རྫ་ཆུ་སྔོན་མོ།
ད་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན། དྷ་རམ་ས་ལའི་དབུས་འོས་བསྡུ་ལས་ཁུངས་ནས། འཆར་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་འོས་བསྡུའི་ལས་རིམ་གསར་འགོད་གསལ་བསྒྲགས་བྱས་པ་ནས་བཟུང་། བོད་མི་ཡུལ་གྱར་པའི་ཁྲོད་དུ་ཚུལ་དང་མཐུན་མིན་གྱི་རྣམ་པ་དུ་མའི་ཐོག་ནས་སྲིད་ སྤྱི་གཉིས་ཀྱི་འོས་མི་ཁྱབ་བསྒྲགས་ཀྱི་ཡོ་ལང་ཆེན་པོ་ཞིག་བྱུང་དང་འབྱུང་གིན་པ་ནི་ཀུན་ལ་ཤེས་རྟོགས་ཡོད་པའི་གནས་ཚུལ་རགས་པ་ཞིག་རེད། སྤྱིར་བཏང་། དམངས་གཙོ་ཞེས་པའི་ཐ་སྙད་བྱར་རུང་བའི་གཞུང་དང་སྒྲིག་འཛུགས་གང་ཞིག་ཡིན་ཀྱང་། ཡུལ་དེའི་མི་མང་གི་དབུ་ཁྲིད་བསྐོ་བཞག་གི་དུས་ན་འོས་བསྡུའི་ལམ་ནས་འགྲོ་དགོས་ པས། འོས་གཞིའི་ཆ་རྐྱེན་ཚང་བའི་མི་སུ་ཡིན་རུང་། རང་ཉིད་ལ་ཐུན་མོང་གི་བྱ་བའི་འགན་འཁུར་རྒྱུའི་འདུན་པ་དང་བློ་སྤོབས་ཡོད་ན། ཐོག་མར་རང་ཉིད་ཀྱི་ལངས་ཕྱོགས་དང་། འཇོན་ཐང་། མཉམ་མྱོང་། འཆར་གཞི། སློབ་སྦྱོང་གི་བརྒྱུད་རིམ་སོགས་མི་མང་ལ་ངོ་སྤྲོད་དང་། ད་དུང་འོས་གཞི་ཕན་ཚུན་ལ་མ་འགྲིག་པ་དང་མ་འཐུས་པའི་སྐྱོན་ཐེར་འདོན། བགྲོ་གླེང་སོགས་འགྲན་བསྡུར་གྱི་རྣམ་གྲངས་མང་པོ་ཞིག་བརྒྱུད་དགོས་པ་ནི་དམངས་གཙོའི་ལམ་སྲོལ་དར་བའི་ལུང་པ་ཚོའི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་བརྩི་རུང་མོད། འོན་ཀྱང་། བོད་མི་ཡུལ་གྱར་པའི་སྒྲིག་འཛུགས་འདི་དམངས་གཙོའི་ལུང་པ་གཞན་དག་དང་མི་འདྲ་བར། མིའི་ལུང་པར་གཞན་དབང་སྟབས་བསྟུན་གྱི་འོག་གཞུང་གི་ལྷན་ཁང་ཁག་ཚགས་ཚུད་པོ་མེད་པ་དང་། མང་ཚོགས་ལ་བསམ་བློའི་གོ་རྟོགས་དམན་པ། ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་སོཊ་ཀྱི་རྐྱེན་པས། སྲིད་སྤྱིའི་འོས་བསྡུ་སོགས་གཞུང་གི་ལས་དོན་མང་པོ་ཞིག་གི་ཐད། ཆིག་སྒྲིལ་དང་བཟང་སྤྱོད་ཀྱིས་ཕོངས་པའི་རྣམ་པ་ཞིག འགོ་བཀའ་ཤག་ནས་མང་ཚོགས་དཀྱུས་མའི་བར་མཐོང་རྒྱུ་ཡོད་ལ། འདི་ནི༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་བགྲེས་ཡོལ་དུ་ཕེབས་ཤུལ་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་པའི་ཆག་སྒོ་ཞིག་རེད།
ད་ཐེངས་སྲིད་སྤྱི་གཉིས་ཀྱི་འཕོ་འགྱུར་འདིའི་ཁྲོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཨ་ཚོགས་ཀླུ་མཁར་བྱམས་གཉིས་སྲིད་སྐྱོང་འོས་མིར་བཞེངས་སྟངས་འདི་འོས་བསྡུའི་སྒྲིག་གཞི་དང་འགལ་ཞིང་། བོད་མིའི་བཟང་སྤྱོད་དང་མི་མཐུན་པས། ཁོང་གཉིས་དང་རྒྱབ་སྐྱོར་བ་ཚོའི་གནང་ཚུལ་ལ་གཞིག་ནས་བསམ་ཚུལ་ཐུང་ཙམ་བྲི་ན། དེ་ཡང་། སྔ་ལོར་བཀའ་ཤག་གིས་བོད་མིའི་བདེན་དོན་གྱི་ཆེད་དུ་ཁ་གཡར་ནས། སྤྱི་ནོར་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་གནང་སྩོལ་ཡོང་བར་ཞུས་དོན་ལྟར། ཕྱི་ལོ་ ༡༦ ཟླ་ ༡ ཚེས་ ༡༥ ནས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད། འདི་ནི་བློ་བཟང་སེང་གེས་སྲིད་སྐྱོང་གོ་གནས་བསྐྱར་དུ་ཐོབ་པའི་ཕྱིར་གོ་སྒྲིག་ཅིག་ཡིན་པའི་གླེང་གཞི་མི་མང་ནས་གྲོས་ཚོགས་བར་ཁྱབ། བར་ལམ་ཞིག་ནས་ཁོ་རང་གིས་ཀྱང་སུད་ཚོང་པ་དང་། སློབ་ཕྲུག ལས་བྱེད་སོགས་ལ་དུས་དབང་ཁྱེད་ཚོ་ཁོ་ནའི་ཆེད་དུ་གོ་སྒྲིག་བྱས་ཚུལ་གྱི་གཏམ་བཤད་སྤེལ་ཏེ། མི་མང་བསླུ་བྲིད་ཀྱི་ཟློས་གར་ཞིག་འཁྲབ་འགོ་བརྩམས་ཡོད་པ་མ་ཟད། དུས་དབང་སྐབས་འོས་བསྡུའི་ཁྱབ་བསྒྲགས་བྱ་རྒྱའི་འཆར་གཞི་མང་པོ་ཞིག་ཀྱང་བསྒྲིགས་ཡོད་སྐད།
དེ་ལྟ་ནའང་། ཉེ་ཆར་ཕྱི་ཟླ་༨ ཚེས་ ༣༡ ཉིན། སྲིད་སྐྱོང་གིས་གློ་བུར་ཐོག་རྒྱག་ལ། ལས་ཤོག་དང་ལས་རྟགས་ཅི་ཡང་མེད་པའི་ཤོག་བྱང་ཞིག་གི་སྟེང་འཆར་ལོའི་དུས་དབང་ལོ་གཅིག་ཕྱིར་འགྱངས་བྱ་རྒྱུའི་གསལ་བསྒྲགས་བྱས་པ་རེད། དེ་ཡང་༸སྐུ་མདུན་ལ་སྐུ་ངལ་གསོ་བའི་ཆེད་མཛད་འཆར་ཉུང་འཕྲི་ཡོང་བའི་གསོལ་འདེབས་ཞུས་པ་ཞིག་ཡིན་རབས་བསྒྲགས། སྐུ་ངལ་གསོ་བ་ཙམ་ཡིན་ན། འདུམ་བདེ་པོ་དང་རྙོག་གྲ་ཆུང་བ། ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་སུ་བསྟུད་མར་བདུན་ཕྲག་གསུམ་གྱི་མཛད་འཆར་ནས་ཉུང་འཕྲིའི་འབད་བརྩོན་མི་གནང་བར། ངེས་པར་དུས་དབང་ཕྱིར་འགྱངས་བྱེད་དགོས་དོན་ཅི་རེད། མི་མང་པོ་ཞིག་གིས་རྡོར་གདན་དུ་ཁང་པ་གླས་པ་དང་། གནམ་གྲུ་དང་མེ་འཁོར་སོགས་ཀྱི་འཛིན་བྱང་ཉོས་ཟིན་པས། དད་ལྡན་སྦྱིན་བདག་དང་། ཆོས་ཞུ་བ་རྣམ་པར་དོ་ཕོག་འགྲོ་བ་བཀའ་ཤག་གིས་མ་དགོངས་པ་ཡིན་ནམ།
ཁྱད་མཚར་ཞིག་ལ། དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་བྱས་པའི་ཉིན་ཤས་རྗེས་ལ་༸སྐུ་སྒེར་གྱི་དྲ་རྒྱའི་ཐོག་ལྷོ་ཕྱོགས་སུ་བདུན་ཕྲག་གསུམ་གྱི་མཛད་འཆར་ལ་ཉིན་ལྔ་འཕར་སྣོན་གྱི་གསལ་བསྒྲགས་གནང་། དེར་བརྟེན། དུས་དབང་ཕྱིར་འགྱངས་དེ། སྐུ་ངལ་གསོ་བའི་གསོལ་འདེབས་ཤིག་ལས་བྱུང་བ་མིན་པར་སྲིད་སྐྱོང་གི་གནང་སྟངས་འགའ་ཞིག་མཚམས་དང་ཚིགས་ལས་ཅུང་ཟད་བརྒལ་ཏེ་༸སྐུ་སྒེར་རང་ནས་ཕྱིར་འགྱངས་བྱེད་དགོས་པའི་བཀའ་ཕེབས་པ་ཞིག་ཡིན་པ་གཏན་འཁེལ་ནས་ཞུ་ཚོད་ཐུག་པ་ཞིག་རེད།
ཡང་བདུན་ཕྲག་འགའི་སྔོན་ཙམ་དུ། སྲིད་སྐྱོང་གིས་གཞུང་འབྲེལ་གྱི་མིང་ཐོག་ནས་རྒྱ་གར་ལྷོ་ཕྱོགས་སུ་འདས་པའི་ལས་དོན་བྱས་འབྲས་དང་། མ་འོངས་བྱེད་འཆར་ཁག་ངོ་སྤྲོད་ཀྱི་འགྲུལ་བཞུད་འདི་ནི། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་ཅན་གྱི་ནང་གསེས་བརྒྱད་པར། « སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་སུ་ཡིན་རུང་འབྲེལ་ཡོད་འོས་གཞིའི་ནང་ཞུགས་བློ་ཡོད་ཚེ། གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་ལས་དོན་དེ་དང་འབྲེལ་བའི་གནད་དོན་ཁོ་ན་མ་གཏོགས། དེ་མིན་དངོས་སུ་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་འདས་པའི་ལས་དོན་བྱས་འབྲས་དང། མ་འོངས་བྱེད་འཆར་སོགས་ཀྱི་གཏམ་བཤད་རིགས་གཏན་ནས་མི་ཆོག » ཞེས་པ་དང་ཡོངས་སུ་འགལ་ཡོད་དེ། འདི་ལ་གཞུང་དང་མི་མང་སུས་ཀྱང་དོ་སྣང་མེད་པ་ལྟ་བུའི་ཚོར་སྣང་བྱུང་བས། ནང་གསེས་བརྒྱད་པ་དེའི་མཇུག་ཏུ། «དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ་ཡིན་» ཞེས་པ་ནི་ཤོག་གུའི་སྟེང་གི་རི་མོ་ཙམ་ཞིག་ཏུ་འགྱུར་ངེས་རེད།
ཁོང་ཉིད་འགྲུལ་བཞུད་ཀྱི་སྐབས་དེར། མོན་གྷོ་རང་བདེན་ཚོགས་ཆུང་གི་ཚོཊ་གཙོ་དང་མི་འགས་ལྐོག་གྲོས་བྱས་ཏེ། ད་ལན་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གཟེངས་བསྟོད་ཅིག་ངེས་པར་འབུལ་དགོས་ཞེས་བཙན་ཚུགས་ཀྱིས་ཞུས་པར། ས་འགོས་གཟེངས་བསྟོད་འབུལ་ན་གྲུབ་འབྲས་ག་འདྲ་ཞིག་གི་མཚན་ཐོག་ལ་འབུལ་ཞུས་ཏེ་གནས་སྐབས་གཡོལ་རྩིས་བྱས་ཀྱང་མ་གསན་པར། ལྷོ་སྤྱི་ལས་ཁུངས་ལྟག་ཤེད་དུ་འཁྱེར་ནས་ཁྱི་སྤྱང་ལག་སྦྲེལ་གྱིས་གཟེངས་བསྟོད་འབུལ་རྒྱུའི་ཐག་གཅོད་གནང་བཅུགས་ཤིང་། མཛད་སྒོ་དེར་མི་སུ་མ་ཕེབས་ན་ཧིན་སྒོར་༢༠༠ཆད་པ་གཅད་རྒྱུ་བྱས་འདུག རང་བདེན་ཚོགས་ཆུང་གི་ཚོཊ་གཙོ་ནི་གོ་བོ་ཕན་བདེ་ཞུ་བ་དེ་རེད། ཁོ་པར་དེ་སྔོན་ཁང་ཚན་གྱི་སྤྱི་དངུལ་ལྐོག་ཟ་བྱས་པའི་རྙོག་གྲ་ཆེན་པོ་ཞིག་ཀྱང་བྱུང་ཡོད།
ཡང་སྐབས་དེར། ལྷོ་སྤྱི་ཀརྨ་དགྲ་འདུལ་དང་ལས་རོགས་ཆོས་འཕེལ་གཉིས་ཀྱིས། བྷེལ་ཀོབ་ས་འགོར་ཡང་རིང་མིན་སྲིད་སྐྱོང་ཡུལ་དེར་ཕེབས་འབྱོར་བྱུང་འཕྲལ་མོན་གྷོའི་གཟེངས་བསྟོད་འདྲ་བ་ཞིག་འབུལ་དགོས་པའི་བཙན་བཀའ་བཏང་སྟེ། བྷེལ་ཀོབ་གཞིས་ལས་དང་ས་གྲོས་ཛ་དྲག་གི་ཚོགས་འདུ་བསྐོངས་ནས་གྲོས་བསྡུར་བྱས་ཀྱང་། མཐར་ལྷོ་སྤྱི་ལས་ཁུངས་ཀྱི་བཀའ་ཟློག་མ་ནུས་པར་མ་བྱས་རང་བྱས་གྱུར་པ་རེད།
ཁོ་པ་གཉིས་ནི། སྲིད་སྐྱོང་གི་མཛུབ་མོ་གར་བསྟན་ཤར་གནང་མཁན་ཞིག་ཡིན་པ་མ་ཟད། ལྷག་ཏུ་ཆོས་འཕེལ་ཞུ་བའི་མི་དེ་ནི། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དངུལ་ལྐོག་ཟ་བྱས་པའི་ནག་ཉེས་ཕོག་སྟེ་གནས་དབྱུང་བཏང་བ་ཞིག་ཡིན་པ་ཤེས་བཞིན་དུ། སྲིད་སྐྱོང་གིས་བདག་པོ་བསྐྱོན་ཏེ་ལྷོ་སྤྱིར་བསྐོ་རྒྱུའི་གྲོས་འགོ་བཏོན། དེ་ལ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་དགའ་ལྡན་ཕོ་བྲང་ནས་གནས་དབྱུང་བཏང་བའི་མི་ཞིག་ལྷོ་སྤྱིར་བསྐོས་ན་མི་འགྲིག་པའི་དགག་པ་ཚ་ནན་བསྐྱོན་པར་བརྟེན། ཅུང་གནང་སྟབས་མ་བདེ་བར་ལྷོ་སྤྱིར་ཀརྨ་དགྲ་འདུལ་དང་ཁོ་ལས་རོགས་སུ་བཞག་པ་རེད།
ཨ་ཚོཊ་ཀླུ་མཁར་བྱམས་ནི། བཤད་རྒྱུན་ལ། ཁ་རོ་ལ་འཁོར་ནས་ཆོ་ངེ་མི་འདོན་པར། གྱང་ལ་འཁོར་ནས་འདོན་ཟེར་བའི་དཔེ་ལྟར། སྤུན་ཟླ་རྡོག་རྩ་གཅིག་སྒྲིལ་གྱིས་ཕྱིའི་དགྲ་ལ་རྩོད་རྒྱུ་བསྐྱུར་ནས། རང་རེ་བཙན་བྱོལ་གཞུང་གིས་དམངས་གཙོའི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ལ་ཞེ་ཁྲེལ་ཞིང་། སྤྱི་ནོར་༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨད་ཤུགས་ཆེར་ཞུས་ཏེ། རྒྱལ་བའི་བཀའ་དྲིན་ལ་བསམ་ཤེས་མི་གནང་བའི་མི་ཞིག་ཡིན།
ཁ་རྩང་དེ་རིང་། ཁོང་ཉིད་འབྱུང་འགྱུར་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན་ཞེས་ལབ་སྟེ། དྲ་རྒྱའི་བརྒྱུད་ལམ་དང་། བོད་མིའི་གཞིས་སྒར་འགའ་ཞིག་ལ་ཡིག་ཉོག་དང་མི་སེམས་འཁྲུག་པའི་འཆལ་གཏམ་མང་པོ་ཞིག་སྤེལ་བཞིན་ཡོད། འདི་ནི་བོད་མིའི་མཐུན་སྒྲིལ་གཏོར་བརླག་ཏུ་འགྲོ་གཞི་ལས། མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་འཕེལ་རྒྱས་སོགས་ལ་འབྲེལ་བ་རྩ་བ་མེད་ལ། ད་རེས་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྨི་ལམ་ཡང་གཏོང་གི་མེད། འདི་ནི་གཙོ་བོ་རང་ཉིད་ལ་སྤྱི་ཚོགས་སྟེང་མཐོང་ཆ་འཇོག་རེག་ཐབས་ཀྱི་གཡོ་འཕྲུལ་ཞིག་དང་། ཞོར་དུ་༸གོང་ས་མཆོག་དང་གཞུང་ལ་ཟུར་ཟ་མཐོང་ཆུང་གི་རྣམ་འགྱུར་ཙམ་ཞིག་རེད།
སྐུ་ཉིད་ལ་རྒྱབ་སྐྱོར་པ་ཚོའི་ངོས་ནས་ཞུས་ནའང་། ཁ་ཅིག་ནི། གཞུང་དང་ལམ་དབུ་མ་ལ་འགའ་མོས་མི་གནང་བ་དང་། རང་བཙན་གྱི་ལྟ་བ་ཁ་ལ་འཁྱེར་ནས་མི་མང་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་སྐོར་ཞིག་རེད། འགའ་ཞིག་ནི། ཁྱེད་ལ་བསམ་པ་རྣམ་དག་དང་། ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་མཁན་ཏེ། ཁྱེད་རང་གི་གཉེན་ཉེ་དང་གྲོགས་པོ་ཉུང་ཤས་ཤིག་རེད། འདི་གཉིས་ནས་ཁྱེད་ལ་འོས་ཤོག་གི་རྒྱབ་སྐྱོར་གང་འཚམས་ཡོང་སྲིད། འོན་ཀྱང་ཁྱེད་ལ་རྒྱབ་སྐྱོར་པ་ཚོའི་གྲས་སུ། རང་ཉིད་ཀྱི་འོས་ཤོག་བློ་སེང་ལ་འཕེན་རྒྱུའི་ཐག་གཅོད་གནང་ཟིན་ཡང་། བརྒྱུད་ལམ་ཁག་ཏུ་སྐུ་ཉིད་སྦིར་བསྒྲགས་བྱེད་མཁན་མི་ཉུང་བ་ཞིག་འདུག་སྟེ། དེ་ཚོས་ནི་སྤེན་པ་ཚེ་རིང་ལ་འོས་གཅོག་ཐབས་སུ་རློམ་ཏེ་བྱས་པ་ཙམ་ལས། ཁྱེད་ལ་འོས་ཤོག་ལྡུག་གཏན་ནས་མི་སྲིད་པ་ངེས་དགོས་སོ། །
སྤྱིར་བཏང་གིས་བཤད་ན། བཀའ་བློན་སུ་གདམ་མིན་དང་། སུ་ལ་འོས་ཤོག་ཐོབ་མིན་དེ་གཙོ་གནད་ཅིག་ཏུ་བརྕི་བཞིན་མེད། སུ་ཞིག་བཀའ་བློན་ལ་ཕེབས་པ་ཡིན་ནའང་། གྲུབ་འབྲས་ནི་སྔར་ལས་ལྷག་ཡོང་སྲིད་དམ། གང་ལྟར་ངེད་ཅག་གངས་ཕྲུག་རྣམས་ཀྱི་བསམ་བློ་གནད་དུ་ཕབ་སྟེ་མནོ་བསམ་ཞིབ་མོ་ཞིག་གཏོང་བའི་དུས་ལ་སླེབས་ཡོད། གལ་ཆེན་ནང་གི་དོན་ཆེན་དེ་ནི། ངེད་ཅག་མི་དམངས་དཀྱུས་མ་ལ་ངེས་པར་དུ་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་ཚེ་ཁྲི་ལོར་བརྟན་དགོས་གལ་ཆེ། དེ་ནི་བོད་མི་ཡོད་དོ་ཅོག་ལ་ཁེབས་པས་སོ། དགའ་ཁ་ཕྱོགས་རེས་བས་དོན་དག་གང་ཡང་འགྲུབ་མི་སྲིད་ལ། མི་བུའི་སྒེར་ལ་བརྕི་མཐོང་མེད་པའི་དམའ་འབེབས་དང་མཐོང་ཆུང་གི་ཚིག་ཐ་ཆད་བེད་སྤྱོད་བཏང་སྟེ་རང་གི་གོ་ནས་དང་། མིང་གྲགས་ལ་འབད་པ་ཤུགས་ནས་བྱས་པའི་ཁ་བདེ་མགོ་བདེ་ང་ཚོའི་སྤྱི་ཚོགས་ནང་ལ་ཧ་ཅང་གི་མང་། ཀུན་ཀྱིས་གཟབ་དགོས་སྙམ། དེ་ལྟར་དཀྲུགས་ཤིང་གིས་ཁབ་བཙགས་བྱས་པ་ཡིན་ན། ༧རྒྱལ་བའི་སྐུ་ཚེ་ལ་གནོད་པའི་ལས་ངན་ལས་གཞན་གང་ཡང་མེད། མི་དམངས་དཀྱུས་མ་ཚོས་བསམ་བློ་ཡག་པོ་གཏོང་དགོས། ཁོང་ཚོའི་ལག་ཆར་མི་འགྱུར་བའི་རེ་བ་ཡོད།
འདི་འདྲི་བ་པོ་སྐུ་ངོ་དཔེན་པཚེ་རིང་ཡིན་པ་མངོན་གསལ་རེད་འདུག་ག།