བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར། ཆོལ་ཁ་གསུམ་ནང་སྤྱི་འཐུས་འོས་མིར་བཞེངས་མཁན་མང་དག་ཅིག་འབྱུང་བཞིན་ཡོད་སྟབས། འདི་གའི་གསར་ཁང་གིས་སྤྱི་འཐུས་ལས་ཐོག་མ་ཡིན་པའི་ཆོལ་ཁ་རེ་རེའི་འོས་མི་གསར་པ་དག་ལ་བཅར་འདྲིའི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་ལྟར། ད་རེབ་མདོ་སྟོད་སྤྱི་འཐུས་འོས་མི་ཧོན་སུར་གནས་སྡོད་ཚེ་དབང་བསྟན་འཛིན་ལགས་སུ་བཅའ་འདྲི་ཞུས།
དྲི་བ། ཐོག་མར་ཁྱེད་རང་གི་འདས་པའི་མི་ཚེ་དང་སློབ་སྦྱོང་གི་བརྒྱུད་རིམ་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ངའི་མིང་ལ་ཚེ་དབང་བསྟན་འཛིན་ཟེར་ལ་ཕ་མ་གཉིས་ག་ཁམས་སྡེ་དགེ་ནས་ཡིན། ༡༩༥༩ ལོར་བོད་ཤོར་ནས་རྒྱ་གར་ལ་ཡོང་སྐབས་ང་ལམ་ནས་སྐྱེས་པ་རེད། དེ་ནས་ཕ་མ་ཚོ་རྡོ་རྗེ་གླིང་ལ་བསྡད་པ་རེད། ང་ཆུང་དུས་ནས་ལོ་ ༡༣ ཙམ་ལ་སློབ་གྲྭ་དང་གྲྭ་ས་ཁག་འགྲིམ་པའི་རྗེས། གྲྭ་བ་མ་བྱས་པར་ཝ་ར་ན་སའི་སློབ་གྲྭར་སོང་ནས་ལོ་ ༥ ལྷག་བསྡད་པ་ཡིན། དེ་ནས་ཧོན་སུར་རྒྱུད་སྨན་གྲྭ་ཚང་གིས་རེ་བ་ཞུས་ཏེ་གྲྭ་ཚང་གི་སློབ་གྲྭའི་ལས་ཀ་དང་གྲྭ་ཚང་གི་དྲུང་ཡིག་ཕལ་ཆེར་ལོ་ ༨ ལྷག་བྱས་པ་ཡིན། དེ་དང་མཉམ་དུ་ཧོན་སུར་ས་གནས་གཞོན་ནུའི་དྲུང་ཆེ་ལོ་ ༣ དང་ཚོགས་གཙོ་ལོ་ ༦ བྱས་ཏེ་ཆབ་སྲིད་ཀྱི་ལས་ཀ་འདྲ་བྱས་པ་ཡིན། དེ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཀྱི་ལམ་སྟོན་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་ལས་ཀྱི་དཔལ་འབྱོར་འགན་འཛིན་ལོ་ ༣ ལ་བྱས་པ་ཡིན། དེའི་རིང་ལ་གྲྭ་ཚང་གི་ལས་དོན་ཆེད་ཉི་ཧོང་ལ་ཐེངས་མང་པོར་ཕྱིན་པ་ཡིན་ལ། དེ་བཞིན་སེང་གྷ་པིར་དང་ཧོང་ཀོང་། ཨ་རི་དང་ཡུ་རོབ་རྒྱལ་ཁབ་མང་ཆེ་བར་ཉུང་མཐར་ཐེངས་གཉིས་རེར་ཕྱིན་མྱོང་ཡོད།
དྲི་བ། ཁྱོད་ཀྱིས་ད་ལྟའི་སྤྱི་འཐུས་ལས་ཐོག་ཚོའི་ཕྱག་ལས་གནང་སྟངས་ཐོག་འདོད་པ་མ་ཁེངས་པ་དང་། བོད་མི་མང་གི་དགོས་འདུན་བསྐོངས་ཐུབ་ཀྱི་མེད་པའི་གནས་སྟངས་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན། དེར་མི་མང་གི་བསམ་ཚུལ་ཤུགས་ཆེན་པོ་རེད། སྤྱི་འཐུས་ཁ་ཤས་ལོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་རེད། སྤྱིར་བཏང་ང་ཚོས་སྤྱི་འཐུས་འདེམ་པའི་སྐབས་སུ་ཆོལ་ཁ་བྱས་ནས་བདམས་པ་རེད་དེ། སྤྱི་འཐུས་ནང་ལ་བསླེབས་པའི་ཉིན་མོ་ནས་བཟུང་ང་ཚོ་སྤྱི་མི་རང་བྱས་ནས་སྡོད་དགོས་རེད། ཆོལ་ཁ་སུ་དང་ཆོས་བརྒྱུད་གང་ཡིན་རུང་སྤྱི་མི་བྱེད་རྒྱུར་འབད་བརྩོན་བྱ་དགོས་ཀྱི་ཡོད་ཀྱང་། སྤྱི་འཐུས་མང་ཆེ་བ་དེ་ལྟར་སྡོད་ཐུབ་ཀྱི་མི་འདུག ཆེ་ས་ནས་ང་ཚོས་འཐབ་རྩོད་ཀྱི་ལས་ཀ་བྱ་མ་ཐུབ་ཀྱང་། རྒྱ་གར་ནང་བསླེབས་པའི་ཉིན་མོ་ནས་ང་ཚོ་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། ད་ལྟ་ངས་ཉེན་ཁ་ག་རེ་མཐོང་གི་འདུག་ཅེ་ན། མདོ་སྟོད་ནང་མ་འོངས་པར་སོ་སོའི་ལུང་ཚན་ནང་འཐེན་ཁྱེར་མི་ཡོང་ངམ་སྙམ་པའི་དངངས་སྐྲག་ཅིག་ཡོང་གི་འདུག ང་ད་ལྟའི་སྤྱི་འཐུས་ཚོར་འདོད་པ་ཚིམས་ཀྱི་འདུག་གམ་ཟེར་ན། རྩ་བ་ནས་འདོད་པ་མ་ཚིམ་པའི་གནས་སྟངས་ཤིག་གི་འོག་ནས་སོ་སོ་སྤྱི་འཐུས་ལ་ལངས་པ་ཡིན།
དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་རྒྱུན་གྱི་ལས་དོན་གཙོ་བོ་ ༦ གྲངས་འདྲེན་དང་། དེ་དག་ཐོག་ཁྱོད་ལ་ཞབས་འདེགས་བསྒྲུབ་ཐུབ་པའི་ཆ་རྐྱེན་དང་ནུས་པ་གང་འདྲ་ཡོད་དམ།
ལན། དང་པོ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དང་བོད་མི་མང་གི་སྐུ་ཚབ་བྱེད་ཐུབ་པ་ཞིག་བྱ་རྒྱུ་དེ་རེད། གཉིས་པ་ང་ཚོ་བཙན་བྱོལ་སྒྲིག་འཛུགས་བཀའ་ཤག་ལ་སྟངས་འཛིན་དོ་འཁུར་བྱ་དགོས་པ་རེད། དེ་ནས་བོད་རྒྱའི་གནད་དོན་སོགས་བོད་སྤྱི་བའི་རྩ་དོན་ཐོག་ཤུགས་བསྐྱོན་དགོས་པ་རེད། བོད་གཞིས་བྱས་གཉིས་ཀྱི་འདས་གསོན་ཡོངས་ཀྱི་རེ་ལྟོས་བྱེད་ཡུལ་འདི་རང་རེད། བཞི་པ་སྤྱི་འཐུས་དེ་ཚོས་རྒྱ་ཆེ་ས་ནས་བོད་པའི་སྐད་ཡིག་རིག་གཞུང་དང་ཤེས་ཡོན་ཐོག་རོགས་འདེགས་ཤུགས་ཆེ་ཙམ་གནང་དགོས་ཀྱི་འདུག་དྲན་གྱི་ཡོད། ལྔ་པ་ཡིན་ན་གཞིས་ཆགས་སྲ་བརྟན་ལ་དཀའ་ངལ་ཞེ་དྲགས་ཡོད་སྟབས། འཛིན་སྐྱོང་བཀའ་ཤག་དང་མཉམ་འབྲེལ་ཐོག་གནས་ཚུལ་འདིའི་སྐོར་ལ་ཞིབ་འཇུག་གཏིང་ཟབ་མོ་བྱས་ཏེ་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་འགྱུར་བ་ཞིག་གཏོང་དགོས་པ་དེ་རེད། དྲུག་པ་བོད་ནས་གསར་དུ་འབྱོར་རིགས་ཚོར་དཀའ་ངལ་མང་པོ་ཞེ་དྲགས་ཡོད་པ་དེ་དག་སེལ་ཐབས་སུ་གང་དགོས་ཅི་ལེགས་ལ་ཐབས་ཤེས་གནང་དགོས་པ་རེད་བསམ་གྱི་འདུག གནས་ཚུལ་འདི་དག་ཐོག་ང་རང་གཅིག་པུར་ནུས་པ་དམིགས་བསལ་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྤྱི་འཐུས་དེ་ཚོས་ཕྱོགས་འཐེན་མ་གནང་བར་བཀའ་སྤྱི་མཉམ་རུབ་དང་། གཞུང་དམངས་རྡོག་རྩ་ཆིག་བསྒྲིལ་བྱས་ན་འགྲུབ་མ་ཐུབ་པ་གང་ཡང་ཡོད་པ་མ་རེད། ང་རང་ལ་མཚོན་ན། ལྷག་བསམ་བརྟན་པོ་ཞེ་པོ་ཞིག་ཡོད། སྤྱིར་བཏང་ང་ལ་དམིགས་བསམ་གྱི་ཡོན་ཏན་ཆེན་པོ་དེ་འདྲ་མེད་ཀྱང་། སྤྱི་ཚོགས་ལ་ཞབས་ཞུ་ཞུས་པའི་སྐབས་འཇོན་ཐང་དང་བྱ་བ་ལམ་འགྲོ་ཡོད་མཁན་ཞིག་ཡིན། ངས་ད་ལྟའི་བར་དུ་བོད་པའི་སྤྱི་ཚོགས་ནང་ལོ་ ༣༠ ལྷག་ལ་ལས་ཀ་བྱས་ཡོད་སྟབས་ཉམས་མྱོང་ཡང་གང་ལ་གང་འཚམ་ཡོད་མཁན་ཞིག་ཡིན། དེ་ང་རང་གི་ནུས་པ་ཟེར་ན་འདྲ་ཁྱད་ཆོས་གལ་ཆེ་ཤོས་འདྲ་བོ་ཡིན་བསམ་བསྡད་ཡོད།
དྲི་བ། ཁྱེད་རང་སྔོན་མ་སྤྱི་འཐུས་ལངས་པར་རྒྱལ་ཁ་ཐོབ་མེད་ཀྱང་ད་རེས་བསྐྱར་དུ་ལང་དགོས་པའི་རྒྱུ་མཚན་ག་རེ་ཡིན་པ་དང་། ད་རེབ་ཁྱེད་རང་རྒྱལ་ཁ་ཐོབ་པའི་གདེང་ཚོད་ཡོད་དམ།
ལན། ད་རེབ་ང་རྒྱལ་ཁ་ཐོབ་པའི་གདེང་ཚོད་གང་ཡང་མེད། ང་ནམ་རྒྱུན་དམངས་གཙོའི་སྐད་ཆ་བཤད་མཁན་ཞིག་ཡིན་སྟབས། དམངས་གཙོའི་ནང་འཛུལ་བཞུགས་བྱ་རྒྱུ་དང་། དམངས་གཙོའི་འོས་ཤོག་ནང་གཅིག་ལ་རྒྱལ་ཁ་ཐོབ་རྒྱུ་དང་གཅིག་ཕམ་དགོས་པ་དེར་ངས་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད། སྔོན་མ་ང་ཚར་གཅིག་ལངས་པ་ཡིན་དེའི་སྐབས་སུ་ང་ལ་ཐོབ་ཀྱི་མེད་པ་ངས་ཧ་གོ་ཡི་ཡོད། གང་ཡིན་ཞེ་ན་ངའི་ལྟ་བ་ལངས་ཕྱོགས་དེ་སྤྱི་མི་བྱེད་མཁན་ཞིག་ཆགས་བསྡད་ཡོད་པ་རེད། སྤྱི་མི་བྱས་ཏེ་བསྡད་པ་ཡིན་ན་དེང་སང་འོས་ཤོག་ཐོབ་རྒྱུ་དཀའ་ལས་ཁག་པོ་རེད། གནས་ཚུལ་དེ་ངས་ཤེས་ཀྱི་ཡོད་ཀྱང་། སོ་སོ་སྒེར་གྱི་རྒྱལ་ཁ་ཙམ་གྱི་ཆེད་དུ་ངས་བོད་སྤྱི་བ་བློས་གཏོང་ཐུབ་ཀྱི་མི་འདུག་ལ། མི་མང་ལ་མགོ་སྐོར་ཡང་གཏོང་ཕོད་ཀྱི་མི་འདུག ཤོག་བསྒྲིགས་མ་བྱས་པ་ཡིན་ན་འོས་ཤོག་འཐོབ་ཁག་པོ་ཡོད་པ་རེད། ཡིན་ནའང་ང་ལ་དུས་ནམ་ཡང་ཤོག་ཁག་བསྒྲིག་རྒྱུར་འདོད་པ་མེད། སྤྱི་འཐུས་འོས་བསྡུར་རྒྱལ་ཁ་ཐོབ་ན་རེད་མ་ཐོབ་ནའང་རེད། གང་ལྟར། ང་སྤྱི་མི་རང་བྱས་ཏེ་སྡོད་རྒྱུའི་བསམ་བློ་ཤུགས་ཆེན་པོ་འཛིན་མཁན་ཞིག་ཡིན། སུ་གང་གི་ཤོག་ཁག་ནང་འཛུལ་ཏེ་ཕྱོགས་འཐེན་བྱེད་རྒྱུའི་འདོད་པ་མེད།
དྲི་བ། ཁྱེད་རང་གི་ཁྱབ་བསྒྲགས་ལྟར་ན། ཁྱེད་རང་ས་གནས་གཞོན་ནུའི་ཚོགས་གཙོ་ཡིན་རབས་འདུག ལྷོ་ཕྱོགས་ཀྱི་ས་གནས་གཞོན་ནུ་ཁ་ཤས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད། ཁྱེད་རང་གིས་རང་བཙན་དང་དབུ་མ་གང་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། དེའི་རྒྱུ་མཚན་ཅི་ཡིན།
ལན། ལོ་གཉིས་ཀྱི་སྔོན་ལ་ང་ཚོའི་ས་གནས་གཞོན་ནུ་ཁག་བརྒྱད་དེ་གཞོན་ནུའི་སྒྲིག་འཛུགས་ལས་མར་ཐོན་ཡོད་པ་རེད། དེའི་སྐབས་སུ་ང་གཞོན་ནུའི་ཚོགས་གཙོ་མ་རེད། དེའི་རྗེས་ང་ཚོ་གཞོན་ནུའི་ཚོགས་གཙོར་འདེམ་སྐོས་བྱུང་པ་རེད། སྤྱིར་བཏང་དེར་བརྒྱུད་རིམ་མང་པོ་ཡོད་ཀྱང་ངས་ཐུང་ཐུང་ཞིག་ཞུས་བ་ཡིན་ན། བར་སྐབས་ཤིག་ནས་གཞོན་ནུའི་འོག་སྡོད་མཁན་ཚོ་སོ་སོའི་བསྡད་ས་ནས་ཏག་ཏག་བསྡད་མ་ཐུབ་པར། རང་བཙན་ཁ་ལ་ཁྱེར་ནས་བོད་པའི་སྤྱི་ཚོགས་ནང་ལྷིང་འཇགས་མེད་པ་བཟོ་མཁན་དེ་ཚོའི་རྐུབ་ལ་རྒྱུག་སོང་། དེ་རྩ་བ་ནས་ཡག་པོ་རང་མཐོང་མ་སོང་། རང་བཙན་ཁ་ལ་ཁྱེར་མཁན་མང་ཆེ་བར་༧སྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་སྒྲིག་ འཛུགས་ལ་ཁ་ཞེ་གཉིས་མེད་ཀྱིས་གུས་ཞབས་ཡོད་མེད་ང་ཚོས་ཞིབ་འཇུག་བྱ་དགོས་པ་ཞིག་རེད། དེར་བརྟེན། ང་ཚོ་འདོད་པ་མ་ཚིམས་པ་བྱུང་བར་བརྟེན་ཏེ། ང་ཚོ་དབུས་གཞོན་ནུའི་སྒྲིག་འཛུགས་ལས་ལོགས་སུ་འཐོན་དགོས་པའི་རྒྱུ་མཚན་གཅིག་དེ་རེད། གཞན། ཉེ་བའི་ལོ་ཤས་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་ཡོད་པ་རེད། དེའི་ནང་དམིགས་བསལ་གྱིས་གཞོན་ནུའི་མིང་གིས་བཟུང་བའི་གནས་ཚུལ་དེ་འདྲའང་བྱུང་བ་རེད། གང་ལྟར། གནས་ཚུལ་དེ་འདྲ་མང་པོ་ཞིག་གི་འོག་ནས་ང་ཚོས་ཐག་གཅོད་དེ་གནང་བ་རེད། ད་ལྟའི་ཆར་༧སྐྱབས་མགོན་རིན་པོ་ཆེ་ལས་ལྷག་བཀའ་དྲིན་ཆེན་པོ་ཡོད་མཁན་ཞིག་འཛམ་གླིང་དང་བོད་པའི་སྤྱི་ཚོགས་ལ་ཡོད་པ་མ་རེད་ལ། ལྷག་པར་དུ་རང་བཙན་རྩོད་མཁན་དང་གཞོན་ནུ་ལྷན་ཚོགས་སོགས་སུ་མེད་པ་གསལ་བོ་གསལ་རྐྱང་རེད། རྒྱུ་རྐྱེན་དེ་འདྲ་ཞིག་གི་འོག་ནས་ང་ཚོ་ལངས་ཕྱོགས་མ་འདྲ་བ་ཟུང་སྟེ་ལོགས་སུ་ཐོན་པ་རེད།
དྲི་བ། གལ་སྲིད་ཁྱེད་རང་སྤྱི་འཐུས་ཐོབ་པ་ཡིན་ན་གྲོས་ཚོགས་རྭ་བའི་ནང་ཆོལ་གསུམ་ཆིག་སྒྲིལ་ཡོང་ཐུབ་ལ་ཕྱག་ལས་དང་བྱ་སྤྱོད་གང་འདྲ་འཛིན་འཆར་ཡོད་དམ།
ལན། ང་གྲོས་ཚོགས་ནང་བསླེབ་ཀྱི་མ་རེད། གལ་སྲིད་བསླེབས་པ་ཡིན་ན་མདོ་སྟོད་དང་མདོ་སྨད། དབུས་གཙང་། ཆོས་བརྒྱུད་ཁག་ཅེས་སོ་སོ་ལོགས་སུ་འཛོམས་ཀྱི་འདུག དེར་ང་རྩ་བ་ནས་འགྲོ་ས་མ་རེད། དེང་སང་སྤྱི་ཚོགས་ནང་བདེན་པ་ཡིན་མིན་མི་ཤེས་མ་གཏོགས། གང་ལྟར་དབུས་གཙང་དང་མདོ་སྨད་མཉམ་དུ་འགྲོ་བསྡད་ཡོད་པ་དང་། མདོ་སྟོད་དང་ཆོས་ལུགས་ཁག་གི་སྤྱི་འཐུས་ཁག་ཅིག་མཉམ་ཏུ་འགྲོ་བཞིན་ཡོད་པ་རེད་ཟེར་བ་ཞིག་གོ་རྒྱུ་འདུག དཔེན་ན། གྲོས་ཚོགས་ནང་ལག་པ་བསྐྱངས་སྟངས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་རེད་ཟེར་གྱི་འདུག དེ་བདེན་པ་ཡིན་མིན་མི་ཤེས། གལ་སྲིད་གནས་ཚུལ་དེ་ཚོ་ངོ་མ་ཡིན་ན་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། བློ་ཕམ་གྱི་གནས་ཚུལ་རང་རེད། རྒྱ་ཆེའི་མང་ཚོགས་ཀྱིས་འདིའི་སྐོར་ལ་བསམ་བློ་ཞིག་བཏང་བ་ཡིན་ན། ད་ལྟ་སྤྱི་འཐུས་ཁོ་རང་ཚོ་ཐོག་མ་སྤྱི་འཐུས་ལྷན་ཚོགས་ནང་ཕེབས་ཁ་ལ་མོར། མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་ཞིག་བཞག་ཡོད་པ་དེ་དང་འགལ་ཡོད་པ་རེད། གལ་སྲིད་ང་རང་སྤྱི་འཐུས་ནང་བསླེབས་པ་ཡིན་ན་སྤྱི་མི་ཞིག་གི་ལངས་ཕྱོགས་བརྟན་པོ་འཛིན་རྒྱུ་ཡིན་པའི་དམ་བཅའ་བརྟན་པོ་ཡོད།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
གནས་ཚུལ་ངན་པ་དེ་བདེན་པ་རེད། ངས་བདེན་དཔང་བྱས་ཆོག འཐུས་མི་རྙིང་བ་ཁོང་ཚོར་བོད་ནང་ལ་འཐེན་ཁྱེར་མ་གཏོགས་འགྲ་བོ་ལ་རེ་ཐང་ཆད་ཚར་ཡོད་རེད། ཁོང་ལ་དྲང་གཏམ་བཤད་པའི་སྤོབས་པ་འདུག དོན་དམ་པའི་ཁམས་པའི་ཕོ་རྒོས་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར།
སྤྱི་འཐུས་གྲོས་ཚོགས་ནང་བསམ་ཚུལ་འདོན་སྟངས་དང་ལག་ཀ་རྐྱོང་སྟངས་སོགས་བོད་མིའི་སྒྲིག་འཛུགས་ཀྱི་འདྲ་བརྙན་སྡེ་ཚན་གྱི་དྲ་རྒྱ་ལ་གཟིགས་ན་གསལ་པོ་མཁྱེན་རྟོགས་ཐུབ་ཀྱི་རེད། སྐུ་ཞབས་ཚེ་དབང་ལགས་ཀྱིས་གསུངས་པ་དེ་གང་ཙམ་བདེན་པ་རེད། སྤྱི་འཐུས་གྲོས་ཚོགས་ཙམ་མིན་པར་སྤྱི་འཐུས་དེ་རྣམས་ཕྱི་ལའང་དེ་ལྟར་རེད། སྲིད་སྐྱོང་ཁམས་པ་དང་ཁོང་གིས་ཁམས་པའི་སྤྱི་འཐུས་དང་བླ་མ་མང་པོར་རྒྱབ་སྐྱོར་འཚོལ་ཡོད་སྟབས་གྲོས་ཚོགས་ནང་སྲིད་སྐྱོང་དང་ཐད་ཀར་འབྲེལ་བ་ཡོད་པའི་གླེང་སློང་བྱུང་ན་མདོ་སྟོད་སྤྱི་འཐུས་དང་ཆོས་ལུགས་སྤྱི་འཐུས་བརྒྱ་ཆ་དགུ་བཅུ་ཙམ་ཕྱོགས་གཅིག་ལ་བསྒྲིལ་ནས་གང་ཡང་མི་ཤེས་པར་དོ་སྣང་ཡང་མེད་བཟོའི་བཞུགས་ཀྱི་ཡོད་པ་མངོན་གསལ་རེད། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་གླེང་ནའང་སྲིད་སྐྱོང་དང་འབྲེལ་བ་ཡོད་ན། དེ་དག་ཚོར་མ་བྱུང་སྙམ་པའི་ལངས་ཕྱོགས་བཟུང་ནས་ཅི་ཡང་མི་སྨྲ་བར་བཞུགས་ཀྱི་ཡོད་པ་མངོན་གསལ་རེད། སྤྱི་འཐུས་གྲོས་ཚོགས་ནང་ཚོགས་གཙོ་ལ་མི་བསད་པའི་ནག་འཛུགས་བྱས་པའང་སྲིད་སྐྱོང་འོས་བསྡུའི་སྔོན་འགྲོའི་དྲིལ་བསྒྲགས་འགོ་བརྩམས་པ་རེད། གནས་སྟངས་དེ་དག་ལ་གཞིགས་ན་ཆོས་ལུགས་སྤྱི་འཐུས་དགོས་དང་མི་དགོས་ཀྱི་བགྲོ་གླེང་བྱེད་གཞི་རྩ་གཅིག་རེད་སྙམ།
དེང་སང་དྲང་མོ་བཤད་ན་མང་པོ་ཞིག་གི་སྣང་བར་འགྲོ་གི་མ་རེད། ཡིན་ནའང་། དྲང་པོ་དྲང་བཞག་གི་བསམ་བློ་དང་སྐད་ཆ་ཡོངས་གྲགས་ཀྱིས་བཤད་པའི་གདེངས་ཚོད་དང་སྤོབས་པ་ཡོད་པ་དེ་བསྔགས་འོས་པའི་གནས་རེད་སྙམ། ལོ་ངོ་དྲུག་ཅུ་འདས་ཀྱང་། ད་དུང་ང་ཚོས་ཐོག་མར་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་བསྐོ་དགོས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ངོས་ཟིན་གྱི་མི་འདུག ཆོལ་ཁ་ཆོས་ལུགས་ཆིག་བསྒྲིལ་གྱིས་རྒྱ་གཞུང་ལ་ཁ་གཏད་གཅོག་པའི་སྟོབས་ཤུགས་ལ་བསྒྱུར་བའི་ཚབ་ཏུ། བོད་སྤྱིའི་རྩ་དོན་མི་སེམས་པའི་མི་ངན་གཏེ་བོ་ཉུང་ཤས་ཀྱིས་རང་སྒེར་ཆེན་པོ་བཟོ་ཆེད་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པ་གང་རུང་རེར་བརྩེ་བ་དང་། ལ་རྒྱ། ཞེན་ཁོག་ཡོད་མདོགས་ཀྱིས་བོད་མི་མང་ཆིག་བསྒྲིལ་མི་ཡོང་བ་དང་བོད་ཀྱི་རྩ་དོན་མི་འགྲུབ་པའི་དཀྲུག་ཤིང་རྐྱང་རྐྱང་གིས་མི་རབས་གསར་པའི་མདུན་ལམ་གཡང་ལ་འཁྲིད་ཀྱི་འདུག དངོས་གནས་བོད་སྤྱི་བའི་རྩ་དོན་ལ་བསམ་བློ་གཏོང་ཐུབ་མཁན་སྤྱི་མི་ཁྱེད་རང་ལྟ་བུ་དགོས་ཀྱི་འདུག ཁྱེད་ལྟ་བུའི་བསམ་བློ་གཏོང་མཁན་ལ་རེ་ཞིག་མི་ངན་གཏེ་བོ་ཁ་ཤས་ཀྱི་ལག་འོག་ནས་རྒྱལ་ཁ་ཐོབ་གི་མ་རེད། འོན་ཀྱང་ཐུགས་མ་ཕམ། སྤྱི་ཚོགས་ནང་མངོན་གསལ་མིན་པའི་སྒོ་ནས་ཁྱེད་དང་ཁྱེད་འདྲ་བའི་བོད་སྤྱི་བ་ལ་བསམ་བློ་གཏོང་མཁན་ཡང་གང་འཚམ་ཡོད་པ་རེད།
སྐུ་ཞབས་ཚེ་དབང་ལྡན་འཛིན་ལགས་ཀྱིས་དངོས་གནས་དྲང་གནས་སྤྱི་ཚོགས་ནང་གི་ན་ཚའི་ཐོག་ལ་ཁབ་བརྩེག་བྱས་འདུག འོག་ཏུ་དྲ་གྲོགས་Jampa2020 ཟེར་བ་ཞིག་གིས་སྤྱི་ཚོགས་ནང་གི་མཐུན་བསྒྲིལ་གཏོར་སོང་ཚུལ་བཤད་འདུག འོ་ན་སྐྱུག་བྲོ་བའི་གནས་ཚུལ་འདི་དག་འགེབས་ཐབས་བྱས་ཏེ། མུ་མཐུད་སྐྱག་ལང་ལ་གཏོང་དགོས་པ་རེད་དམ། ད་བར་སྤྱི་ཚོགས་ནང་གི་ཐ་ཤལ་གྱི་གནས་ཚུལ་མང་པོ་ཞིག་སྦ་གསང་བྱས་པའི་རྐྱེན་གྱིས་ད་ལྟ་བཙན་བྱོལ་སྤྱི་ཚོགས་འདི་དེ་ལྟ་བུའི་ཐབས་སྐྱོ་བའི་གནས་སྟངས་ཤིག་ཆགས་པ་རེད། ད་རེས་སྐུ་ཉིད་ཀྱིས་ཧ་ཅང་དྲང་གཏམ་དང་སྤྱི་ཚོགས་ནང་གི་སྐྱོན་ལ་མཛུབ་མོ་བཙུགས་ཏེ་ཐེར་འདོན་གནང་འདུག སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། གལ་སྲིད་མ་འོངས་པར་བོད་པར་བདེན་པའི་ཉི་མ་ཞིག་ཤར་ཏེ། བོད་སྤྱི་ཚོགས་དྲང་བདེན་དང་མིའི་རིན་ཐང་གི་ཕྱོགས་ལ་བསྐྱོད་པའི་ཉིན་མོར་ཁྱེད་དང་ཁྱེད་ལྟ་བུའི་སྤྱི་སེམས་ཅན་དང་དྲང་ཚིགས་ཐུབ་པ། སྒེར་གྱི་ཁེ་ཕན་དང་ངོ་བསྟོད་སོགས་བློས་བཏང་སྟེ་བདེན་པ་དང་གནས་ལུགས་ལ་རྒྱབ་དཔུང་བྱེད་མཁན་དག་གི་བདེན་པའི་མཐའ་གསལ་ཡོང་གི་རེད། ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
སྐུ་ཞབས་ལགས་ཀྱིས་རང་གིས་མཁྱེན་རྟོགས་བྱུང་བ་དང་། སྤྱི་ཚོགས་ནང་ནད་ཡམས་བཞིན་ཁྱབ་བཞིན་པའི་གནས་ཚུལ་དངོས་དེ་ཐད་ཀར་གསུངས་བཞག ཡིན་ནའང་ཉིད་ཀྱིས་གསུངས་པ་ལྟར་མདོ་སྟོད་སྤྱི་འཐུས་སུ་ཐོབ་ཁག་པོ་བཟོས་འདུག རྒྱུ་མཚན་ནི་ཉིད་ཀྱིས་དྲང་གཏམ་བཤད་པ་མང་དྲགས་འདུག དེང་སང་དེ་རིགས་འགྲོ་ས་མེད་པ་འདྲ། འོན་ཏེ་བདག་གིས་འདི་ནས་ཉིད་ཀྱི་སྤྱི་སེམས་དེ་དུས་གཏན་དུ་ནུབ་པ་མེད་པའི་སྨོན་ལམ་བཏབ་པ་ཡིན། བཀྲ་ཤིས་བདེ་ལེགས།
སྐུ་ཞབས་ལགས་ཁྱོད་རང་གིས་སྐད་ཆ་དྲང་མོ་ཞིག་བཤད་འདུག མ་འོང་བ་རེ་བ་ཡོད་པ་འདྲ་འདུག་ན་རྗེས་སུ་སྐུ་ཉིད་དངོས་སུ་སྤྱི་འཐུས་སུ་བསླེབ་པ་ཡིན་ཚེ་བྱ་བ་ལག་བསྟར་ཡག་པོ་ཞིག་བྱེད་པའི་རེ་བ་ཡོད།
ཚེ་དབང་བསྟན་འཛིན་ལགས། ཁྱེད་རང་གི་དམིགས་སུ་བཀར་ཏེ་མདོ་སྟོད་ལ་མ་འདོད་པའི་རྣམ་པ་ཞིག་འདུག་པ་ནི་ཁྱེད་ཀྱིས་མཐོང་རྒྱ་ཅུང་ངུ་ཞིག་ལས་མེད་པའི་སྐད་ཆ་ཞིག་བཤད་འདུག་སྙམ། ཆོལ་ཁ་ནང་ཁུལ་འཐེན་ཁྱེར་དང་ཤོད་རེ་སྣ་ཚོགས་དངོས་དེ་ག་བ་ནས་བྱུང་ཡོད་མེད་གཞིས་ཆགས་ཀྱི་རྭ་བ་ནས་ཕྱིར་ཐོན་ཏེ་གཡས་བལྟ་གཡོན་གཟིགས་ཤིག་གནང་ན་གོ་རྒྱུ་དང་ཐོས་རྒྱུ་ཡོད། དེ་ཐོག་དགོངས་འཇགས་སློབ་སྦྱོང་སོགས་དགོས་པ་གལ་ཆེན་མངོན། གཉིས་པ་ཆོལ་ཁ་འཐེན་ཁྱེར་ཏེ་ག་དུས་དང་ག་བ་ག་འདྲ་བྱུང་ཡོད་མེད་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ཐོག་བཀའ་ཤག་གི་གསལ་འདེབས་སྐབས་བགྲོ་སླེང་ཆ་ཤས་ལེན་མཁན་རྣམ་པ་ནས་གསལ་པོ་རྟོགས་ཐུབ་པ་དང་། མ་ཚདབགྲོ་སླེང་ཆ་ཤས་ལེན་མཁན་སྤྱི་འཐུས་རྣམ་པའི་ཕྱི་གཟུགས་པོའི་རྣམ་འགྱུར་ག་འདྲ་ཞིག་འདུག་དེ་དག་ནས་གསལ་པོ་རྟོགས་ཐུབ་པ་ཡིན། ད་ལེན་ཁྱེད་ཀྱི་ཤོད་རྒྱུའི་སྐད་ཆ་དེ་ལྟར་མདོ་སྟོད་ཙམ་ལས་མེད་ན་ཡིན་དང་ཡིན། ཁྱེད་ཀྱི་སྐད་ཆ་ལ་བྲོ་བ་ཞིག་ཡོང་རྒྱུ་ཡིན་པ་དེ་མི་འདུག ཁྱེད་ཀྱི་མདོ་སྟོད་ནི་ཆིག་བསྒྲིལ་གཏོར་བཤིག་གཏོང་མཁན་ལྟ་བུ་བཤད་སྟངས་དེ་ངས་བསམ་པར་ཕལ་ཆེར་རྒྱ་གར་ཤོད་སྟངས་ཤིག་ལ་ བྷ་ལི་ ཀ་ སྦག་ར་ ཞེས་པ་དང་། དབྱིན་སྐད་ལ་scarpe goat ཞེས་པ་བཞིན་བཤད་མེད་དམ་སྙམ།
ཚེ་དབང་བསྟན་འཛིན་ལགས་ཁྱེད་རང་གི་གོང་དུ་༼དེང་སང་སྤྱི་ཚོགས་ནང་བདེན་པ་ཡིན་མིན་མི་ཤེས་མ་གཏོགས། གང་ལྟར་དབུས་གཙང་དང་མདོ་སྨད་མཉམ་དུ་འགྲོ་བསྡད་ཡོད་པ་དང་། མདོ་སྟོད་དང་ཆོས་ལུགས་ཁག་གི་སྤྱི་འཐུས་ཁག་ཅིག་མཉམ་ཏུ་འགྲོ་བཞིན་ཡོད་པ་རེད་ཟེར་བ་ཞིག་གོ་རྒྱུ་འདུག དཔེན་ན། གྲོས་ཚོགས་ནང་ལག་པ་བསྐྱངས་སྟངས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་རེད་ཟེར་གྱི་འདུག དེ་བདེན་པ་ཡིན་མིན་མི་ཤེས།༽ ཟེར་བའི་སྐད་ཆ་དེ་སྤྱི་ཚོགས་གི་མཐུན་སྒྲིལ་གཏོར་ཤིག་གཏོང་བའི་སྐད་ཆ་ཞིག་རེད། ཁྱེད་རང་གི་གནས་ཚུལ་དེ་ཚོ་དངོས་ཡོད་ཡིན་མིན་ཤེས་གི་མེད་ན་གསར་འགྱུར་ནང་བཤད་ན་འོས་འཚམས་ཞིག་ཏན་ནས་མ་རེད། སྐད་ཆ་དེ་དག་གི་སྤྱི་ཚོགས་གི་མཐུན་སྒྲིལ་ལ་སྣོད་ཚེ་གཏོང་གི་ཡོད་པ་མཁྱེན་གི་མིན་འདུག་གམ།