསྡུས་ར་བ་དང་། སྨན་པ་དཀའ་བཅུ་པ། སྨན་རམས་པ་བཅས་ཀྱི་རྩ་འཛིན་བསླབ་གཞི་གཅིག་གྱུར་གཏན་འབེབས་ཐུབ་པ་བྱུང་འདུག

 

༥ ༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཡིག་དགོངས་དོན་བོད་ཀྱི་གསོ་རིག་སྤྱི་ལ་ཁྱབ་པའི་གལ་ཆེའི་སྒྲིག་འཛུགས”བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས”འདི་ཉིད་མུ་མཐུད་གནས་དགོས་རྒྱུ་ནི་གསོ་རིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་གལ་ཆེར་མཐོང་ལ། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་གལ་ཆེ་ཞིག་ཡིན་པ་དང་། འཛམ་གླིང་སྤྱི་ལ་ཞབས་འདེགས་དོན་ཕན་ལྡན་པ་གང་ཙམ་ཞུས་དང་ཞུ་བཞིན་པ་མ་ཟད། བོད་ཀྱི་རྩ་དོན་ལའང་རང་བཞིན་གྱིས་ཕན་ཐོགས་གང་ཙམ་བྱུང་ཡོད་པ་མངོན་གསལ་ཡིན།

 

༦ ༽ རྒྱ་གར་དབུས་གཞུང་ནས་གསོ་རིག་ཁྲིམས་མཐུན་ངོས་ལེན་གནང་སྟེ་ལོ་ངོ་གང་ཙམ་ཕྱིན་ནའང་། རྒྱ་གར་དབུས་འབྲེལ་ཡོད་ལས་བྱེད་རྣམས་ལ་ད་དུང་གསོ་རིག་སྐོར་ངོ་སྤྲོད་མཐིལ་ཕྱིན་ཞུ་དགོས་འདུག་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་དེ་དོན་འགན་འཁུར་ཆེ་བཞེས་དགོས་གལ།

 

༧ ༽བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ལ་ད་ལྟའི་བར་འཕྲོད་བསྟེན་ལས་ཁུངས་དང་། བོད་ཀྱི་སྨན་རྩིས་ཁང་། ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ། ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཅས་ནས་མཐུན་འགྱུར་གང་ཐུབ་གནང་འདུག ད་དུང་མུ་མཐུད་དགོས་ངེས་མཐུན་འགྱུར་གང་དྲག་གནང་དགོས་གལ་ཆེར་མཐོང་།

 

༨ ༽ ད་རེབ་རྒྱ་གར་དབུས་ཨ་ཡུ་ཤུ་ལས་ཁུངས་ཁག་གི་གཞུང་འབྲེལ་མི་སྣ་མཇལ་འཕྲད་སྐབས་གསོ་བ་རིག་པར་གཟིགས་ཕྱོགས་ཆེན་པོ་ཡོད་པ་མ་ཟད། ཚོགས་ཆུང་ལའང་སྣེ་ལེན་ངོས་བཞེས་སོགས་གང་ལེགས་གནང་བྱུང་། ལྷག་པར་དུ་གསོ་རིག་ལ་ཐུགས་སྣང་ཆེན་པོ་གནང་བཞིན་འདུག དེ་བཞིན་རྒྱ་གར་གཞུང་ནས་གསོ་རིག་ཉམས་ཞིབ་ཁང་ཞིག་གསར་འཛུགས་གནང་འཆར་ཡོད་པ་མ་ཟད། ད་བར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ལའང་ཟབ་སྦྱོང་སོགས་གོ་སྒྲིག་གནང་སླད་དཔལ་འབྱོར་གྱི་མཐུན་འགྱུར་ཡང་གནང་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༠ བའི་ཉིན་ ༨ པའི་ནང་སྨན་པའི་ལྷན་ཚོགས་ཐོག་ལ་བགྲོ་གླེང་གནང་སྐབས་ཉམས་ཞིབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། ༢༠༡༠ ལོར་རྒྱ་གར་གྲོས་ཚོགས་ནང་གླེང་སློང་མང་པོ་བྱུང་ཏེ། (AYUSH) ཨ་ཡུ་ཤུ་ཞེས་ནས་ (Ayurveda) (Yoga) (Unani) (Siddha) (Homoeopathy) ཞེས་པའི་རིག་གཞུང་ ༥ སྔོན་མ་ནས་རྒྱ་གར་ནང་དེབ་སྐྱེལ་བྱས་ཡོད་པ་དང་མཉམ་དུ། བོད་ཀྱི་གསོ་བ་རིག་པ་དེ་ཧི་མ་ལ་ཡའི་རྒྱལ་རྒྱུད་དང་། མང་པོ་ཞིག་ཉམས་ལེན་དང་ཕྱག་ལས་གནང་མཁན་མང་པོ་ཡོད་སྟབས། རྒྱ་གར་གཞུང་གིས་གལ་ཆེར་རྩིས་ནས་ཨ་ཡུ་ཤུ་དང་མཉམ་དུ་གསོ་བ་རིག་པ་དེའང་རྒྱ་གར་གཞུང་གིས་ཁྲིམས་ཀྱི་ཐོག་ནས་ངོས་འཛིན་ཐོབ་པ་ཡིན་གྱི། དེབ་སྐྱེལ་ཙམ་མ་རེད། ཁ་སང་ནས་ཨ་ཡོ་ཞཱིའི་ནང་ལ་ (S) ཨེད་སི་ཞིག་ལྷག་མ་ཡོང་བ་དེ་གསོ་བ་རིག་པ་ཟེར་བ་དེ་རེད། གསོ་བ་རིག་པ་ཟེར་བའི་ཐ་སྙད་རང་མ་གཏོགས་བོད་ཟེར་བ་དེ་རྒྱ་གར་གྲོས་ཚོགས་ནང་ལ་གླེང་སློང་བྱུང་མི་འདུག་ལ། བོད་སྨན་ཟེར་བ་ཞིག་གྲོས་ཚོགས་ནང་གླེང་སློང་རྩ་བ་ནས་བྱུང་མི་འདུག དེ་ཡང་གོང་མའི་སྲིད་གཞུང་སྐབས་སུ་རེད། གསོ་བ་རིག་པ་ཟེར་བ་དེ་རྒྱ་གར་གྲོས་ཚོགས་ནང་ལ་གསལ་བཤད་ཡོངས་སུ་རྫོགས་པ་བྱུང་ནས། རྒྱ་གར་གྲོས་ཚོགས་འཐུས་མི་ ༥༥༤ ཡིས་གསོ་བ་རིག་པ་ཡང་དག་པའི་ཁྲིམས་འཛིན་ནང་ངོས་འཛིན་ཐོབ་འདུག

 

རྒྱ་གར་གཞུང་གི་སྨན་པའི་ལྷན་ཚོགས་འོག ཨ་ཡུ་ཤུ་དང་གསོ་བ་རིག་པ་ཟེར་བའི་ལས་ཁང་ཨ་མའི་འགྲོ་སོང་ཡོངས་རྫོགས་རྒྱ་གར་གཞུང་གིས་གཏོང་གནང་གི་ཡོད་སྟབས། གསོ་བ་རིག་པར་འགྲོ་སོང་གཏོང་ཡང་། འགྲོ་སོང་ལེན་མཁན་གྱི་སྒྲིག་འཛུགས་ཤིག་དགོས་ཀྱི་ཡོད་པ་རེད། དེ་ (Institution) སློབ་གཉེར་ཁང་ཙམ་གྱིས་འགྲིག་གི་མི་འདུག ཡོངས་རྫོགས་ལ་ཁྱབ་པའི་སྒྲིག་འཛུགས་ཚོགས་པ་ཞིག་དགོས་ཀྱི་འདུག ད་ལྟའི་བར་དུ་སྤྱི་ཡོངས་ལ་ཁྱབ་པའི་སྒྲིག་འཛུགས་དེ་ང་ཚོའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་རེད། སྤྱི་ཡོངས་ལ་ཁྱབ་པའི་སྒྲིག་འཛུགས་ཤིག་དགོས་པ་དང་། དེའི་སྒྲིག་འཛུགས་དེ་གནད་འགག་ཆགས་ཡོད་སྟབས། གསོ་བ་རིག་པའི་ལྷན་ཚོགས་དེ་ངེས་པར་དུ་གནས་ཐུབ་པར། ང་ཚོའི་རེ་བར་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ནར་གཏོང་རང་གནང་དགོས་འདུག་ཅེས་ཞུས་ཀྱི་ཡོད། དེ་ཡང་རྒྱ་གར་གཞུང་ནང་བཞིན་ནར་གཏོང་གནང་དགོས་འདུག གལ་སྲིད་རྒྱ་གར་གཞུང་ནང་བཞིན་གནང་མ་ཐུབ་ཀྱང་སྲ་བརྟན་ཡོང་བར་གང་ཐུབ་ཐུབ་གནང་དགོས་ཀྱི་འདུག་ཅེས་ཚོགས་ཆུང་གིས་གསོལ་འདེབས་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

 

ཡང་ཁོང་གིས་གསོ་བ་རིག་པ་ཟེར་བའི་ནང་བོད་ཅེས་པའི་ཐ་སྙད་མེད་པའི་སྐོར་ལ། རྒྱ་གར་གཞུང་གིས་ངོས་འཛིན་ཐོབ་པའི་གསོ་བ་རིག་པའི་ནང་བོད་ཟེར་བའི་ཐ་སྙད་དེ་ཡོད་པ་མ་རེད། རྒྱ་གར་གཞུང་གི་ངོས་འཛིན་ཡིག་ཆ་དང་གཞུང་གི་ཁྲིམས་ཡིག་ནང་བོད་ཟེར་བའི་ཐ་སྙད་མེད་སྟབས་ང་ཚོས་བོད་ཟེར་ནས་ཨུ་ཚུགས་རྒྱག་རྒྱུ་གང་ཡང་མི་འདུག ཡིན་ན་ཡང་། ནམ་རྒྱུན་ང་ཚོའི་བགྲོ་གླེང་དང་བཀའ་མོས་མང་པོའི་ནང་བོད་ཟེར་བ་མེད་དུས་ང་ཚོའི་གསོ་བ་རིག་པ་གནས་མ་གནས་ཤིག་ཡོང་ཡོད་སྟབས། བོད་ཟེར་བའི་ཐ་སྙད་དེ་མེད་ན་འགྲིག་གི་འདུག་ཅེས་ཞུས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

 

དེ་རིང་ལས་ཉིན་མཐའ་མར་ལྷན་ཚོགས་དང་འབྲེལ་བའི་གྲོས་ཆོད་དོན་ཚན་བཞི་སྤྱི་མོས་གཏན་འབེབས་བྱུང་བ་ནི། ༡ ༽ ཚོགས་ཆུང་ནས་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་འབྲེལ་བའི་ཞིབ་འཇུག་ཞུ་སྒོ་རུ་བསྐྱར་ཞིབ་ཚགས་འཁུར་བསྐྱེད་གང་ལེགས་གནང་འདུག་པར་ལེགས་སོའི་བསྔགས་བརྗོད་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་ཁག་ནས་ཀྱང་ཞིབ་འཇུག་ཚོགས་ཚུང་ལ་མཐུན་འགྱུར་ཇི་དགོས་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ།

 

༢ ༽ ཚོགས་ཆུང་གི་སྙན་ཐོའི་རྒྱབ་གཉེར་དོན་ཚན་ ༣ པའི་ནང་གསལ་འཛིན་སྐྱོང་བཀའ་ཤག་ནས་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་བརྒྱུད་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་ཐད་ལྷན་ཚོགས་ཀྱི་འཛིན་སྐྱོང་རྨང་གཞི་རང་རྐང་ཐོག་སྲ་བརྟན་དུ་ལང་ཐུབ་པ་ཞིག་མ་བྱུང་བར་ཆ་ཚང་གསོལ་བསྩལ་གནང་ཐབས་དགོས་རྒྱུ།

 

༣ ༽ བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མིའི་ཐད་འབྲེལ་ཡོད་སྡེ་ཚན་ཁག་གིས་གཞུང་འབྲེལ་ཐོག་ནས་གཏོང་ཐབས་གནང་དགོས།

 

༤ ༽ གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་བཞེས་གནང་བར་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། “བོད་ཀྱི་གསོ་བ་རིག་པ་” འདི་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིག་གཞུང་ཞིག་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་རང་རེའི་འབྲེལ་ཡོད་སྡེ་ཚན་ཁག་ཚང་མས་འདི་དག་མི་ཉམས་རྒྱུན་འཛིན་དང་དར་སྤེལ་སླད་འགན་ཁུར་ཆེར་བསྐྱེད་ཀྱིས་འཐུས་ཤོར་མ་སོང་བ་གནང་དགོས་པ་བཅས་རེད།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese