མཁས་དབང་འཇམ་དབྱངས་ནོར་བུས། སྒྱུར་པ་པོ་བྱམས་བཟང་།
Photo: Human Rights Watch. 1998
བཙན་བྱོལ་གྱི་བོད་པ་ཁག་ཅིག་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་གར་བྱམས་ལ་༸གོང་ས་མཆོག་གི་སྲིད་ཇུས་སུ་སྐྱོན་བརྗོད་བྱས་པའི་ཆ་ནས་ཁོང་ཁྲོ་ལངས་ཡོད། ཡིག་ངག་གཉིས་ཙམ་དུ་མ་ཟད། ཐ་ན་བརྙན་འཕྲིན་གྱི་ལམ་ནས་ཀྱང་ཁོང་ལ་ཕར་རྒོལ་བྱེད་ཅིང་། དེ་དག་གི་ཁྲོད། སྐྱོན་རྗོད་པ་གཅིག་ནི་མིག་ཆུ་གཏོང་བཞིན་འབར་ཞིང་། ཟློས་གར་ལྟར་བཤུམ་བཞིན་དུ་ཉེས་འཛུགས་བྱེད་ཀྱི་འདུག
ཀླུ་གར་བྱམས་ལ་དམིགས་སུ་བཀར་ནས་བཙུགས་པའི་ནག་ཉེས་གཅིག་ནི། ཁོང་གིས་ཐེངས་ཤིག་༸གོང་ས་མཆོག་ལ་ “བླ་རྒན་” ཞེས་བརྗོད་པ་དེ་རེད། དེ་རང་སྟེ། འདི་ནི་༸གོང་ས་མཆོག་ལ་རྒྱུན་ལྡན་གྱི་ཞུ་འབོད་ཞུ་ལམ་ཞིག་མ་ཡིན་ལ། དེ་བཞིན་གུས་ཞབས་ཤིག་མིན་པའང་གསལ་ཐང་རེད། འོན་ཏེ་ཕྱོགས་གཞན་ཞིག་ནས་གླེང་ན། དེ་ནི་རྒོལ་བའི་གཏམ་ཞིག་ལ་ནམ་ཞར་ཡང་མི་འགྲོ། གཞན་ཞིག་གིས་འདི་ལྟར། ཀླུ་གར་བྱམས་ཀྱིས་ ‘བླ་རྒན’ ནམ་ ‘བླ་མ་ལོ་རྒན’ ཞེས་བོས་པ་ནི་སྟབས་བདེ་འམ་ནང་ལུགས་སུ་བྱས་པའི་བརྩེ་གདུང་མངོན་སྟངས་ཤིག་ཡིན་ཞེས་བརྗོད་ཀྱང་ཆོག་སྟེ། དབྱིན་ཇི་པས་(སྔ་མོའི་) ཕན་ཚུན་ “བུ་རྒན” (old boy) ནམ་ “བྱིས་རྒན” (old chap)འབོད་རེས་བྱེད་པ་དང་གཅིག་མཚུངས་རེད། ཡིན་དང་ཡིན། བོད་མི་རྒན་རབས་ཚོས་ཀླུ་གར་བྱམས་སྤྱི་ཚོགས་ཀྱི་ལམ་སྲོལ་དང་མི་འཚམས་པར་མདུན་ཐོན་ཐལ་དྲགས་པ་(ནང་ཚགས་ཚ་དྲགས་པ་) རེད་ཅེས་བརྗོད་རུང་བ་ཡིན། གཅིག་བྱས་ན་ཁོ་བ་ཚོར་དམིགས་འབེན་གཅིག་ཡོད་སྲིད་འགྲོ།
ཡིན་ན་ཡང་། ང་ཚོས་བསམ་ཤེས་བྱ་དགོས་པ་ཞིག་ལ། ཀླུ་གར་བྱམས་ནི་ཞེས་ས་ཁེངས་པའི་གནའ་བོའི་ལྷ་སའི་འཇིག་རྟེན་ནམ། ཡང་ན་གང་དུ་ཕྲུ་གུ་རྣམས་ལ་བྱིས་དུས་ནས་བཟུང་༸གོང་ས་ཆེན་པོར་བསྟོད་དབྱངས་གྱེར་རྒྱུ་སློབ་ཅིང་རང་དམའི་བསམ་སྤྱོད་རིག་གཞུང་ཅན་གྱི་བཙན་བྱོལ་བོད་པའི་འཇིག་རྟེན་ནས་ཐོན་ཡོང་པ་ཞིག་མ་ཡིན་པ་དེ་རེད། ཁོང་ནི་ཆབ་ཆ་ཡི་འབྲོག་པའི་ཕྲུ་གུ་ཞིག་རེད། འབའ་འབའ་ལུག་དང་ལུ་གུ་ལ་རྩེད་མོ་རྩེ་བཞིན། ཕལ་ཆེར་ཁོ་རང་གི་སྔོན་འགྲོའི་སློབ་གྲྭ་ནས་མགོ་ཁྲིད་མོའོ་ལ་སྟོད་གླུ་གཏོང་བཞིན་ཡོང་ཡོད།
ང་ཚོའི་ལྟ་སྟངས་དམའ་མི་རུང་བ་ཞིག་ལ། ཀླུ་གར་བྱམས་ཕྱི་ལུགས་ ༡༩༩༡ ལོར་ཐེངས་དང་པོར་རྒྱ་གར་དུ་བཙན་བྱོལ་དུ་བསླེབས་ནས་ཕྱིར་ཕ་ཡུལ་ཨ་མདོ་ལ་ལོག་དུས། ཁོང་གིས་༸གོང་ས་མཆོག་གི་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་༽དེབ་གྲངས་མང་པོ་དང་། ༸གོང་ས་མཆོག་གིས་ ༡༩༨༩ ལོར་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་པའི་བརྙན་འཕྲིན་འཁོར་ཐག་གཅིག ༼རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་༽དེབ་གྲངས་དྲུག་ཅུས་ཐེས་པའི་འགྲོ་བ་མིའི་ཐོབ་ཐང་་གི་ཡིག་ཆ་མང་པོ་བསྣམས་ནས་སོང་པ་དེ་རེད།
དེ་ནི་བྱ་བ་ཉེན་ཚབས་ཅན་ཞིག་རེད། ཀླུ་གར་གྱིས་འགྲེལ་དོན། “ངས་དེབ་དང་བརྙན་ཐག་དེ་ཚོ་ཁུར་པ་ཡིན། གང་ལ་ཟེར་ན། མི་མང་ཡོངས་དང་ལྷག་པར་དུ་བགྲེས་སོང་རྣམས་༸གོང་ས་མཆོག་མཇལ་འདོད་ཆེན་པོ་ཡོད་རེད། ཁོང་ཚོས་༸བོད་ནང་དུ་༸གོང་ས་མཆོག་དང་མཇལ་རྒྱུ་ཡོང་བར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད། བརྙན་ཐག་དང་དེབ་དེ་ཚོས་ཁོང་ཚོར་དགའ་སྤྲོ་སྦྱིན་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད། བོད་མི་རྣམས་རྒྱལ་སྤྱིའི་ཁྱབ་བསྒྲགས་དེ་ཚོར་རྒྱུས་མངའ་མེད་པར་བརྟེན། ངའི་སེམས་ལ། གལ་སྲིད་ངས་དེབ་དེ་ཚོ་དགྲམ་ཐུབ་ན་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་གི་རེད་སྙམ་སོང” ཞེས་བརྗོད། གཅིག་ཏུ་ན་ཀླུ་མཁར་ལ་སྐྱོན་རྗོད་པ་དག་གིས་རང་རང་སོ་སོར་དྲི་བ་འདི་འདོན་འོས་ཏེ། རང་ཉིད་ཀྱིས་༸གོང་ས་མཆོག་གི་ཆེད་དུ་དེ་ལྟ་བུའི་ཉེན་ཁ་དང་དུ་བླངས་མྱོང་ངམ།
ཀླུ་མཁར་བྱམས་ལོ་གཅིག་གི་རྗེས་སུ་འཛིན་བཟུང་ལ་ཐེབས་ཤིང་། དོན་རྐྱེན་འདི་དག་དང་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་ནག་ཉེས་གཞན་དག་བགྲངས་ཏེ། ཧཱེ་ཞཱི་ (heixi) མི་མང་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ་སོ་ཉུལ་བའི་ནག་ཉེས་འོག་ལོ་བརྒྱད་དང་། གསར་བརྗེ་ངོ་ལོག་ཚོ་ཁག་གི་རྩ་འཛུགས་དང་སྣེ་འཁྲིད་པའི་ནག་ཉེས་བཙུགས་ཏེ་ལོ་བཅུ་ལྷག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད། ཀླུ་མཁར་བྱམས་དང་ཁོང་གི་གྲོགས་པོ་ཚེ་མགོན་རྒྱལ། གནམ་ལོ་ཡག་བཅས་ཀྱི་བཅད་ཁྲ་ཡོངས་རྫོགས་ནི་ཉེན་ཚབས་ཆེ་བའི་བོད་རང་བཙན་གྱི་རྒྱུ་རྐྱེན་བསྒྲུབས་པ་དེ་ཡིས་རེད། ཞིབ་ཕྲ་༼འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ༽འི་སྙན་ཐོའི་ནང་གསལ་ཏེ། གཤམ་དུ་འབྲེལ་ཐག་ལ་སྦྲེལ་ཡོད། Human Right Watch report
བཙན་བྱོལ་བ་ཉུང་ཤས་ཤིག་སྟེ། ཀླུ་མཁར་བྱམས་ཀྱིས་གཡག་ཅིག་བརྐུས་པར་བརྟེན་བཙོན་དུ་བཙུད་པ་རེད་ཅེས་འཆལ་གཏམ་སྤེལ་མཁན་དེ་དག་ལ་སྟོན་རིགས་པའམ་དགོས་པ་ནི། གངས་ཅན་དཀྱིལ་གཤོང་བོད་མིའི་སྒྲིག་འཛུགས་ལ་བརྟེན་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ (TCHRD)གིས་ ༡༩༩༧ ལོའི་ཟླ་བཅུ་གཅིག་པའི་ནང་དུ་དཔར་བསྐྲུན་ཡིག་སྣོད་ནང་༼སོ་ཉུལ་ལ་བསྙད་དེ་ལོ་བཅུ་བདུན་གྱི་ཁྲིམས་ཆད་བཅད།༽ཅེས་པའི་རྩོམ་ཡིག་དེ་རེད། དེའི་ནང་ཀླུ་མཁར་བྱམས་ “རྒྱལ་ཁབ་ཀྱི་སྲུང་སྐྱོབ” དང་ཕྱི་ཕྱོགས་ (ཕལ་ཆེར་བཙན་བྱོལ་བོད་གཞུང་ངེས་གཏན་རེད།) ཀྱི་གསང་ཉུལ་རྩ་འཛུགས་ཚོགས་པའི་གསང་ཉུལ་བ་བྱས་ནས་ཁྲིམས་ཆད་བཅད་ཅེས་གསལ་པོ་བཀོད་འདུག
ཁྲི་མུན་དུ་རྒྱུན་ཆད་དང་ཡ་ང་སྙིང་རྗེ་མེད་པའི་དྲི་བརྩད་དང་། གཉིད་བཅག་ཟས་བཅད། ན་ཟུག་སློང་བའི་ལག་ལྕགས་དང་རྐང་ལྕགས་བསྒྲོགས་ཤིང་། མཚམས་ཚུགས་མེད་པའི་གཅར་རྡུང་མྱངས་ཡོད། ཁོང་ན་རེ། “ལྕགས་དབྱུག་སྤྱད་པ་སོགས། ང་ལ་ཐབས་རྩལ་འདྲ་མིན་གྱི་ལམ་ནས་གཅར་རྡུང་དང་མནར་གཅོད་བཏང་པས་ངའི་གཟུགས་པོ་ཧ་ཅང་སྐྲངས་ཏེ། ངས་ལུས་ལ་དོར་མ་གྱོན་དུས་ནང་དུ་མ་ཤོང་ནས་རལ་བར་གྱུར་ཀྱང་ཁོང་ཚོས་གསར་པ་སྤྲད་མ་བྱུང་” ཟེར། རིང་པོ་མ་ཐོགས་པར་ཀླུ་མཁར་བྱམས་ཚབས་ཆེའི་ནད་གཞི་ཡིས་ཟིན་ཏེ། ལུས་ཀྱི་ལྗིད་ཚད་ཀྱང་མྱུར་བར་མར་ཆག གྲོད་པ་ཟུག་རྔུ་ལྡང་བའི་ངང་སྐྲངས་ཤིང་སྦོས་པ་དང་། གློ་བའི་ནད་གཞི་ཚབས་ཆེར་ལངས་ཏེ། ཁྲི་མུན་དུ་བགྲང་བྱ་བཞི་འཁོར་དུས་ཁོ་རང་འཆི་ངེས་སུ་གསལ་ཁ་ཆོད། དཔོན་གཞུང་སྨན་ཁང་གིས་མཐོ་རིམ་ཁྲིམས་ཁང་ལ་ཀླུ་མཁར་བྱམས་ཁོང་ཚོའི་ཕན་ནུས་དང་སྐྱོབ་ཐབས་ལས་འདས་ཏེ་དྲག་བསྐྱེད་ཡོང་རེ་མི་འདུག་ཅེས་བསྙད།
བཀག་ཉར་ལྟེ་གནས་ཁང་གི་མགོ་གཙོ་བས་གལ་སྲིད་ཀླུ་མཁར་བྱམས་བཙོན་ཁང་དུ་གྲོངས་ན་འགན་ལེན་མི་བྱེད་ཅིང་། གལ་སྲིད་ཁོང་གི་ཁྱིམ་ཚང་གིས་སྨན་བཅོས་ཀྱི་འགྲོ་སོང་ཡོངས་རྫོགས་གཏོང་ན་གློད་རྒྱུ་ཡིན་ཞེས། དབུགས་སུབ་གཏོང་པའི་སྲིད་གཞུང་གི་རྩོད་གླེང་མང་པོ་བརྒྱུད་རྗེས། སྨན་བཅོས་ཀྱི་ཁས་ལེན་འོག་ནས་ཀློད་གྲོལ་བཏང་། ཀླུ་གར་བྱམས་ཁྲི་མུན་དུ་ལོ་བཞིར་བཅུག་ཅིང་ཐ་མར་ཀློད་དུས་ཁོང་རང་གཞན་གྱི་རམ་འདེགས་ལ་མ་བརྟེན་པར་གོམ་པ་སྤོ་ནུས་ཧ་ཅང་བྲལ་ཤིང་། ལངས་ཀྱང་མི་ཐུབ། ཁོང་གི་ལྗིད་ཚད་ནི་ཀེ་ལོ་གྷི་རམ་ ༣༧ (81 lbs) རེད། འདི་ནི་གང་ལྟར་བྱས་ཀྱང་ཧའོ་ལའོ་ཁའོ་སུ་ཊི་ (Holocaust ནཱ་ཟི་འཇར་མན་གྱིས་ཇེའུ་མི་རིགས་ས་ཡ་དྲུག་དམར་བསད་ཀྱི་དོན་རྐྱེན་ལ་གོ) ཤུལ་གསོན་རྣམས་དང་བསྡུར་ན་དགའ་རབ་འདུག་སྟེ། ཁོང་བ་ཚོའི་ཆ་སྙོམས་ལྗིད་ཚད་60 lbs རེད། ཨ་རིའི་ “བྷཱ་ཊན” (Bataan) གྱི་ “འཆི་བའི་གོམ་བགྲོད” དང་། ཉི་ཧོང་གི་དམར་སྒར་གྱི་ “ཀེང་རུས་ཀྱི་གོམ་བགྲོད” ཟེར་བའི་བཙོན་པ་རྣམས་ཆ་སྙོམས་ལྕི་ཚད་ 90 lbs ཡིན་པར་བཤད།
གོང་གི་པར་འདི་ནི་ཟླ་བ་ཁ་ཤས་ཀྱི་རྗེས་ཏེ། ཁོང་གི་ལྗིད་ཚད་ཅུང་ཟད་འཕར་བའི་སྐབས་སུ་བསྒྲོན་པ་རེད། ཆེ་གེ་མོ་གཅིག་གིས་དེ་ངོ་དེབ་སྟེང་བཞག་པ་ན་དབང་རྟུལ་ཞིག་གིས་མཆན་བུ་བཏབ་དོན། པར་འདི་རྫུན་མ་ཞིག་རེད། གང་ལ་ཟེར་ན། མགྲིན་པ་དང་ངོ་གདོང་གཉིས་ལུས་གཞུང་ལས་ནག་པ་འདུག་ཟེར། ངས་དེ་ལ་འདི་ལྟར། མགྲིན་པ་དང་གདོང་ཁོག་གཞུང་ལས་ནག་པའི་པར་དེའི་རིགས་གང་དུ་དོ་སྣང་ལ་ཆུད་པ་སྟེ་དེ་གཉིས་ཉིན་རྒྱུན་ཉི་མ་ལ་གཏོད་ཚད་མང་པས་དེ་ལྟར་གྱུར་ལ་ཁོག་གཞུང་ནི་རྒྱུན་ཏུ་སྟོད་གོས་སམ་ནང་འཇམ་གྱིས་གཡོགས་ནས་འཇོག་པས་རེད་ཅེས་ལན་བཏབ་པ་ཡིན། ཡང་གཞན་ཞིག་གིས་མཆན་དུ། ཀླུ་མཁར་བྱམས་བཙོན་བཅུག་གི་གནད་དོན་ནི་དུས་ཡུན་ཤིན་ཏུ་རིང་མོའི་སྔ་རོལ་ཏུ་བྱུང་པ་ཞིག་ན་ཁོང་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ད་ནི་དེ་མཇུག་རྫོགས་བྱ་འོས་ཟེར། ཀླུ་མཁར་བྱམས་རང་ངོས་ནས་བཙོན་ནང་གི་མྱོང་ཚོར་དག་མང་པོ་རྗོད་ཀྱི་མེད། གལ་ཏེ་ཁྱོད་ཀྱིས་ཁོང་གི་ལས་འགུལ་རྣམས་ཀྱི་གཏམ་བཤད་དག་ལ་ཉན་ན་ཁྱོད་རང་ཁོང་གིས་ལག་ལེན་དངོས་ཀྱི་ཐོག་ནས་དེ་ལ་ནམ་ཞར་ཡང་འབྲེལ་སྦྱོར་མི་བྱེད་པར་དོ་སྣང་སླེབས་ཡོང་གི་རེད། ངས་བལྟས་ན། དེའི་རྒྱུ་མཚན་ངས་ཤེས་ཀྱི་འདུག
ད་སྐབས་ནུབ་ཕྱོགས་སུ། དཀྱེལ་ཆེ་གུ་ཡངས་རྣམ་ཅན་གྱི་དཔེ་གསར་དར་སོ་ཤིག་ལ། དགའ་ཉེ་གང་ཞིག་ལྔ་ལམ་དུ་སོང་བའམ། རྒྱལ་ནང་དུ་བསམ་ཡུལ་ལས་འདས་བའི་གོད་ཆག་བྱུང་བ་འམ། ཡང་ན་རྟག་ཏུའམ་སྐབས་མཚམས་ཀྱི་བཟའ་ཐོར་ཡིན་ན་རུང་སྟེ། ཕམ་ཤོར་དང་འཇིགས་པ་ལས་རྣམ་པར་རྒྱལ་ཕྱིར། སྟབས་བདེའི་བརྡ་ཚིག་ “མཇུག་སྒྲིལ” (closure) ཞེས་པ་འདི་ཨུ་བཙུགས་ནས་སྤྱོད་པར་བྱེད། “མཇུག་སྒྲིལ” ནི་ང་ཚོའི་འཚོ་བར་གསོ་བཅོས་དང་བསྐྱར་ཐོབ་ལ་གང་དགོས་པ་དེ་རེད་སྙམ་དུ་བསམ་མོད། གལ་སྲིད་ཁྱོད་རང་འཇིགས་སྔངས་གང་ཞིག་དང་འགྲོགས་ནས་གསོན་ཡོད་པ་བདེན་པ་ཡིན་ཚེ། དོན་དངོས་པོའི་སྟེང་ནས་དེ་ལྟའི་བྱ་དངོས་དག་མཇུག་བསྒྲིལ་མེད་དེ། མཚན་མོའི་གྲིབ་གནོན་གྱི་འཇིགས་པ་ནི་དངོས་ཡོད་ཀྱི་འཇིག་རྟེན་འདིའི་སྟེང་ནམ་ཞར་ཡང་རྫོགས་མཐའ་མེད།།
ལོ་ཤས་སྔོན། (༢༠༡༠ ཡིན་སྙམ) ང་རང་ “གྲ་བཞིའི་གཞས་གྱེར་བཙུན་མ” ཞེས་རང་ཉིད་ཀྱི་བཙོན་འོག་གི་དཀའ་སྡུག་གསལ་བརྗོད་དང་། བོད་རང་བཙན་གྱི་དགོས་འདུན། ༸གོང་ས་མཆོག་ལ་ཆེ་བསྟོད་བཅས་ཀྱི་གླུ་གཞས་གསང་པའི་འོག་ནས་སྒྲ་ལ་འབེབ་མཁན་ (རབ་བྱུང་མ་བཅུ་བཞི་ལས) བཙུན་མ་གཉིས་ཀྱི་གཏམ་བཤད་སྟེང་ཡོད། ངག་དབང་གསང་གྲོལ་དང་ཆོས་དབྱིངས་ཀུན་བཟང་གཉིས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གཞོན་ནུ་འབོར་ཆེན་ཞིག་ལ་ཁོང་ཅག་གི་རྨ་རལ་གྱི་དངོས་སྒྲུང་བཤད། འཇམ་ཅག་གེར་རྒྱ་ཡི་དབང་འཛིན་ལ་གདོང་ཁ་གཏད་པར་ཆེད་དུ་སྤྲད་པའི་གསོལ་རས་ཆེས་སྡུག་ཅག་རྣམས་ལ་གསལ་བཤད་བྱས། གཏམ་བརྗོད་མཇུག་སྡོམ་གྱི་མཐའ་མར་ཆེ་གེ་མོ་ཞིག་གིས་འདི་ལྟར། “ ཁྱེད་ཀྱིས་དེ་ཚོ་དྲན་ཡུལ་ནས་གཏན་ཡལ་དུ་གཏང་ཐུབ་པར་འདུག་གམ། མཚམས་མཚམས་སུ་རང་ཉིད་ཀྱི་བཙོན་ནང་གི་འཇིགས་སྔངས་ཆེ་བའི་ཉམས་མྱོང་རྣམས་དྲན་འོང་གི་འདུག་གམ” ཞེས་དྲིས་པར། ངས་དྲན་ཚོད་ལ་ལན་འདེབས་མཁན་དེ་ནི་ཆོས་དབྱིངས་ལགས་རེད། རྣ་བས་ཐོས་ནུས་ཙམ་གྱི་སྐད་གདངས་ལ་བསྐྱོན་ནས་ལན་བཏབ་པ། “མཚན་མོ་ནམ་རྒྱུན་ང་གཉིད་དུ་ཡེར་དུས་ཕྱིར་ཡང་བཙོན་ཁང་དུ་ཡོད་པ་གཉིད་ལམ་ལ་རྨི་ཡི་འདུག” ངའི་ཁྲག་རྒྱུན་གྲང་ཤུར་ཤུར་དུ་གྱུར། འདི་ནི་ང་ལ་ཅི་ཡི་ཕྱིར་ཀླུ་མཁར་བྱམས་མགོ་ཁྲིད་བཟང་པོ་ཞིག་ཡོང་རེའི་བསམ་ཚོར་ལངས་པའི་རྒྱུ་མཚན་རེད། ཁོང་ལ་མཚོན་ན་བླ་སྲོག་ལྟར་འགངས་ཆེ་བའི་གནད་དོན་འདི་དག་ “མཇུག་བསྒྲིལ” མེད། ཁོང་གིས་དུས་ནམ་ཡང་རྒྱ་དམར་གྱིས་ཁོང་ལ་ཅི་བྱས་དང་། རྒྱ་དམར་གྱིས་རྒྱ་བསྐྱེད་དེ་བོད་ལ་ཅི་དང་ཅི་བྱས་པ་དག་རྩ་བ་ནས་བརྗེད་གི་མ་རེད། ཟམ་གདོང་རིན་པོ་ཆེས་རྒྱ་གར་བའི་སྡིངས་ཆ་ལ་བོད་ནས་གསར་དུ་འབྱོར་བ་ཚོས་དྲག་སྤྱོད་སྤེལ་གྱི་འདུག་ཅེས་སྐྱོན་བརྗོད་གནང་སྲིད་པ་རེད་མོད། ངས་བལྟས་ན། གསར་འབྱོར་བ་སྤྱི་དང་ཁྱད་པར་དུ་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས། རྒྱ་འོག་ནས་ཁོང་བ་ཚོས་དཀའ་བས་ཁུར་པའི་སྡུག་བསྔལ་གྱི་ཉམས་མྱོང་གི་སྒང་ནས་བཙན་བྱོལ་གྱི་ཆབ་སྲིད་གནས་སྟངས་ལ་རིན་ཐང་བླ་ན་མེད་པའི་སྲི་ཞུ་སྒྲུབ་ཐུབ་སྙམ།
བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་དྷ་རམ་ས་ལར་འབྱོར་པའི་ཆབ་སྲིད་བཙོན་པ་རྣམས་ལ་གཞུང་གི་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་བྱ་རྒྱུའི་སྲིད་ཇུས་ལ་དང་ལེན་ཐོབ་ཕྱིར་བསྐྱར་དུ་སློབ་གསོ(མཚམས་རེར་ཐ་ན་གནོན་ཤུགས་ཀྱང་)སྤྲད་ནས། ཁོང་ཚོ་གང་གི་ཆེད་དུ་བཙོན་འཇུག་དང་མནར་གཅོད་ཕོག་པའི་ལས་དོན་མུ་མཐུད་ནས་བསྒྲུབ་པའི་དམ་བཅའ་རྣམས་མཚམས་འཇོག་བྱ་པར་སྐུལ་འདེད་གཏོང་གི་ཡོད། དེར་བརྟེན། འདི་ནི་ནག་ཉེས་རེད་ཅེས་བརྗོད་རྒྱུར་ང་ལ་ཚམ་ཚོམ་ཅི་ཡང་མེད།
གཞན་ཡང་ངའི་ཡིད་ཆེས་ལ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ནི་ཨ་རིའི་རྒྱལ་ཡོངས་ཚོགས་ཆེན་དང་ཡུ་རོབ་མཉམ་སྦྲེལ་ཀྱི་ཁང་ཁྱམས་སུ་རྒྱུགས་ཤིང་སྒོ་བརྡུངས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་པ་ཁག་ལ་སྔར་བས་མང་པའི་རོགས་དངུལ་སློང་བྱེད་དུ་གནས་པ་ཙམ་མ་ཡིན་ལ། ང་ཚོའི་ལས་འགན་ཡང་ཁོང་ཚོ་བློ་ཁ་ཁེངས་ཕྱིར་ “དཔའ་བོ’’ ཞེས་བསྟོད་གླུ་གྱེར་རྒྱུ་དང་། ༸གོང་ས་མཆོག་ལ་མཇལ་ཁ་གོ་སྒྲིག་གནང་རྒྱུ་ཙམ་མ་ཡིན་པར། ང་ཚོའི་ངོས་ནས་སྒེར་པ་འདི་ཚོ་ནི་བཙན་བྱོལ་ནང་དུས་ཡུན་རིང་མོའི་སྔ་རོལ་ནས་བོར་བརླགས་སུ་སོང་པའི་ཆབ་སྲིད་མཐོང་ཚོར་ཅན་གྱི་སྒེར་པ་དམིགས་བསལ་བ་ལ་ངོས་འཛིན་གནང་རྒྱུ་ནི་འགག་རྩ་ཆེ་བ་ཞིག་རེད།
ཆབ་སྲིད་མཐོང་ཚོར་དང་ཉམས་མྱོང་། དེའི་ཆེད་དུ་ཡར་ལངས་དང་གཏམ་བཤད་ཀྱི་ཞེ་དམ་མམ་སེམས་ཤུགས་བཅས་ཀྱིས་ད་ལྟའི་དུས་ཀྱི་ཀླུ་མཁར་བྱམས་དང་ངག་དབང་གསང་གྲོལ། མགོ་ལོག་འཇིགས་མེད། ཕུན་ཚོགས་དབང་ཕྱུག ཆོས་དབྱིངས་ཀུན་བཟང་། དེ་མིན་གྱི་གཞན་པ་མང་པོ་སྟེ། ང་ཚོའི་ལོ་རྒྱུས་རིང་མོའི་ནང་གི་ཆེས་མུན་ནག་གི་དུས་སྐབས་འདིར་བོད་དོན་འཐབ་རྩོད་ལ་ཕུལ་བྱུང་གི་མགོ་ཁྲིད་དཔྱོད་ཤེས་ཀྱི་བཙོན་པ་ཁོང་ཚོ་བསྐྱེད་བསྲིངས་བྱས་པ་རེད།།
གསལ་བཤད། འགྱུར་རེ་འགར་དོན་འཁྱོལ་མེད་པའི་དོགས་གཞི་སྐྱེས་ཚེ་མ་རྩོམ་ (LUKAR JAM: PRISONER OF CONSCIENCE > Jamyang Norbu’s blog) ལ་ཆ་འཛིན་འཚལ།
རང་བཙན་རྩོད་པ་ཡིན་ཀྱང་མཆོག་མོད།གོང་ས་མཆོག་ལ་སྐྱོན་བརྗོད་གནང་བ་ངོ་རྒོལ་ཡོད།ག་ལ་ཞུ་ན།རྒྱ་གར་ནང་བཙན་བྱོལ་སྒྲིག་འཛུགས་གནས་ཐུབ་པ་སུའི་བཀའ་དྲིན་རེད།ཀླུ་མཁར་བྱམས་ཀྱི་བཀའ་དྲིན་མ་རེད་ལ་ཆབ་སྲིད་པ་རྣམས་ཀྱི་ཆབ་སྲིད་པ་གར་སྟེགས་སྟེང་གར་འཁྲབ་ཐུབ་པ་དེ་བས་ཀྱང་ཀླུའི་བཀའ་དྲིན་མ་རེད།ལ་ན་རྒྱབ་ཁབ་གང་སར་ནས་བོད་མི་སྐྱོད་ཐུབ་པ་དང་ཕྲུ་གུ་རྣམས་ལ་སློབ་སྦྱོང་སྤྲོད་ཐུབ་པ་དེ་དག་ཚང་མ་ཀླུ་མཁར་བྱམས་ཀྱི་བཀའ་དྲིན་མ་རེད།
གོང་ས་མཆོག་གི་དགུང་ལོ་བཅུ་དྲུག་ནས་ད་ལྟ་བར་དུ་སྐུ་ལས་རྒྱག་པ་དེར་མཐོང་ཀྱི་མི་འདུག་གམ།
ངས་ཆོས་ལུགས་ཤིག་གི་བླ་མ་ཡིན་པ་ཙམ་གྱི་སྐད་ཆ་བཤད་ཀྱི་མེད་ལརྩ་བའི་བླ་མ་ལ་ཕྱོགས་ཞེན་བྱ་པའི་སྐད་ཆ་ཡང་བཤད་ཀྱི་མེད།ཆོས་ལུགས་དད་པ་རང་མོས་རེད།ཡིན་ན་དྲིན་ལན་ཆུ་འཇལ་བྱེད་བཞིན་ཡོད་པའི་མི་དེ་དག་ལ་གོ་བརྡ་སྤྲད་ཀྱི་ཡོད།
ངས་ལྟས་ན་ཐོས་པ་དགའ་ཟེར་བ་འདི་བཤད་པ་དོན་ལ་གནས་པ་ཞིག་ཡིན་པར་མ་ཟད་ད་བར་སྦྱི་ཚོགས་ནང་གསལ་འདུག་པ་རེད་དྲན་ནས་ཡོད་གང་ཡིན་ཟེར་ན་ཀླུ་བྱམས་ལག་ཆ་བྱས་ནས་རང་ཉིད་མདུན་དུ་ཐོན་མ་དགོས་པར་དམིགས་ཡུལ་གང་ཡོད་ཚང་མ་བཤད་འཇུག་གི་ཡོད་པ་གསལ་བོ་རེད། དེ་འདྲ་དུས་ངེས་པར་འདི་དག་ལ་གཟབ་གཟབ་གནང་དགོས་པ་རེད་མ་ཟད་དྲིན་ཅན་ལ་དྲིན་ལོག་མ་གནང་རོགས་ཞུ་རྒྱུ་བཅས།
ཐོས་པ་དགའ་མིང་ཅན་གྱིས་བཤད་ཚུལ་ལྟར་ན། ཨ་མདོ་བ་ཚོས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱས་ཏེ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་འཇུག་གི་ཡོད་པ་འདྲ། དེ་འདྲ་ཡིན་ན་ཡག་པོ་མ་རེད། རྩ་བ་ཉིད་ནས་ཡག་པོ་མ་རེད། དམ་ཉམས་ཀྱི་ལས་ཀ་རེད། འོན་ཀྱང་ད་ཡོད་མཐོས་ཐོས་ལྟར་ན་ཁོང་ལ་འགྲོ་སོང་གཏོང་མཁན་དང་ལམ་སྟོན་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ཁམས་ཀྱི་སྤྲུན་མིང་ཅན་ཨོ་རྒྱན་སྟོབས་རྒྱས་དང་། གསེར་རྟ་ཚུལ་ཁྲིམས། ཆོས་ཉིད་འོད་ཟེར། བསྟན་པ་ཡར་འཕེལ། བསྟན་འཛིན་བརྩོན་འགྲུས་སོགས་ཆོལ་ཁ་གཞན་དང་གཞན་ཡིན་པ་ལྟར་སྣང་མོད། དོགས་གཞི་རུ་གླེང་བ་ཙམ་ཡིན།
ད་སྐབས་ཀླུ་བྱམས་ལ་ད་བར་འགྲོ་སོང་གཏོང་མཁན་དང་སྐུལ་སློང་བྱེད་མཁན་གྱི་མི་སྒེར་བ་འགའ་དང་ཆོལ་ཁ་བྱེ་བྲག་པ་དེས་ཁོང་ལ་འགྲོ་སོང་གཏོང་བ་དང་སྐུལ་སློང་བྱེད་པ་ལས་འོས་ཤོག་མི་འཕེལ་པ་གསལ་པོ་ཆགས་པ་རེད། ཁ་སྟོང་ནང་གི་ཚིག་སྟོང་ལ་མགོ་འཁོར་མཁན་མང་པོ་ཞིག་ཚོར་བའི་རྗེས་སུ་ཤོར་ཏེ་ཞར་ཞོར་ལ་འཛེར་སྐད་རེ་སྒྲོག་ཁུལ་བྱེད་ཀྱང་འོས་ཤོག་འཕེན་པར་ཆ་རྐྱེན་མི་ཚང་མཁན་ཤ་སྟག་རེད། བློ་ཕམ་དང་སྙིང་རྗེ་སྐྱེ་གཞི་ཞིག་ཡོད་པ་ནི། ཁོང་དང་ཁོང་གི་ཕྱོགས་གཏོགས་རང་བཙན་ཁ་ལ་འཁྱེར་མཁན་ཚོའི་མགོ་སྐོར་འོག་ཚུད་པའི་ཁ་ཞེ་གཉིས་མེད་ཀྱི་བོད་རང་བཙན་རྩོད་འདོད་ཡོད་མཁན་ཉུང་ཤས་དེ་རེད། ད་ཟློས་གར་རྫུན་མ་འདི་མཇུག་རྫོགས་ཚད་རེད།
དོན་དམ་འཆར་གཞི་ལྡན་པ། ནུས་པ་ལྡན་པ། ལྷགས་བསམ་ལྡན་བཅས་ལྡན་པ་སུམ་འཛོམས་ཀྱིས་བོད་རང་བཙན་རྩོད་ན་དགག་པ་རྒྱག་མཁན་ཡོད་པ་མ་རེད། འོན་ཀྱང་བཙན་བྱོལ་ནང་དུ་ཆོལ་ཁ་དང་མི་སྒེར་སྣ་ཚོགས་ཤིག་གིས་དཔའ་བོ་ཡིན་མདོག་དང་། རྒྱལ་ཞེན་ཡོད་མདོག་གིས་ཡུན་མེད་པའི་སྲིད་དོན་ཟློས་གར་ཐབས་ཆག་འཁྲབ་པ་མང་དྲགས་ནས། བོད་གཞིས་བྱེས་གཉིས་ནས་བོད་མི་བསམ་ཡོད་མང་པོ་ཞིག་ལ་ཞེ་སུན་བཅུག་ཡོད་པ་རེད། ད་མང་པོ་ཞིག་གི་གོ་རྟོགས་སད་ཀྱི་ཡོད་པས། རིམ་བཞིན་ཟློས་གར་རྫུན་མ་འདིའི་རིགས་ཀྱིས་ཁུངས་འཁྱོལ་དཀའ། བོད་རང་བཙན་ཁ་ལ་འཁྱེར་མཁན་མང་པོ་ཞིག་གིས་བོད་ཞེན་དག་མ་མེད་ཀྱང་ཡོད་མདོག་སྟོན་པ་འདི་ད་སྐབས་བྱིས་པ་ཞིག་ལ་བཤད་ཀྱང་ཡིད་ཆེས་དཀའ་བའི་གནས་སུ་གྱར་ཡོད་པ་ངེས་དགོས། ད་བར་རང་བཙན་རྩོད་དགོས་ཚུལ་དང་། དཔའ་བོ་ཡིན་མདོག་སྟོན་མཁན་ཚོས་བོད་སྤྱི་ལ་སྨན་པའི་ལས་དོན་ཅི་ཞིག་བསྒྲུབས་མྱོང་འདུག་དང་། ཁོང་ཚོ་ལ་ནུས་པ་ཅི་ཙམ་འདུག་ཞིབ་ལྟ་བྱས་ཚེ་འགྲེལ་བརྗོད་མི་དགོས་པར་གནས་ཚུལ་ཚང་མ་ཤེས་ཐུབ་པ་ཞིག་རེད། ད་སེམས་གཏིང་ནས་མིན་ན་བོད་རང་བཙན་ཁ་ལ་འཁྱེར་རྒྱུ་མཚམས་འཇོག་ཚད་ལ་སླེབས་པ་རེད།
ཐོས་པ་དགའ་ཟེར་མཁན་ཁྱོད་སུ་ཡིན། མི་དངོས་སུ་ཐོན་ཤོག སྒྲུབ་བྱེད་ཁུར་ཤོག གལ་སྲིད་དེ་ལྟར་བྱེད་མི་ཕོད་ན་ཁྱོད་ལ་དོགས་གཞི་ཆེན་པོ་ཡོད།
རྒྱུ་མཚན་ནི་གཡག་བརྐུས་ཟེར་བ་འདི་རྒྱ་ནག་གསང་བའི་ལས་ཁུངས་ནས་སྐབས་དེར་ཆབ་སྲིད་བཙོན་མ་ཡིན་པ་གཞན་ལ་ཤེས་ཀྱི་མི་འཇུག་པའི་ཆེད་དུ་དེ་ལྟར་ཁ་གཡར་ས་ཞིག་བཙལ་བ་དེ་བཞིན་དེང་སྐབས་བཙན་བྱོལ་ནང་དུ་མི་རེ་ཟུང་གིས་དངོས་སུ་ཡིན་མདོག་བྱེད་ཀྱིན་པ་འདིས་ག་རེ་མཚོན་བཞིན་ཡོད་དམ། སྐད་ཆ་འདིའི་འབྱུང་ཁུངས་རྒྱ་ནག་གསང་བའི་ལས་ཁུངས་ཡིན་ངེས་པ་གོང་སྨྲས་ལྟར་ཡིན།
བཙན་བྱོལ་ནང་དུ་ཡང་ཀླུ་བྱམས་དང་འཇམ་ནོར་སོགས་རྙིང་བཞི་གཏོར་མཁན་མང་པོ་ཞིག་ད་བར་བྱུངདང་
འབྱུང་བཞིན་པ་ནི་འཇིག་སྣང་ཆེན་པོ་ཞིག་ཡིན། ཁོ་ཚོའི་དྲན་ཕྱོགས་དང་བསམ་ཕྱོགས་ནི
རིགས་གསར་གྱི་སྐྱག་དྲི་འཐུལ་བ་ལས་གང་ཡང་མེད།
རྐུན་རྒྱབ་ཇག་ལངས།
ངས་ད་བར་དུ་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་རང་བཙན་ཁ་ལ་ཁྱེར་ནས་ནམ་རྒྱུན་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཁན་དང་། ནང་ཁུལ་གྱི་ཕྱོགས་རིས་འཐེན་ཁྱེར་གྱིས་ཚོས་ནས་ཡོད་པའི་མི་བུ་ཀླད་སྟོང་ཚོས་རྐུན་རྒྱབ་ཇག་ལངས་བྱེད་ཀྱིན་ཡོད་པ་དག་རེད་བསམ་སྡད་ཡོད། ད་དེ་ག་རང་རེ་རེ་བཞིན་དེ་ཉིད་སྟོན་ཡོང་གི་འདུག ཀླུ་མཁར་བྱམས་ཀྱི་སྐད་ཆར་ཅི་ཙམ་གྱིས་བཟོ་བཅོས་བྱས་པ་དང་། གང་ཡག་ཡག་བརྗོད་ཀྱང་ང་ཚོས་མིག་གིས་མཐོང་རྣ་བས་ཐོས་ཚར་པ་རེད། ད་སོལ་བ་ཁྲིས་ནས་དཀར་པོར་འགྱུར་རྒྱུ་མེད་པ་གསལ་པོ་རེད། ལྷག་པར་དུ་ཀླུ་བྱམས་ཀྱིས་གཡག་རྐུས་པ་ཡང་ཁོ་རང་གི་སྐད་ཚ་ལས་གསལ་ཡོང་གི་འདུག ད་གང་ལྟར་ཨ་མདོ་བ་ཚོ་མགོ་རུལ་ན་རྣ་བས་མ་ཚོར་བ་བྱས་ནས་ད་དུང་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་ཡོད་པ་རེད། ངོ་མ་ཀླད་མེད་རེད།
འཇམ་ནོར་ནས་ཀླུ་ཁ་བསྟོད་ཀྱང་རུང་།་་་ཀླུ་ཁས་བོད་རང་བཙན་རྩོད་ཀྱང་རུང་།་་་དམངས་གཙོའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པ་རེད།་་་ཡིན་དང་ཡིན།་་་་འོན་ཀྱང་བོད་མི་རྣམས་ལ་དམངས་གཙོ་སུས་གནང་བ་རེད།་་་སུ་ཞིག་གི་བཀའ་དྲིན་རེད།་་་དེ་གཏན་ནས་བརྗེད་མི་རུང་ལ་ལྷག་པར་དུ་༸གོང་ས་མཆོག་སྲིད་དོན་རིག་པའི་ཐོག་ནས་བཤད་ན་རྒྱལ་འཚོང་པའི་ལམ་ལ་འགྲོ་ཡི་ཡོད་པ་རེད་ཟེར་བ་དེ་བོད་མི་རྣལ་མ་ཞིག་ཡིན་ནབཟོད་ཐབས་བྲལ་བ་རེད།་་་འཇམ་ནོར་ལགས་ཀྱིས་རྩོམ་ཡིག་བྲིས་པ་དེའང་ཁོང་ཉིད་ཀྱི་འཚོལ་ཐབས་རེད།་་་དྲུང་ཡིག་ལྷ་ཚེ་འདས་པོ་བོད་ཆོལ་ཁ་གསུམ་གྱི་ནང་ནས་མཁྱེན་ཡོན་གཉིས་ལྡན་ཞི་དྲག་གསང་གསུམ་གང་ལ་མཆོག་ཏུ་གྱུར་པའི་བོད་མི་རིགས་ཀྱི་རླབས་ཆེན་མི་སྣ་ཞིག་རེད་ལ།་་་སྐུ་ཚེ་ཧྲིལ་པོ་བཟང་མཐའ་འཁྱོལ་བའི་རྒྱལ་གཅེས་པ་ངོ་གནོང་མི་དགོས་པ་ཞིག་རེད།་་་འོན་ཀྱང་ཁོང་སྐུ་ཚེའི་འཕེན་པ་རྫོགས་ལ་ཉེ་སྐབས་སུ་ཐུགས་ཕམ་ཆེ་ཤོས་ནི་དམ་པ་ཁོང་གི་སྲས་མོ་བསྟན་འཛིན་ལགས་འཇམ་ནོར་གྱི་ཆུང་མར་ཕེབས་པ་དེ་རེད།་་་དྲ་གྲོགས་ཚོས་ཞིབ་ཁྲའི་གནས་ཚུལ་མ་མཁྱེན་ན་ཐུགས་ཁག་མེད།་་་ཀླུ་ཥའི་དཀའ་སྡུག་མྱང་བ་དངོས་ཡོད་རེད།་་་རང་བཙན་རྩོད་ལེན་བྱས་ཀྱང་ཐོབ་ཐང་རེད།་་་་འཇམ་ནོར་གྱི་བཀོད་བྱུས་འོག་ཏུ་ཕྱིན་ན་སོ་སོས་རྐང་རྗེས་ལག་སུབ་བྱས་པ་ཞིག་རེད།་་་འཇམ་ནོར་ནི་སྔ་མོ་ཞིག་ནས་༸གོང་ས་མཆོག་ལ་མ་གུས་པས་མཚན་སྨད་ཞུ་མཁན་ཞིག་རེད་དོ།།
དུས་བབ་རྩོམ་སྒྲིག་པ་ལགས།
ང་སྔར་ཡིན་ན་ཁྱེད་ཀྱི་མགྲོན་པོ་ཧུར་བརྩོན་ཅན་ཞིག་ཡིན། ད་སྐབས་ཁྱེད་ཚང་ལ་རུ་ཉུག་བྱེད་པར་འོང་ཁོམས་དེ་དམ་མི་འདུག་པ་དགོངས་དག་ཞུ།
གནས་སྐབས་ཞུ་རྒྱུ་ཞིག་ནིཿ གོང་དུ་Human Right Watch report དང་། LUKAR JAM: PRISONER OF CONSCIENCE > Jamyang Norbu’s blog ཞེས་ལུང་དྲངས་བའི་ཁུངས་བསྟན་འདུག་མོད་དེ་ལ་རྒྱུད་འབྲེལ་ལམ། hyper link བཅུག་མི་འདུག གལ་སྲིད་ཀློག་པོ་ཞིག་གིས་ལམ་སང་དེ་ལ་ཀློག་འདོད་སྐྱེས་ན་ལམ་སང་དེར་འགྲོ་ཆོག་པ་དེ་རེད། དེ་འདྲ་ངེས་པར་དུ་བཟོ་དགོས་འདུག
གཞན་ཡང་དཔར་རིས་རྣམས་ལ་བོད་ཡིག་གི་ཐོག་ནས་མིང་བྱང་ངེས་པར་དུ་འབྲི་དགོས་ཀྱི་འདུག རྒྱུ་མཚན་ནི་དེ་ལྟར་བྱས་ནས་གྷུ་གལ་དཔར་འཚོལ་ནང་ལས་སླ་བོ་དང་དགོས་མཁོ་ལྟར་དུ་འཚོལ་ཐུབ། དགོས་མཁོ་ལྟར་ཟེར་བ་ནི་དཔེར་ན་བོད་ཡིག་མ་གཏོགས་མི་ཤེས་མཁན་ནམ་བོད་ཡིག་གི་ལམ་ནས་འཚོལ་དགོས་སྐབས་དཔེར་ན་མགོ་ལོག་འཇིགས་མེད་འཚོལ་དགོས་ན་དེ་ལྟར་རྙེད་དགོས་པ་དེ་ལ་ཟེར་བ་ཡིན།
ཨིན་ཡིག་གིས་Golok Jigmey ཅེས་བྲིས་ན་ཁོང་གི་དཔར་དེ་ལམ་སང་རག་པ་དང་བོད་ཡིག་གིས་བྲིས་ན་རག་མི་ཐུབ་པ་ནི་ཁྱེད་ལྟ་བུ་དྲ་ཚིགས་ཁག་གིས་དཔར་རིས་ཡར་འཇོག་བྱེད་སྐབས་དཔར་གྱི་མིང་བོད་ཡིག་ཏུ་བྲིས་མ་བྲིས་ལ་ཐུག་ཡོད།
འདིར་མགོ་ལོག་འཇིགས་མེད་ནི་དཔེར་མཚོན་ཙམ་ཡིན་པ་ལོས་མཁྱེན།
རང་རེ་བཙན་བྱོལ་བོད་པའི་ཁྲོད། མཁས་དབང་འདི་ལ་ཁ་བཤད་མ་གཏོགས་ལས་འགུལ་དང་ལག་ལེན་(action)མི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་མང་མོད། དངོས་གནས་བྱས་ན། དཔྱད་རྩོམ་འདི་དག་ནི་བོད་མི་སྤྱི་བྱིངས་ཀྱིས་སྒྲུབ་མི་ནུས་པའི་ལག་ལེན་གལ་ཆེན་གོ་ཆོད་ཅིག་རེད། མཁས་དབང་ཁོང་གི་རྩོམ་ཡིག་ཅིག་ཡིན་ན་ཕལ་མོ་ཆེ་བོད་དོན་དཔྱད་བརྗོད་ཡིན་པས་ཁྱབ་ཅིང་། དེ་ཡང་རྩོད་སྒྲུབ་ལུང་རིགས་ཀྱིས་ཕྱུག་པ་འབའ་ཞིག་རེད།
བལ་ཡུལ་ལ་དཔེ་བླངས་ན། ཡུལ་དེར་གྲགས་ཆེ་བ་ Kathmandu post དང་ Times of Himalayan ཟེར་བའི་དབྱིན་ཡིག་ཚགས་ཤོག་གཉིས་ཡོད་ཅིང་། དེ་དག་གི་ངོས་སུ་བོད་དོན་སྐོར་ལ་བདེན་པ་མ་ཡིན་པའི་གནས་ཚུལ་ཤིན་ཏུ་སྡུག་ཅག་མང་པོ་བཀོད་ཡོང་གི་འདུག མཚམས་ལན་རེར་རྒྱའི་ཡཱོན་གྱི་ནུས་པ་ཡིན་ངེས་ཏེ་ཤོག་ངོས་གཉིས་ཡན་གང་པའི་བོད་དོན་འཁྱོགས་བཤད་ཀྱི་དཔྱད་རྩོམ་དེ་འདྲ་ཡང་སྤེལ་ཡོང་གི། ཡིན་ན་ཡང་། དེ་དག་ལ་ཡོ་བསྲང་དང་ལན་སྐྱོན་མཁན་ནི་རི་བོང་གི་རྭ་རེད། སྐབས་དེ་དུས་ཡིད་ངོས་སུ་འཁོར་ཡོང་བ་ནི་མཁས་དབང་ཁོང་ལྟ་བུ་དག་ཡིན།
རྩ་དོན་ཐད་ནས་བཤད་ན། དབྱིན་ཡིག་དང་རྒྱ་ཡིག་སོགས་སྤྱོད་སྒོ་ཆེ་བའི་སྐད་ཡིག་དག་གི་སྟེང་ལུང་རིགས་ཀྱིས་ཕྱུག་པའི་བོད་དོན་དཔྱད་གཏམ་སྤེལ་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་ལས་འགུལ་ཞིག་རེད། འོན་ཀྱང་བཙན་བྱོལ་བའི་ཁྲོད་ན་མཁས་དབང་འཇམ་ནོར་ལྟར་རྒྱུན་ཆད་མེད་པར་ལས་འགུལ་གལ་ཆེན་འདི་འདྲ་སྤེལ་ཐུབ་མཁན་ནི་ཉིན་མོའི་སྐར་མ་ཙམ་རེད།
བོད་པ་གང་ལ་གང་འཚམས་ཤིག་ད་དུང་རྗེས་ལུས་གུ་དོག་གི་གནས་ན་ལྷག་སྟེ། ཐ་ན་མཆན་ཐུང་ཞིག་བཏབ་ཀྱང་རུང་། རྒྱུ་མཚན་ལུང་རིགས་ཅི་ཡང་མེད་པར། ཁྱི་རྒན། སྐྱག་པ་ཟོ། ཁྱི་ཁ་ཚུམས། ས་འོག་ལ་འཇུག ཕག་ངོ་། སྨྱོན་པ་ཞེས་སོགས་བྲིས་ཡོང་། ངོ་མ། མཚམས་རེར་གད་མོ་བྲོ་ལ། མཚམས་རེར་ངོ་ཡང་ཚ། །
རྩོམ་བློ་སྒོ་འབྱེད་བྱེད་ཅིག་སྤེལ་འདུག ཀློག་མཁན་མང་བོར་ཕན་ཐོགས་ཡོད་ངེས།
མཁས་དབང་འཇམ་དབྱངས་ནོར་བུ་མཆོག་ནི་བཙན་བྱོལ་ནང་དུ་ཐུན་མོང་མ་ཡིན་པའི་མི་སྣ་ཞིག་ཡིན། གཅིག་ནས་ཁོང་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན། གཉིས་ནས་ཁོང་ནི་སྟག་འཚེར་རིན་པོ་ཆེ་ཡི་རང་བཙན་ལྟ་བ་རྒྱུན་མཐུད་གནང་མཁན་གྱི་མི་སྣ་ཆགས་ཡོད། གསུམ་ནས་ཁོང་ནི་ཞིང་གཤེགས༼བཙན་རྒོལ་རྒྱལ་སྐྱོབ་པ༽ཡབ་གཞིས་དྲུང་ཡིག་ལྷ་མོ་ཚེ་རིང་མཆོག་གི་བུ་མོའི་མག་པ་ཡིན། བཞི་ནས་ཁོང་ནི་གློ་སྒྲིག་འཛུགས་ནང་དུའང་སྔར་ཞུགས་མྱོང་སྐད། དེབས། ཁོང་གིས་བོད་རང་བཙན་སླར་གསོ་རྩོད་ཀྱིན་པ་ནི་རང་ཉིད་ཀྱི་ཕུགས་བསམ་ཙམ་མ་ཡིན་པར་གཤིན་པོ་མང་བོ་ཞིག་གི་ཁ་ཆེམས་དང་རེ་བའང་ཕྲག་ཏུ་ཁུར་ཡོད། འདི་ཀློག་མཁན་ཡོངས་དང་སྒོས་སུ་ཨ་མདོའི་ཀློག་མཁན་ཚོས་ངེས་པར་ཤེས་དགོས།
མཁས་དབང་འཇམ་ནོར་གྱིས་བྲིས་པའི་རྩོམ་ཡིག་འདི་ནི་དངོས་ཡོད་གནས་ཚུལ་དང་མཐུན་གྱིན་འདུག དགའ་བསུ་ཡོད།
འཇམ་དབྱངས་ནོར་གྱིས་་་”རང་ཉིད་ཀྱིས་༸གོང་ས་མཆོག་གི་ཆེད་དུ་དེ་ལྟ་བུའི་ཉེན་ཁ་དང་དུ་བླངས་མྱོང་ངམ།”ཞེས་ཟེར། ཁྱོད་ཀྱི་ཁ་སྤུ་རིང་པོ་དེའང་༧གོང་ས་མཆོག་གི་ཆེད་དུ་སྐྱེས་སུ་བཅུག་པ་ཡིན་ནམ། ཁྱི་བཤད་རྒྱབ་ནས། རྒྱུ་འབྲས་གོ་ལྡོག་རང་བཤད་ཀྱི་འདུག
ཡག་པོ་བྲིས་འདུག རྗེས་སུ་ཡི་རང་ཡོད།
སྐུ་ཞབས་འཇམ་ནོར་གྱི་རྩོམ་ཡིག་ཡག་བྱུང་། ཁྱེད་ཀྱི་རྩོམ་ཡིག་གི་རང་གི་གང་བཤད་དགོས་པ་དང་གང་བཤད་འདོད་པ་དེ་ཐད་ཀར་བཤད་ཀྱིན་འདུག་པས་ཁྱེད་ཀྱི་རྩོམ་ཡིག་ཀློག་པར་དགའ་སྣང་ཡོད།
རང་གི་འཇོན་ཐང་ཕྱི་རུ་མངོན་མི་ནུས་པ་དག་གིས་ནམ་རྒྱུན་གཞཉ་གྱིས་བཀོད་ཇུས་ལ་སྒུག་དགོས། དེ་ནི་ཁོ་བོ་ཅག་གི་མི་ཚེ་འབྱིད་སྟངས་ཤིག་ཡིན་ཡང་སྲིད།
འདིས་ཀླུ་མཁར་སུས་སྐུལ་འདེད་བྱས་ཡོད་མེད་གསལ་ཁ་བཏོད་པ། རྒྱབ་ལྗོངས་ལྷིང་ལ་བུད་དང་ནི་རེད་ཡ།