མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 བོད་ལ་ཡོངས་གྲགས་སུ་ཆོས་ལུགས་གཉིས་ལས་མེད་ཀྱང་ཆོས་ལུགས་སྤྱི་འཐུས་བཅུ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

སུམ་བྷའི་བུ་རབས།

ཉེ་བའི་ཆར་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་གང་སར་དེང་དུས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ཇོ་ནང་པའི་མང་གཙོའི་ཐོབ་ཐང་གི་རྩིད་གཞི་དང་འབྲེལ་བའི་འུར་གཏམ་དང། དཀྲོག་གཏམ། འཁྱོག་བཤད་སོགས་ཀྱི་ཡོ་ལང་ཞིག་བརྒྱག་བཞིན་པ་ཀུན་པོས་མཁྱེན་གསལ་ལགས། སྤྱིར་རང་ཉིད་ལྟ་བུར་མཚོན་ན་ཆོས་དང་སྲིད་གང་ལ་མི་མཁས་ཤིང་རྒྱུན་གཏན་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་ཐོན་བཞིན་པའི་མཁས་དབང་དང་། རྩོམ་པ་པོ། ཉམས་ཞིབ་པ། ཆབ་སྲིད་པ། ཆོས་པ་སོགས་གང་གི་ཆར་མ་གཏོགས་པའི་བོད་མི་དཀྱུས་མ་ཞིག་ནས་རང་གི་རིག་པས་དཔྱད་པའི་ལྟ་ཚུལ་དང་འཆར་སྣང་ཙམ་ལྷག་བསམ་ཟོལ་མེད་ཀྱིས་འདིར་འགོད་བྱ་རྒྱུའི་འདུན་པ་བསྐྱང་ནས་ཡོད་ཀྱང་། དོན་སྙིང་ལྡན་ཞིང་ཀུན་ལ་སྙན་པའི་དཔྱད་གཏམ་ཞིག་སྤེལ་རྒྱུའི་གདེང་སྤོབས་རྩ་ནས་མེད་པས་འགལ་ཛོལ་བྱུང་ཚེ་སྔོན་ཚུད་ནས་བཟོད་བསྲན་ཞུ། ཐོག་མར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིར་མང་གཙོ་གསོལ་རལ་བསྩལ་ཏེ་དུས་རབས་ཉི་ཤུ་པའི་ལོ་རབས་ ༦༠ ནང་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་པ་ནི་ཤི་ཏུ་ནས་དགའ་འོས་པ་ཞིག་ཡིན་པ་སྨོས་ཅི་ལ་དགོས། འོན་ཀྱང། སྐབས་དེ་དུས་བཙན་བྱོལ་བོད་གཞུང་གི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་ཧ་ཅང་ཞན་པ་མ་ཟད། གཞུང་འཛིན་མཛད་གཙོ་རྣམ་པའི་ཁྲོད་ན་ཆོས་པ་བན་རྒན་ཁྱུ་གཅིག་དང་། ཡང་དག་པའི་མང་གཙོའི་ལམ་ལུགས་ལ་གོ་རྟོག་མཐིལ་ཕྱིན་མེད་པའི་ཆབ་སྲིད་པ་ཞེ་གཅིག་གིས་ཕྱོགས་ཞེན་དང་། འཐེན་འཁྱེར། འཁོན་འཐབ། དབང་ཤད། དཔུང་ཤོག་ཆེ་ཆུང་སོགསཀྱི་གནས་བབ་འོག་ཏུ། བཙན་བྱོལ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་རྩོད་གཞི་ཅན་འདི་གཏན་འབེབས་བྱུང་བ་མིན་ནམ་སྙམ་པ་ནི་ང་ཚོའི་མིག་སྔར་དུ་ལྷག་བའི་སྤྱི་ལྷན་གྱི་ཁྲིམས་ཡིག་མ་དག་པ་དེ་ནས་རྟོགས་ཐུབ། བློ་གཟུ་བོར་གནས་པའི་སྒང་ནས་བཤད་ན། ལོ་རྒྱུས་ཐོག་བོད་ཁ་བ་གངས་ཅན་ལྔོངས་ལ་ཡོངས་གྲགས་སུ་དར་བ་སྟོན་པ་བཀའ་དྲིན་ཅན་ཟུང་གི་བསྟན་པའི་ཆོས་ལུགས་ཆེན་པོ་གཉིས་ལས་མེད་པ་ལོང་བས་ལྟས་ཀྱང་རྒྱལ་ཁམས་ཟེར་བའི་དཔེ་དང་གཉིས་སུ་མེད། དེ་འང་། སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་རྒྱལ་དང་། བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་ཐུབ་པའི་དབང་པོ་རྣམ་གཉིས་ཀྱི་བསྟན་པ་བོན་པོ་དང་བན་དེ་ཞེས་པ་དེ་གཉིས་རེད། རང་ཉིད་ཆུང་དུས་བོད་ལ་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་བག་ཆགས་དང་དྲན་ཚོད་དུ། བོད་ནང་གི་གཞི་རིམ་མང་ཚོགས་ཀྱི་སེམས་ངོར་འཛིན་པའི་བོད་ཀྱི་ཆོས་ལུགས་ཆེན་པོ་གཉིས་ནི་བོན་དང་བན་གཉིས་ལས་མེད་པ་གསལ་པོ་དྲན་གྱི་འདུག་པ་མ་ཟད། བན་བོན་གཉིས་ཀྱི་གྲུབ་མཐའི་དབར་ལ་མཆོག་དམན་གྱི་ལྟ་ཚུལ་དང་ཕྱོགས་ཞེན་གྱི་རྣམ་པ་སྣ་ཚོགས་ཡོད་པ་ནི་བོད་བཙན་པོའི་དུས་ནས་བཟུང་བོད་ཀྱི་རྒྱལ་རྒྱུད་རིམ་པའི་མི་རབས་གོང་མ་ཚོའི་ཤུལ་བཞག་ལྟ་བུ་ཆགས་ཡོད། འོན་ཀྱང་། བན་དེའི་ཆོས་ལུགས་ཉམས་ལེན་པའི་དབར་ལའང་སྔོན་བྱོན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རིམ་བྱོན་སོ་སོའི་བཞེད་པ་དང་འདོད་ཚུལ་མི་གཅིག་པར་ལྟོས་ཏེ། ས་དགེ་བཀའ་རྙིང་བཅས་ཁག་བཞི་རུ་གྱེས་ནས་ཕན་ཚུན་འཁོན་འཐབ་དང་མཆོག་དམན་གྱི་འཁྲུག་རྩོད་དུ་མ་ཤོར་ཐད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ཁག་དུ་འཁོད་པའི་སྐྱུག་བྲོ་བའི་སེར་མོ་བའི་གཡུར་འགྱེད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་གཞིགས་ན་ཚོད་དཔག་ཐུབ་པ་ཞིག་རེད། ད་འོ་ན། ས་དགེ་བཀའ་རྙིང་བཞི་པོ་བན་དེའི་ཆོས་ཀྱི་ཁོངས་སུ་མ་གཏོགས་པའི་ཆོས་ལུགས་གཞན་དུ་རྩིས་ན་འགྲིག་གམ་ཞེས་ན། རྩ་ནས་འགྲིག་མི་སྲིད་དེ། དེ་དག་ནི་བན་ཆོས་ཀྱི་གྲུབ་མཐའི་རྣམ་བཞག་ཙམ་དང་སྔོན་བྱོན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཚོའི་བན་ཆོས་ཉམས་ལེན་སྐབས། བཞེད་པ་དང་འདོད་ཚུལ་མི་གཅིག་པ་ལས་དོན་དུ་བན་དེའི་ཆོས་ལུགས་སམ་སངས་རྒྱས་ཤཀྱཱ་ཐུབ་པའི་ཆོས་རང་ལ་ཉམས་སུ་ལེན་མཁན་ཤ་སྟག་ཡིན་པས་ཆོས་ལུགས་གཞན་དུ་དགར་མི་རུང་བ་རང་བཞིན་ཚད་མས་སྒྲུབ་པ་ཡིན། དེས་ན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་རུ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་འཐུས་མིའི་ཁོངས་སུ། ས་དགེ་བཀའ་རྙིང་བཞི་ལ་ཐོག་མ་རང་ནས་ཆོས་ལུགས་ཀྱི་འཐུས་མིའི་ཐོབ་ཐང་གཅིག་མཚུངས་ཞུས་སྤྲད་དགོས་པའི་རྒྱུ་མཚན་ཅི་ཡིན་ཆ་མ་རྟོགས། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་ནམ་རྒྱུན་དུ་གནད་ཡོད་མི་སྣ་ཁག་གི་གཏམ་བཤད་དང་། གཞུང་འབྲེལ་ཡིག་ཆ་ཁག་ནང་བོད་ཀྱི་ཆོད་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཏེ་ཆོས་ལུགས་ལྔ་ཡོད་པའི་ལོག་འགྲེལ་གྱི་འཁྱོག་བཤད་རྒྱུན་འབྱམས་འགྲོ་བཞིན་པར། བོད་ཀྱི་མཁས་པའི་དབང་པོ་ཚོས་ཀྱང་ཤེས་བཞིན་དུ་མ་ཤེས་ཁུལ་བྱེད་ནས་འཛེམས་ཟོན་ཁོ་ནའི་འོག་སུས་ཀྱང་དེ་སྔ་གླེང་སློང་མེད་པར་དེ་མུར་འགྲོ་བཞིན་པ་ཅིས་ཀྱང་ལེགས་བཅོས་དགོས་གལ་མངོན། ལོག་འགྲེལ་དང་འཁྱོག་བཤད་ཟེར་དོན་ནི། ས་དགེ་བཀའ་རྙིང་བཞི་ནི་བོད་རང་གི་ཆོས་ལུགས་སམ་ཆོས་རྒྱུད་ཆེན་པོ་བཞི་པོ་ཡིན་པའི་ཚུལ་དང་། གཡུང་དྲུང་བོན་ནི་བོད་ཀྱི་ཆོས་རྒྱུད་ཆེན་པོའི་ཁོངས་སུ་མ་ཚུད་པ་ལྟ་ཅི། ཤུགས་བསྟན་དུ་བོད་དང་འབྲེལ་བ་མེད་པའི་ཟུར་དུ་ལུས་པའི་ཆོས་ལུགས་ཆུང་ངུ་ཞིག་མིན་མ་སྙམ་པ་ལྟ་བུའི་རྐུབ་གྲལ་ལ་བཞག་པ་བཅས་ཀྱི་ལོག་འགྲེལ་དུ་གྱུར་བ་ནི་ཆེས་མ་འོས་པ་ཞིག་རེད། དེ་ནི་བོད་རང་གི་གནའ་བོའི་རིག་གནས་ཤུལ་བཞག་གི་རིན་ཐང་གི་ཆ་མ་རྟོགས་པར་ཁྲེལ་མེད་སྣང་མེད་ཀྱིས་མེས་པོའི་རིགས་གནས་ཤུལ་བཞག་རྡོག་རིལ་བཏང་བ་མིན་ནམ། རྒྱུ་མཚན། ང་ཚོ་བོད་མི་རྩམ་གཟན་ཚོས་དུས་རབས་འདི་ལ་བློ་སྒོ་ཕྱེས་ཏེ་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་རྟགས་ཤིང་དཔྱད་ན་ང་ཚོས་ངེས་པར་དུ་བདག་གཅེས་དང་ཉམས་པ་སླར་གསོ་བྱ་འོས་པ་ནི། རིན་ཐང་གཞལ་དུ་མེད་པའི་བོད་གདོད་མིའི་དུས་ཀྱི་བོད་ཁ་བ་ཅན་པའི་ཆོས་ལུགས་ཆེན་མོ་ངོ་མ་དེ་འམ། ཕ་ཆོས་དྭངས་མ་ཞྭ་དཀར་གཡུང་དྲུང་བོན་འདི་ཉིད་ཆགས་ཡོད་པ་སུས་ཀྱང་འགེབ་སྲུང་མི་ཐུབ་པའི་ཡུན་རིང་ལྡན་པའི་ལོ་རྒྱུས་རིང་མོ་ཡོད། དོན་དངོས་ཐོག་བཤད་ན་དེ་ནི་ཕྱིན་ཅི་ལོག་པ་ཡིན (བོད་ཀྱི་ཆོས་ལུགས་ཆེན་མོ་གཡུང་དྲུང་བོན་དང། བོད་རྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ཆོས་རྒྱུད་ཁག་བཞི་)བཅས་ཟེར་ན་ཕྱོགས་སུ་མ་ལྷུང་བའི་དྲང་བདེན་གནས་པ་འཛམ་གླིང་མཁས་པའི་མིག་སྔར་འཇོག་ཆོག སྔ་མོ་ནས་བྱུང་པའི་བན་བོན་དབར་གྱི་འཁོན་འཐབ་དང་ཤན་ཤུགས་ཀྱི་སྟབས་ཀྱིས་དང་ཐོག ༡༩༦༠ ནང་ཙན་བྱོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་རུ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་འཐུས་མིའི་ཁོངས་སུ་བོད་རང་གི་ཆོས་ལུགས་ཆེན་མོ་ཞྭ་དཀར་གཡུང་དྲུང་བོན་ནམ། བོད་ཀྱི་མེས་པོ་གོང་མའི་ཕ་ཆོས་ལ་ཁྱད་གསོད་ཀྱིས་ཉམ་ཉེས་གཏོང་སླད། བཙན་བྱོལ་བོད་མིའི་ཁྲིམས་བཟོ་དབང་འཛིན་པས་གྲོས་ཚོགས་སུ་བོན་གྱི་འཐུས་མིའི་ཞབས་སྟེགས་ཆེད་དུ་མེད་པ་བཟོས་ཡོད། ཕྱིས་སུ་ ༡༩༧༧ ལོར་གཞི་ནས་བོན་པོའི་སྤྱི་འཐུས་ཀྱི་ཐོབ་ཐང་རྩོད་ལེན་བྱུང་བ་སོགས་སྐྱི་གཡའ་བའི་ཉེ་རབས་ལོ་རྒྱུས་གསོན་པོ་དང་འབྲེལ། སྐབས་དེའི་བཅན་བྱོལ་བོད་མིའི་ཁྲིམས་བཟོ་དབང་འཛིན་ཚོའི་བྱ་སྤྱོད་ལ་ཕྱིར་མིག་རེ་བལྟས་ན་ཁྲེལ་ཡོད་གང་ཟག་ཞིག་ཡིན་ཚེ་ད་གཟོད་ངོ་ཚ་དང་གནོང་འགྱོད་སྐྱེད་དགོས་ལ། རང་སྐྱོན་ཉེས་ཁྲི་ཁས་བླངས་པའི་སྒོར་ནས་བོད་ཀྱི་མེས་པོ་གོང་མ་ཚོ་ལ་ཕྱིན་ཆད་དེ་འདྲ་མི་བྱ་རྒྱུའི་འགྱོད་བཤགས་ཀྱང་བྱ་དགོས་པ་ཞིག་ཅི་ལགས་མིན།

 

དེ་ལས་ཕྱི་ཅི་ལོག་སྟེ་སྔ་མོ་རྒྱ་གར་གྱི་ཆོས་ལུགས་ཕྱིས་སུ་རིམ་པས་རྒྱ་དཀར་ནག་སོགས་བརྒྱུད་དེ་བོད་དུ་དར་ཁྱབ་བྱུང་བའི་ཆོས་ལུགས་ཏེ། བོད་བརྒྱུད་ནང་བསྟན་ཞེས་པའི་ནང་གསེས་བྱེ་བྲག་པ་ས་དགེ་བཀའ་རྙིང་བཞི་ལ་བོད་ཀྱི་ཆོས་ཀྱི་ཆོས་རྒྱུད་ཆེན་པོ་བཞིའི་མིང་དུ་རྒྱན་ཏེ། སྤྱི་འཐུས་གྲོས་ཚོགས་སུ་གཅིག་ལ་གཅིག་ལྟོས་ཀྱིས་འཐུས་མིའི་ཞབས་སྟེགས་བཟོས་ཡོད་པས་ཁྱབས་ཁོངས་སུ་རང་ལུགས་མཆོག་འཛིན་གྱི་བླ་གྲྭ་རྣམ་གཙོས་པའི་དད་ལྡན་འབངས་མི་ཐམས་ཅད་ད་བར་འདོད་བློ་ཁེངས་ཤེང་བདེ་བར་འཁོད་ཡོད།

 

ད་རེས་རྒྱལ་བ་ཇོ་ནང་ཆོས་རྒྱུད་རྗེས་འབྲང་པས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཇོ་ནང་ཆོས་རྒྱུད་ལ་ཞབས་སྟེགས་ས་མིག་ཀྱི་དགོས་འདུན་འདོན་བཞིན་ལྟར། ཁོང་ཅག་ལ་ཐོབ་ཐང་དེ་རྩོད་པའི་གོ་སྐབས་ཡོད་ལ་རྩོད་སྟངས་དེ་འང་མང་གཙོའི་ལམ་ལུགས་དང་མཐུན་པར་སྙམ། བཙན་བྱོལ་བོད་མིའི་མང་གཙོ་གཞུང་གི་མང་གཙོའི་ཀ་བ་གསུམ་ལས་སྤྱི་འཐུས་ལྷན་ཁང་ངམ་ཁྲིམས་བཟོའི་དབང་འཛིན་གྱི་ཆོས་ལུགས་འཐུས་མིའི་ཞབས་སྟེགས་དང་འབྲེལ་བའི་ཁྲིམས་ཡིག་ལ་བསྐྱར་ཞིབ་ཡང་དག་ཞིག་མ་ཞུ་བར་དུ། ཇོ་ནང་པས་མུ་མཐུད་ངོ་རྒོལ་བྱ་རྒྱུ་དེ་འང་འོས་ཤིང་མཚམས་པ་ནི་གཟུར་གནས་པ་ང་འདྲའི་ལྟ་ཚུལ་ཡིན་པ་དང་སྦྲགས། ཇོ་ནང་ལས་འགུལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བ་ཡིན། སྔར་ནས་ད་བར་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཁོར་ཡུག་ནང་ཆོས་ལུགས་འཐེན་འཁྱེར་གྱི་དཀའ་རྙོག་རིགས་རྫོགས་མེད་མུ་མཐུད་བྱུང་དང་འབྱུང་བཞིན་པ་འདི་ང་ཚོས་ངེས་པར་དུ་གདོང་ལེན་བྱ་དགོས་པའི་གནད་དོན་གལ་འགངས་ཆེ་བ་ཞིག་ཡིན་པ་དང་། དཀའ་གནད་འདི་རིགས་རྩ་བ་ནས་སངས་བར་བྱ་བ་ལ་བྱས་སུ་ཞུགས་པའི་ས་དགེ་བཀའ་རྙིང་བཞིའི་བསྟན་བདག་བླ་ཆེན་རྣམ་པས་དོན་དམ་པའི་ཆོས་ལུགས་རིས་མེད་ཐུགས་ལ་སྒོམ་ནས། བོད་མི་རིགས་ཀྱི་སྤྱི་བའི་རྩ་དོན་དང་མི་རིགས་མཐུན་སྒྲིལ་གོང་བུ་གཅིག་གྱུར་ལ་དམིགས་པའི་མཛད་པ་རླབས་པོ་ཆེ་ཞིག་ཅིས་ཀྱང་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་དུས་ལ་བབ་འདུག ཁ་གསང་ནས་ཞུས་ན་བསྟན་བདག་བླ་ཆེན་རྣམ་པས་རང་རང་སོ་སོའི་ཆོས་རྒྱུད་ཀྱི་གྲུབ་མཐའི་ལམ་ལུགས་རྙིང་པར་ཞེན་ཆགས་ཀྱིས་ཕྱོགས་སུ་མ་ལྷུང་པར། བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ས་དགེ་བཀའ་རྙིང་བཞི་ནི་བན་དེའི་ཚོས་ལུགས་ལས་མཆེད་པའི་ནང་ཚན་ཙམ་ལས་མདོར་དེད་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་རང་ཡིན་པའི་ངོས་འཛིན་ཞལ་བཞེས་གནང་ཕྱོགས་དང་འབྲེལ། ས་དགེ་བཀའ་རྙིང་བཞིའི་བསྟན་བདག་བླ་ཆེན་རྣམ་པའི་དབར་ལ་གཞི་མཐུན་གྲོས་གཞི་གྲོས་མཆོད་ཀྱི་ལམ་ནས་ཆོས་ལུགས་གཅིག་ཏུ་སྒྲིལ་རྒྱུའི་འབད་པ་ཅིས་ཀྱང་བསྐྱང་དགོས། དེ་ལྟར་བྱུང་ན་ད་བར་གནས་པའི་བན་དེའི་ནང་ཚན་ཆོས་རྒྱུད་ཁག་གི་དབར་ལ་རང་ལྟ་མཆོག་འཛིན་གྱི་འཁྲུག་རྐྱེན་ཞི་བ་དང་། མང་གཙོའི་ཆབ་སྲིད་ལྡིང་ཆའི་ཐོག་ཆོས་ལུགས་འཐུས་མིའི་རྩོད་རྙོག་རིགས་མི་ཡོང་བ་བཅས་ཀྱི་དགེ་མཚན་དུ་མ་ལྡན།

 

ཅི་སྟེ། ད་ལྟའི་སྐབས་འདིར་གོང་ཞུས་ལྟར་སྐྱེས་ཆེན་བསྟན་བདག་རྣམ་པའི་མཛད་འཕྲིན་རླབས་ཆེན་འོག་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ལ་ལུག་མཐུན་འགྱུར་བ་ཞིག་གཏོང་སྟེ། ས་དགེ་བཀའ་རྙིང་བཞི་ཀའི་སྤྱི་འཐུས་ས་མིག་ཕྱིར་བསྡུ་བྱ་ནས་བོན་པོའི་ཆོས་ལུགས་སྤྱི་ཡི་སྤྱི་འཐུས་ལྟར། བན་དེའི་ཆོས་ལུགས་སྤྱི་ལའང་འཐུས་མི་གཉིས་ཀྱི་ཞབས་སྟེགས་འབུལ་རྒྱུ་དང་། ཡང་ན། མང་མོས་དང་སྤྱི་མོས་ཀྱི་ལམ་ནས་སྤྱི་འཐུས་ལྷན་ཚོགས་སུ་ཆོས་ལུགས་སྐུ་ཚབ་དགོས་པ་མ་གཟིགས་ན་དེ་ལུག་ཀྱིས་མེད་པ་བཟོ་རྒྱུ་བཅས་འོས་ཤིང་མཚམས་པའི་གདམ་ཀ་འདི་གཉིས་མཐོང་། ཁ་ཙང་དེ་རིང་དུས་ལ་སྐབས་རྗེས་མའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་། ཇོ་ནང་ཆོས་རྒྱུད་པས་སྤྱི་ལྷན་ལ་ངོ་རྒོལ་གྱི་གནས་ཚུལ་བཅས་ལ་མང་ཚོགས་ཀྱིས་དོ་སྣང་ཤུགས་ཆེར་བྱས་པ་དང་འབྲེལ་སྤྱི་ཚོགས་དྲ་ལམ་ཁག་ཏུ། བོད་མི་སྐྱ་སེར་མི་ཉུང་བས་བསམ་ཚུལ་ལ་ཆོས་ལུགས་འཐུས་མི་རྩ་ནས་མི་དགོས་པ་དང་། ཆོལ་ཁའི་ཁོངས་སུའང་སེར་མོ་བ་མི་གདམ་རྒྱུ་བཅས་སྲོད་དོན་ཀྱི་གྲོས་ར་ནང་སེར་མོ་བས་ཐེ་ཇུས་རྩ་ནས་མེད་པའི་ལམ་ལུགས་དགོས་པའི་བསམ་ཚུལ་ཤུགས་ཆེར་མངོན། འོན་ཀྱང་། བོད་མི་རིགས་ནི་མཛམ་གླིང་མི་རིགས་གཞན་དང་མི་འདྲ་བར་ཆོས་ལུགས་ལ་དད་པའི་བག་ཆགས་ཟབ་པ་མ་ཟད། བོད་ཀྱི་འབོར་ཁྱོན་ནས་བོད་ས་ཡོངས་ལ་ཆོས་སྡེ་ཚན་པ་དང་བླ་སྤྲུལ་གྲྭ་བཙུན་གྱི་ཞལ་གྲངས་ཧ་ཅང་མང་བས་ཆོས་ལུགས་འཐུས་མི་ཡོད་དགོས་སྙམ། སྤྱི་འཐུས་གྲོས་ཚོགས་སུ་ཆོས་ལུགས་ཆེན་མོ་གཉིས་དང་འབྲེལ་བའི་བཀའ་གནད་ཕྲད་ཚེ་མི་སྐྱ་ཕལ་བས་སྟངས་འཛིན་དཀའ་བའི་ཆོས་ལུགས་འཐུས་མི་སེར་མོ་བ་གཉིས་རེ་ཡོད་དགོས་སྙམ། ༸གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་གནང་བཞིན་བོད་ལ་ངོམས་སུ་ཆོག་པའི་གཅེས་ནོར་ནི་བོད་རྒྱུད་ནང་བསྟན་དང་། བོན་གྱི་རིག་པའི་གཞུང་ལུགས་གཉིས་ཆགས་ཡོད་པས་སྐབས་དུས་སོ་སོར་རྒྱལ་སྤྱིའི་ལྡིང་ཆའི་ཐོག་ང་ཚོའི་ཆོས་ལུགས་འཐུས་མི་ཡོད་དགོས་སྙམ་པ་བཅས་སོ།

 

གལ་སྲིད་བླ་ཆེན་རྣམ་པའི་བཀའ་འབྲེལ་འོག་བོད་མིའི་བཅན་བྱོལ་གྲོས་ཚོགས་སུ་ས་དགེ་བཀའ་རྙིང་གི་ཆོས་ལུགས་འཐུས་མིའི་ཕྱིར་བསྡུ་ཐུབ་པ་བྱུང་ན། ད་གཟོད། རྒྱལ་བ་ཇོ་ནང་པའང་བན་དེའི་ཆོས་ལུགས་སྤྱིའི་འོག་ཏུ་ངང་གིས་ཚུད་ཡོད་པ་མ་ཟད། གྲོས་ཚོགས་སུ་བན་སྤྱིའི་སྐུ་ཚབ་འཐུས་མིའི་གཉིས་ཀྱི་ཞབས་སྟེགས་ཐོབ་ངེས་པས་བན་དེའི་ཆོས་རྒྱུད་ཚང་མས་རང་རང་གི་གྲུབ་མཐའ་དང་འབྲེལ་བའི་ལུང་རྟོག་གཉིས་ཀྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུ་ལས་མ་འདས། བན་དེའི་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་བན་གྱི་ཆོས་སྡེ་ཕན་ཚུན་བགྲོ་གླེང་གིས་ཐག་གཅོད་དགོས་པ་ཞིག་རེད། ད་རེས་ཇོ་ནང་པའི་ངོ་རྒོལ་སྐབས་མཚམས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོང་ཞུས་ལྟར་ཆོས་ལུགས་སྤྱི་འཐུས་ཕྱིར་སྐུམ་གྱི་ཐག་གཅོད་དེ་འདྲ་ཞིག་བྱུང་པ་ཡིན་ན། ཇོ་ནང་ཆོས་རྒྱུས་པའི་ལས་འགུལ་འདེ་འང་ཚོས་ལུགས་ཀྱི་རྙོག་གཞི་སངས་བའི་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་རླབས་ཆེན་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟ། གལ་ཏེ། སྤྱི་འཐུས་ལྷན་ཚོགས་ནས་གོང་གསལ་ལྟར་ས་དགེ་བཀའ་རྙིང་གི་ཆོས་ལུགས་སྤྱི་འཐུས་ཀྱི་ཞབས་སྟེགས་ཕྱིར་བསྡུའི་ཐག་གཅོད་གནང་རྩིས་མེད་ན་ཇོ་ནང་ཆོས་རྒྱུད་ལ་འདྲ་མཉམ་གྱི་འཐུས་མིའི་ས་མིག་ཞུས་སྤྲོད་གནང་དགོས་ཆགས་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། གྲོས་ཚོགས་ནས་ཇོ་ནང་ཆོས་རྒྱུད་ལ་ཆོས་ལུགས་འཐུས་མིའི་ཐོབ་ཐང་གནང་ཚེ། ལོ་ཉེས་པའི་ཐོག་ལ་མུ་གེའི་ཁ་སྣོན་ཟེར་བའི་དཔེ་ལྟར། མ་འོངས་བོད་ཀྱི་སྤྱི་ཚོགས་ནང་ཆོས་ལུགས་འཐུས་མིའི་ཐོབ་ཐང་ཐད་རྩོད་རྙོག་ཇི་ཆེར་འགྲོ་རྒྱུ་ཡིན་པ་དངོས་ཤེས་མེད་ཀྱང་རིག་ཤེས་ཀྱིས་བཤད་ཐུབ། གང་ལགས་ཞེས་ན། ས་དགེ་བཀའ་རྙིང་དང་ཇོ་ནང་བཅས་ལ་ཆོས་ལུགས་འཐུས་མིའི་ཞབས་སྟེགས་ཕུལ་ཚེ་དེ་འདྲ་བའི་ཆོས་རྒྱུད་གཅིག་རྗེས་གཉིས་མཐུད་དུ་ཡོང་ངེས་རེད། དཔེར་ན། བཀའ་གདམ་གསར་མའི་ཆོས་རྒྱུད་དང་། རྒྱལ་བ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལྟ་བུའི་བན་ཆོས་ལ་ནང་ཚན་དུ་མ་ཡོད། ལྷག་པར་དུ་བོད་པ་ཁ་ཆེ་བ་དང་། ཡེ་ཤུས་པ་སོགས་ཆོས་ལུགས་གཞན་པའི་རྗེས་འབྲངས་པ་ཡོད་དོ་གཅོད་དང་། དེ་དག་གི་ནང་གསེས་ཚན་པ་ཁག་ལ་འདྲ་མཉམ་གྱི་ཆོས་ལུགས་འཐུས་མིའི་ཐོབ་ཐང་སྤྲོད་དགོས་ཆགས་རྒྱུ་གོར་མ་ཆག དེར་རྟེན། སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གཟབ་ཀྱིས་ཆུ་མ་ཡོང་གོང་ནས་ཆུ་རགས་ཞེས་པའི་དཔེ་ལྟར། སླད་མར་བོད་ཀྱི་གྲོས་ཚོགས་ཀྱི་སྲིད་དོན་ལྡིང་ཆའི་ཐོག་ཆོས་ལུགས་ཁ་ལ་གཡར་ནས་ཆོས་སྡེ་ཁག་གི་སྐུ་ཚབ་འཐུས་མི་འཚང་ཁ་ཤིག་ཤིག་ངང་མི་ཡོང་བའི་ཐབས་ལམ་ཞིག་འཚོལ་རྒྱུ་ཧ་ཅང་གལ་འགངས་ཆེ། སྔོན་འགོག་ཆུ་རགས་མ་རྒྱབ་ཚེ་ནམ་ཞིག་གདན་ས་གྲྭ་ཚང་ཆེ་ཆུང་ནས་ཀྱང་ཐོབ་ཐང་རྩོད་སའི་ལམ་སྲོལ་ཞིག་ཆགས་རྒྱུ་ངེས་པས་ཁྲིམས་ལུགས་དབང་འཛིན་པ་ཚོས་བསམ་གཞིག་ནན་མོ་བྱ་དགོས་པའི་གནས་སུ་ལྷུང་ཡོད། ཕྱི་ལོ་ ༢༠༡༦ ལོའི་བཅན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་འགྲན་པའི་ཁོངས་ནས་རྒྱལ་གཅེས་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གཏམ་བཤད་ལས《ཆོས་ལུགས་དེ་ཆོས་ལུགས་ས་ལ་བསྡད་ནས། དད་པ་དེ་དད་པའི་ས་ལ་བཞག་ན། མིའི་རིགས་ལ་ལ་དཀའ་ངལ་བཟོ་ཡོང་བ་མ་རེད། ཡིན་ནའང། ང་ཚོའི་སྤྱི་ཚོགས་འདིས་དད་པ་དད་པའི་ས་ན་མ་བཞག་པར་། དད་པ་ལོག་སྤྱོད་གཏོང་ནས་མིའི་རིགས་ལ་འབུར་འཇོམས་བྱས་པ་། མགོ་བསྐོར་གཏོང་བ། འཇིགས་བསྐུལ་བྱས་པ། དེ་ལ་གཞུང་གི་སྔོན་ལྐོག་གཉིས་ནས་རྒྱབ་བསྐྱོར་བྱས་པ་ཡིན་ན། འདི་ནི་བོད་མི་རིགས་རྩ་མེད་འགྲོ་བའི་དུག་རྩ་རེད་ 》ཅེས་གསུང་པ་ནི་སྤྱི་ཚོགས་འདི་ལ་སྨན་པའི་དུས་རབས་ཀྱིས་བཅོང་བརྡ་སྙན་མོ་ཞིག་བཏང་སོང་སྙམ་པ་བྱུང། མདོར་དོན་ཡང་སྙིང། བཅན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་ཆོས་ལུགས་གནད་དོན་དང་འབྲེལ་བའི་དཀའ་རྙོག་འདོམས་སྒྲིག་ཞུ་ཕྱོགས་བཟང་ཤོས་ནི། བོད་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ཆོས་ལུགས་ཆེན་མོ་བོན་དང་བན་གཉིས་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་གྲུབ་ཆའི་ཆོལ་གསུམ་ཆོས་ལུགས་བཅས་ཀྱི་འཐུས་མི་ཁོངས་སུ་བན་བོན་གཉིིས་ལ་འཐུས་མི་གཉིས་རེའི་ཐོབ་ཐང་འབུལ་རྒྱུ་དེ་ཡིན་པར་སྙམ། དེ་དང་ལྷན་དུ་སླད་མར་ཆོས་ལུགས་གཞན་ནས་ལུགས་མཐུན་མང་གཙོའི་ཁེ་དབང་ལོང་སྤྱོད་ཀྱི་ཐོབ་ཐང་རྩོད་ལེན་བྱ་བ་ལ་གཞུང་འབྲེལ་ཁྲིམས་ཡིག་ཐོག་དགོས་ངེས་ཀྱི་ཆ་རྐྱེན་ཁ་གསལ་གཏན་འབེབས་ངེས་པར་དུ་བྱ་དགོས། དཔེར་ན། ཆོས་ལུགས་བྱེ་བྲག་པ་དེ་བོད་དུ་དར་ནས་ལོ་རྒྱུས་དུས་ཡུན་ཚད་བཀག་གི་ཆ་རྐྱེན་དང། ཆོས་ལུགས་བྱེ་བྲག་པ་དེའི་ཁྱབ་ཁོངས་དགོན་སྡེ་དང་རྗེ་འཇུག་འབངས་མིའི་ཚད་བཀག་གི་ཆ་རྐྱེན། ཁྱབ་ཚད་བོད་ས་མདོ་དབུས་ཁམས་གསུམ་ཁྱོན་ལ་ཁྱབ་མིན་གྱི་ཆ་རྐྱེན། གལ་ཏེ་ཆོས་ལུགས་ཨ་མ་ལ་འཐུས་མིའི་ཞབས་སྟེགས་ཐོབ་ཚེ་དེའི་ཁྱབ་ཁོངས་ནང་ཚན་ཆོས་རྒྱུད་ཁག་ལ་ཐོབ་ཐང་མེད་པ་འི་ཆ་རྐྱེན། དཔེར་ན་བན་དེའི་ས་དགེ་བཀའ་རྙིང་གི་ཐོབ་ཐང་ཕྱི་བསྡུ་བྱས་པ་ལྟ་བུ་ཁྲིམས་སྒྲིག་ཆ་རྐྱེན་ཁ་གསལ་གཏན་འབེབས་གནས་དགོས་པ་བཅས་སོ། གོང་དུ་བཤད་མ་ཐག་པའི་འཆར་སྣང་དག་ང་རང་གི་བསམ་ཚུལ་ཡིན་པས་ཆ་འཇོག་བྱ་མཁན་མེད་ཚོད་ཀྱང་སོ་སོའི་བསམ་པའི་འཆར་སྒོ་ཡོངས་སུ་ཞུས་པ་ཡིན། ང་ཚོ་མི་རེ་ངོ་རེ་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་ཁ་གསང་པའི་སྒོ་ནང་དོན་ཕན་ཅན་གྱི་བསམ་འཆར་སྤེལ་ཏེ་ང་ཚོའི་མང་གཙོའི་ལམ་ལུགས་ཀྱི་སྐྱོན་ལྷད་སེལ་ཐབས་བྱ་རྒྱུ་ཚང་མའི་འོས་འགན་ཞིག་རེད། ལར་ནས་གུས་པར་མཚོན་ན་ཕ་རྒྱུད་ནང་ཚང་རི་བོ་དགེ་ལྡན་པ་ཞིག་ཡིན་ཡང་ང་རང་ཆོས་ལ་ཞེན་ཆགས་དང་། དད་པ་དག་སྣང་དེ་ཙམ་མེད་མཁན་གྱི་མི་སྐྱ་ཕལ་པ་ཞིག་གིས་ཆོས་ལུགས་ཀྱིས་ཐད་ལ་རྨོངས་འཆར་མི་ཉུང་བ་ཞིག་ཞུས་པར་མི་དགེ་བའི་རྒྱུ་རུ་མི་འགྱུར་བའི་སྨོན་ལམ་འདེབས་རྒྱུ་སྦྲགས། བོད་ལྗོངས་མང་གཙོའི་ལམ་བཟང་ཡག་ཐོག་ཡག་བརྩེགས་ཡོང་བའི་བཀྲིས་སྨོན་འདུན་ཞུ།།

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 10

  1. sakrda says:
    ལོ་ 10 སྔོན།

    མཁས་པས་བཤད་ན་ཅི་ཡང་བདེན།། སྙན་ངག་ཁ་ལ་ཅི་ཡང་མཛེས།། སྐྱག་པ་ཡིན་ཡང་གསེར་དུ་གཏོང་།། ཞེས་པའི་གནས་ལུགས་མཁྱེན་རྒྱུ་གལ།། རང་བཙན་ཤོར་ནས་ལོ་ངོ་ཧྲིལ་བོ་དྲུག་ཅུར་ཉེ་བའི་རིང་༧གོང་ས་མཆོག་གིས་དུས་རྣམ་པ་ཀུན་ཏུ་ནོར་འཆུག་བྲལ་བའི་དྲང་བདེན་གྱིས་བཀའ་སློབ་གསེར་ལས་ལྷག་པ་རབ་དང་རིམ་པ་མང་པོ་ཞིག་གནང་དང་གནང་བཞིན་པ་རེད། དེ་ལས་ལྷག་པའི་དྲང་བདེན་དང་། གཡོ་ཟོལ་བྲལ་བ་ཞིག་ཁག་ཙམ་སྣང་། ཁ་གསལ་བོ་དགོས་ན་དེ་ལས་ལྷག་ཁ་གསལ་བོ་དང་། གོ་བདེ་བོ་ཆེས་དཀོན་པོ་ཡིན། དེ་འདྲའི་གོ་བདེ་ཞིང་ཁ་གསལ་བའི་བཀའ་སློབ་རྡོ་རྗེ་ཕ་ལམ་ལྟ་བུའི་རིན་ཐང་གཞལ་མེད་ཆུ་བོའི་རྒྱུན་ལྟར་བསྩལ་དང་སྩོལ་བཞིན་པ་དེ་དག་གི་ནང་དོན་སེམས་ངོར་སྦྱར་མཁན་ཆབ་སྲིད་པའི་ཁྲོད་ན་ཧ་ཅང་དཀོན། ད་དུང་ཡིན་ཡིག་དང་བོད་ཡིག་རྒྱ་ཡིག་སོགས་ཡིག་རིགས་བགྲང་གིས་མི་ལོངས་པར་བསྒྱུར་ཏེ་རྒན་གཞོན་དར་གསུམ་དང་། འཛམ་གླིང་གོ་ལར་ཁྱབ་ཡོད་རུང་། དོན་དངོས་རང་དོན་ལ་ཐུག་དུས། ཡོད་ཚད་དྲན་པ་བརྗེད་དེ། མི་དམངས་དཀྱུས་མར་མགོ་བསྐོར་གཏོང་བའི་འཁྲབ་སྟོན་དེ་ཅི་ཙམ་ཡག་རུང་། སྣང་བ་སྐྱིད་པོ་གཏོང་བྱེད་དང་། དུས་ཚོད་ཆོད་བྱེད་ལྟ་བུ་རེད། ངས་འདི་ནས་མཆན་བྲིས་པ་མིན། སུམ་བྷའི་བུ་རབས་ཀྱི་རྕོམ་ཡིག་ལ་རྕོད་པ་རྒྱག་འདོད་ཀྱི་བྲིས་པ་དེ་བས་མིན། རང་གི་བསམ་ཚུལ་ཙམ་བཤད་པ་དེ་ཡིན།

    Reply
  2. གེ་སར་རྒྱལ་པོ། says:
    ལོ་ 10 སྔོན།

    མི་བུ་དྲང་བདེན་བསམ་ཡོད་ཞིག་གིས་དཔྱད་གཏམ་སྤུས་དག་ཞིག་སྤེལ་འདུག རྩོམ་པ་པོ་དང་དུས་བབ་གཉིས་ཀར་ཡག་བྱུང་ཞུ་རྒྱུ་ཡིན། དགོ་སྐྱོན་གནས་ལུགས་ཆ་ཚང་འཁོད་པའི་རྩོམ་ཡིག་འདི་འདྲ་ཡོད་ན་བོད་སྤྱི་ལ་ཕན་ཐོགས་ལས་གནོད་པ་རྩ་ནས་མེད། ཁོམ་ལོང་བྱུང་ན་རྩོམ་ཡིག་འདི་དབྱིན་ཡིན་ནང་བསྒྱུར་ན་དེ་ལས་ཁྱབ་ཆེ་བ་ཡོང་གི་རེད། གང་ལགས་ཞུས་ན་བཅན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་ཅན་མང་དག་ཞིག་གིས་དབྱིན་ཡིག་རྒྱུད་ལམ་ཁག་ལ་དོ་སྣང་ཆེ་བ་དང་། གོ་བ་ཡག་པ་ལོན་གི་ཡོད་རེད། ལྷག་པར་དུ་ཕྱི་རྒྱལ་ལུང་པའི་བོད་རིགས་གཞོན་སྐྱེད་ཚོ། ཐ་ན། སྤྱི་འཐུས་རྣམས་དང་གཞུང་ཞབས་ཚོ་ཡང་དེ་འདྲ་བའི་བོད་ཡིག་གནས་ཚད་ཞན་པ་གང་ཙམ་ཡོད་བཟོ་འདུག ང་ནི་དྲང་པོ་དང་ཁ་རུ་ཁ་གཏུགས་ཚོ་ལ་ག་དུས་ཡིན་ན་བརྒྱབ་བཅོར་ཞུ་མཁན་ཞིག་ཡིན། མི་མང་དཀྱུས་མའི་བསམ་ཚུལ་འདི་རིགས་ང་ཚོས་ངེས་པར་དུ་བོད་ཀྱི་ཤེས་ཡོན་མི་སྣ་དང་ཆབ་སྲིད་མི་སྣ། ལྷག་ཏུ་བླ་ཅེན་རྣམ་པའི་དྲུང་དུ་སྐྱེལ་ཐུབ་པ་བྱེད་ན་བོད་མི་རིགས་འདི་ཞབས་འདེིགས་རང་ཞུ་གི་ཡོད་པའི་ངོས་འཛིན་ཡོད། དེ་ཙམ་ཞུའོ།།

    Reply
  3. ཐན་བྱ་འུག་པ། says:
    ལོ་ 10 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས་སུ། མཆན་འདིར་བསྐྱར་ཞིབ་གནང་དང་སྒེར་ལ་སྐྱོན་བརྗོད་དང་ཕྱིགས་རིས་མེད། མཆན་སྤེལ་རོགས། མཆན་འགོད་པ་རྡོ་སེང་གིས་ཟེར་ན་ཡུལ་ལུང་སུ་ལའང་མེད་པའི་ང་ཚོའི་བོད་ཀྱི་བཙན་བྱོལ་བའི་ཕྱོགས་ཞེན་འདི་ཚོ་ཡག་པོ་ཞིག་ལ་ངོས་འཛིན་པ་ཡིན་ནམ། སྐད་ཆའི་མཇུག་མེད་ཙང་མཆན་འགོད་གནང་དོན་གསལ་པོ་མ་རྟོགས། ཕྱོགས་ཞེན་མང་བ་དེ་དགེ་སྐྱོན་གྱི་བསམ་ཚུལ་དང་ཡོ་བསྲང་བའི་ཐབས་ལམ་གསུང་ཐུབ་ན་ཡག་པོ་འདུག མ་གཏོགས། བཙན་བྱོལ་བོད་མིས་བཟོས་པའི་རྙོག་དྲ་རིགས་གྲངས་ན་དེ་ལས་མང་བ་གྲངས་ཡ་ཡོད་རེད། དཔེར་ན། ཆེ་ས་ནས་ཁྱེད་རང་གིས་བཤད་པ་ཆོས་ལུགས་དང་། ཆོལ་ཁ། གསར་རྙིང་དབར། ཆུང་ས་ནས་གདན་ས་གྲ་ཚང་དབར་དང་། གཞིས་ཆགས་ཕན་ཚུན་དབར། སློབ་གྲྭ་ཕན་ཚུན་དབར། ཚོགས་པ་ཕན་ཚུལ་དབར། ཆུ་སྒང་ཁ་གཏོར་སྐོར། དོལ་རྒྱལ་བསྟན་མི་བསྟན་གྱི་སྐོར། པགས་རིགས་རྒྱན་གོས་གྱོན་མ་གྱོན་གྱི་སྐོར། རྩ་དོན་ལངས་ཕྱོགས་སྐོར། བཀའ་སྤྱིའི་ཞབས་སྟིགས་ཀྱི་སྐོར་སོགས་ཧ་ཅང་མང་ངོ་། དེ་འདྲའི་རྒྱུ་རྩ་དེ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་གྱི་ཟུངས་ཁྲག་དང་འབྲེལ་ནས་ཡོད་ཚོད་རེད། མགོ་བླ་མ་དང་དཔོན་པོ། མཇུག་སློབ་མ་དང་གཡོག་པོ་སོགས་ཐམས་ཅད་ཀྱི་རྒྱུད་ལ་ཕྱིགས་རིས་ཀྱི་རྩ་བ་དེ་དོར་དུ་མེད་པ་ཞིག་ཆགས་པ་འདྲ་འདུག ད་ངའི་བསམ་པ་ལ་བཙན་བྱོལ་ནང་ནས་འདི་འདྲིའི་དཀའ་རྙོག་རྩོད་གཞི་བཟོས་པ་དེ་དག། དེང་སངས་བོད་ནང་ཁུལ་ལ་ཁྱབ་བརྡལ་འགྲོ་བཞིན་འདི་ལ་སེམས་འཚབས་ཧ་ཅང་ཡོད། དཀའ་རྙོག་འདི་དག་བོད་ནང་ལ་ངར་ཤུགས་ཇི་ཆེར་འགྲོ་བཞིན་འདུག་པས་རིམ་པས་རྒྱལ་སྤྱིའི་ཐོག་ང་ཚོའི་བོད་ཀྱི་དབུ་ཁྲིད་༸རྒྱལ་བ་དོན་གྱི་བདག་པོའི་མཚན་སྙན་ལའང་ནག་ཐིག་བཟོ་ཉེན་ཆེ་བ་མངོན། དེའི་ཕྱིར་ན། ཕྱོགས་རིས་ཀྱི་དཀའ་རྙོག་ཆེ་རིགས་ཚང་མ་རིམ་པས་མེད་པ་བཟོ་ཐབས་སུ། གོང་གི་རྩོམ་ནང་གསལ་བ་བཞིན་བོད་ཀྱི་མི་ཆེན་བླ་ཆེན་ཚོས་ཞི་མོལ་གྱི་ལམ་ནས་གཅིག་སྒྲིལ་ཡོང་ཐབས་གནང་ཏེ། བོད་ཕྱི་ནང་ཡོངས་ལ་ཡོངས་ཁྱབ་ཀྱི་ལེགས་བཅོས་བརྒྱུད་སྐུལ་ཐེབ་དགོས་པ་ལས། ང་ཚོ་མི་ཆུང་ཚོས་འདི་ལྟར་སྟོང་བཤད་དང་འཁང་ར་ཇི་ཙམ་བྱས་ཀྱང་ཕན་པ་མེད་པར་སེམས།

    Reply
  4. རིག་འཛིན་ཟླ་བ། says:
    ལོ་ 10 སྔོན།

    སྤྱི་ཡོངས་མི་རིགས་ཀྱི་དངོས་ཡོད་འཚོ་བའི་ངོས་ནས་བཤད་ན་དབྱད་རྩོམ་འདི་ཧ་ཅིང་ཡག་པོ་བྲིས་འདུག་ལ་བསམ་ཚུལ་རྣམས་ཡང་ཡག་པོ་འདུག་འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ནས་བཤད་ན་ལག་ལེན་དང་དངོས་ཡོད་ཡ་མ་ཟུང་རེད་ལ་དུས་ནམ་ཡང་ཡོང་མི་སྲིད་པ་རང་རེད་།
    ད་དུང་ཁམས་ཕྲུག་གིས་སྟོང་གཏམ་ཤ་སྟག་བཤད་ནས་དུས་འདའ་བར་བྱེད་པ་ནི་ཁོང་ཉིད་ཀྱི་གཤེས་སུ་གྲུབ་ཡོད་པས་སྙིང་རྗེས་ཀྱི་ཡུལ་རང་རེད་འདུག།་་་་་དེ་ལས་་ང་ཚོས་དངོས་ཡོད་ཀྱི་ཐོག་ནས་དངོས་ཡོད་རང་ལ་འབད་བརྩོན་བྱ་དགོས་།་
    དཔལ་རྒྱ་བ་ཇོ་ནང་པས་ངེས་པར་དུ་མུ་མཐུད་ནས་རང་ཉིད་ལ་ཐོབ་འོས་པ་དེ་ལེན་དགོས་ལ་ང་ཚོ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཀྱང་དུས་རྟག་དུ་རྒྱབ་སྐྱོར་ཇི་ནུས་བྱ་རྒྱུ་ནི་གནད་དུ་སྨུན་པའི་གནས་ཁོ་ནའོ

    Reply
  5. stonelion says:
    ལོ་ 10 སྔོན།

    སྤྱིར་མི་རིགས་གང་ཞིག་ཡིན་ཡང་ཆོལ་ཁ་དང་རིགས་རུས་དབྱེ་ནས་རྙོག་དྲ་མང་པོ་ཡོང་གི་ཡོད་རེད། བཙན་བྱོལ་ནང་གི་བོད་པ་ཚོར་མཚོན་ན་། ཆོལ་ཁའི་ཕྱོགས་ཞེན། ཆོས་བརྒྱུད་ཀྱི་ཕྱོགས་ཞེན། གསར་རྙིང་གི་ཕྱོགས་ཞེན། འདི་གསུམ་ནི་ཆེ་ཆེ་བའི་ཕྱོགས་ཞེན་རེད། འདི་གསུམ་གྱི་སྒང་ལ་ཡང་དབུ་མ་དང་རང་བཙན་གྱི་ལྟ་བའི་ཕྱོགས་ཞེན།

    Reply
  6. ཁམས་ཕྲུག says:
    ལོ་ 10 སྔོན།

    བཙན་པོའི་སྙིང་སྟོབས་ལགས། ཆོས་ལུགས་ཕྱིགས་རིས་ཀྱི་དབང་གིས་བསམ་ཚུལ་འདི་དག་དངོན་འགྱུར་ཡོང་རྒྱུ་ཁག་པོ་མིན་འགྲོ་ཟེར་ནས་བསྡད་ན་ང་ཚོའི་སྤྱི་ཚོགས་འདི་ནམ་ཡང་ཡར་རྒྱས་འགྲོ་གི་མ་རེད་དྲན་གྱི་འདུག གོང་གི་བསམ་འཆར་ནང་གསལ་བ་ལྟར་གནས་དུས་ངེས་ཅན་ཞིག་ལ་གཞུང་སྒེར་གནད་ཡོད་མི་སུ་རུང་ནས་བོད་སྤྱི་བའི་བདེ་དོན་ལ་འགན་ཁུར་ཏེ། བོད་ཀྱི་བླ་ཆེན་ཁག་ལ་ཆེད་བཅར་གྱིས་ཆོས་ལུགས་མཐུན་སྒྲིལ་གྱི་བདེ་རྩ་ལ་ཐུགས་དགོངས་སྐྱབས་འཇུག་ཞུ་རྒྱུ་ལས་ཐབས་མེད། ང་ཚོའི་དམངས་གཙོ་དང་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་དགོས་ན་རྣམ་དཔྱོད་ལྡན་ལས་འགོ་རྩམ་དགོས་པ་ལས། ངས་མི་འཇོན་ཁོས་མི་འཇོན་བསམ་ནས་བསྡད་ན་རང་ངོས་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཇི་ལྟར་ཡོང་། དེ་ངོ་མ་ཁག་པོ་རེད།

    Reply
  7. བཙན་པོའི་སྙིང་སྟོབས། says:
    ལོ་ 10 སྔོན།

    “བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་ཞེས་པ་དེ་ལེགས་བཅོས་སུ། (བོད་ཀྱི་ཆོས་ལུགས་ཆེན་མོ་གཡུང་དྲུང་བོན་དང། བོད་རྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ཆོས་རྒྱུད་ཁག་བཞི་)བཅས་ཟེར་ན་ཕྱོགས་སུ་མ་ལྷུང་བའི་དྲང་བདེན་གནས་པ་འཛམ་གླིང་མཁས་པའི་མིག་སྔར་འཇོག་ཆོག”ཟེར་བ་དེ་ལ་མི་བདེན་རྒྱུ་མིན་འདུག གཏན་གཏན་ཆོས་ལུགས་ཆོས་རྒྱུད་ཀྱི་མིང་ནས་དེ་སྔ་ང་ཚོའི་མང་གཙོའི་ལམ་ལུགས་ནང་སྐྱོན་ལྷད་གང་ཙམ་ཡོད་པ་གསལ་སྟོན་གནང་འདུག ད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་རན་འདུག མ་གཏོགས། ཇོ་ནང་དང་དོལ་རྒྱལ་སོགས་ནས་དཀའ་རྙོག་རིམ་པས་དོན་གྱིན་ཡོད་པ་ང་ཚང་མང་ཤེས་གསལ་རེད། ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པས་དཀའ་རྙོག་འདི་དག་གཙང་མ་བཟོ་བ་ལ་ནུས་སྟོབས་འདོད་ཐུབ་ཀྱེད་རེད་ལ་འདོན་དགོས་པའི་དུས་ལ་བབ་པ་མ་ཟད་། ད་ལྟ་ཕྱིས་དྲག་མེད་ན་སྔ་རྩ་བ་ནས་དྲག་མིན་འདུན་བསམ་པ་བྱུང་། ཆོས་ལུགས་ཕྱིགས་རིས་ཀྱི་དབང་གིས་བསམ་ཚུལ་འདི་དག་དངོན་འགྱུར་ཡོང་རྒྱུ་ཁག་པོ་མིན་འགྲོ

    Reply
  8. ཟླ་བའི་ལྷ་མོ། says:
    ལོ་ 10 སྔོན།

    བོད་སྤྱི་ལ་ཕན་པའི་དགོངས་ཚུལ་དྲང་ཚུགས་ལྡན་པ་ཞིག་འདུག གོང་གི་རྩམ་ཆོས་འདི་ལ་ཡང་ཡང་ལྟས་དུས་དོན་ལྡན་གྱི་ཁྱད་ཆོས་ཁ་ཤས་ལྷག་ཏུ་མངོན་པ་ནི། བོད་མི་རིགས་ཀྱི་ཕ་ཤུལ་རིག་གནས་ཀྱི་རིན་ཐང་ལྷག་ཏུ་མངོན་པ་དང་། བདག་ཅག་གི་སྟོན་པ་གཉིས་ཀྱི་བསྟན་པ་གཉིས་ནི་བོན་ཆོས་བན་ཆོས་བཅས་ཚོས་ལུགས་ཆེན་མོ་གཉིས་སུ་འདུས་པ། བཙན་བྱོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དུ་ཆོས་ལུགས་འཐུས་མིའི་ཐད་བསྐྱར་ཞིབ་བྱ་ཚུལ་སྟོན་པ། བོད་ལ་དགོས་མེད་ཀྱི་ཆོས་ལུགས་རྙོག་ཟིང་ཞི་བའི་ཐབས་ལམ་སྟོན་པ། ཆོས་དང་ཆབ་སྲིད་ཀྱི་ལམ་སོ་སོར་སྟོན་པ། ཆོས་ལུགས་རྩོད་རྙོག་ཞི་སྟེ་བོད་རིགས་མི་མང་མཐུན་སྒྲིལ་རྩ་གཅིག་ཏུ་སྒྲིལ་རྒྱུའི་ཐབས་བྱུས་མངོན་པ་སོགས་བོད་མི་དཀྱུས་མ་ཞིག་ལ་འདི་ལྟའི་བློ་རྒྱ་ཆེ་བར་ཡི་རང་ཞུ། བོད་ཀྱི་དུས་བབ་ཚང་གིས་སྤྱི་ཚོགས་ལ་ཕན་པའི་དཔྱད་རྩོམ་འདི་རིགས་བརྒྱུད་སྤེལ་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་གཅིག་རྩོམ་པ་པོ་སུམ་བྷའི་བུ་རབས་ལ་ལྷག་པར་བཀའ་དྲིན་ཆེ་ཞུ་བ་ཡིན།

    Reply
  9. རིག་གྲོལ་ལ་མོ། says:
    ལོ་ 10 སྔོན།

    སུམ་བྷའི་བུ་རབས་ཀྱིས་གསུངས་པའི་གནད་དོན་གསམ་གསལ་ཁག་ནི་དུས་ལ་བབས་པའི་དྲང་གཏམ་ཞིག་ཏུ་མཐོང་སོང་ན་དགའ་བསུ་དང་རྒྱབ་སྐྱོར་ཡོད།
    ‘ས་དགེ་བཀའ་རྙིང་བཞིའི་བསྟན་བདག་བླ་ཆེན་རྣམ་པའི་དབར་ལ་གཞི་མཐུན་གྲོས་གཞི་གྲོས་མཆོད་ཀྱི་ལམ་ནས་ཆོས་ལུགས་གཅིག་ཏུ་སྒྲིལ་རྒྱུའི་འབད་པ་ཅིས་ཀྱང་བསྐྱང་དགོས།’
    ‘ད་ལྟའི་སྐབས་འདིར་གོང་ཞུས་ལྟར་སྐྱེས་ཆེན་བསྟན་བདག་རྣམ་པའི་མཛད་འཕྲིན་རླབས་ཆེན་འོག་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ལ་ལུག་མཐུན་འགྱུར་བ་ཞིག་གཏོང་སྟེ། ས་དགེ་བཀའ་རྙིང་བཞི་ཀའི་སྤྱི་འཐུས་ས་མིག་ཕྱིར་བསྡུ་བྱ་ནས་བོན་པོའི་ཆོས་ལུགས་སྤྱི་ཡི་སྤྱི་འཐུས་ལྟར། བན་དེའི་ཆོས་ལུགས་སྤྱི་ལའང་འཐུས་མི་གཉིས་ཀྱི་ཞབས་སྟེགས་འབུལ་རྒྱུ་དང་། ཡང་ན། མང་མོས་དང་སྤྱི་མོས་ཀྱི་ལམ་ནས་སྤྱི་འཐུས་ལྷན་ཚོགས་སུ་ཆོས་ལུགས་སྐུ་ཚབ་དགོས་པ་མ་གཟིགས་ན་དེ་ལུག་ཀྱིས་མེད་པ་བཟོ་རྒྱུ་བཅས་འོས་ཤིང་མཚམས་པའི་གདམ་ཀ་འདི་གཉིས་མཐོང་།’
    ‘བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་ཆོས་ལུགས་གནད་དོན་དང་འབྲེལ་བའི་དཀའ་རྙོག་འདོམས་སྒྲིག་ཞུ་ཕྱོགས་བཟང་ཤོས་ནི། བོད་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ཆོས་ལུགས་ཆེན་མོ་བོན་དང་བན་གཉིས་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་གྲུབ་ཆའི་ཆོལ་གསུམ་ཆོས་ལུགས་བཅས་ཀྱི་འཐུས་མི་ཁོངས་སུ་བན་བོན་གཉིིས་ལ་འཐུས་མི་གཉིས་རེའི་ཐོབ་ཐང་འབུལ་རྒྱུ་དེ་ཡིན་པར་སྙམ། དེ་དང་ལྷན་དུ་སླད་མར་ཆོས་ལུགས་གཞན་ནས་ལུགས་མཐུན་མང་གཙོའི་ཁེ་དབང་ལོང་སྤྱོད་ཀྱི་ཐོབ་ཐང་རྩོད་ལེན་བྱ་བ་ལ་གཞུང་འབྲེལ་ཁྲིམས་ཡིག་ཐོག་དགོས་ངེས་ཀྱི་ཆ་རྐྱེན་ཁ་གསལ་གཏན་འབེབས་ངེས་པར་དུ་བྱ་དགོས།’

    མདོར་ན། ངས་དུས་བབ་ཚང་བརྒྱུས་ཐལ་སྙིང་ཁར་བྱར་ཏེ་ས་དགེ་བཀའ་རྙིང་བཞིའི་བསྟན་བདག་བླ་ཆེན་རྣམ་པས་གང་མགྱོགས་ལྷན་འཛོམས་ཀྱིས་དེ་འགྲེལ་གྱི་འགྲོ་གླེང་བྱེད་རན་འདུག་ན། དེ་ལྟར་གནང་བ་མཁྱེན། མཁྱེན་ཞེས་གསོལ་འདེབས་ཞུ་རྒྱུ་དང་། ད་ཡོད་གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་ཐུགས་བཞེས་གནང་གལ་ཆེ་ཞེས་རེ་འདུན་ཞུ་རྒྱུ་ཡིན།

    Reply
  10. ཡར་རླུང་གཙང་པོ། says:
    ལོ་ 10 སྔོན།

    ཡག་པོ་ཞེ་དྲག་བྲིས་གནང་འདུག སྐྱོན་དང་ཡོན་ཏན། ཐབས་དང་བྱུང། བསམ་ཚུལ་མགོ་རྔ་ཚང་པ་ཞིག་བྲིས་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese