བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར། ཆོལ་ཁ་གསུམ་ནང་སྤྱི་འཐུས་འོས་མིར་བཞེངས་མཁན་མང་དག་ཅིག་འབྱུང་བཞིན་ཡོད་སྟབས། འདི་གའི་གསར་ཁང་གིས་སྤྱི་འཐུས་ལས་ཐོག་མ་ཡིན་པའི་ཆོལ་ཁ་རེ་རེའི་འོས་མི་གསར་པ་དག་ལ་བཅར་འདྲིའི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་ལྟར། འདིར་མདོ་སྨད་སྤྱི་འཐུས་འོས་མི་སྙན་ཐར་ལགས་སུ་བཅའ་འདྲི་ཞུས།
དྲི་བ། ཁྱོད་རང་བོད་མི་མང་སྤྱི་འཐུས་ལ་བཞེང་རྒྱུའི་འདོད་པ་ཇི་ལྟར་བྱུང་བ་དང་། ཁྱོད་རང་ལ་སྤྱི་འཐུས་འཐོབ་རྒྱུར་གདེང་ཚོད་ཅི་ཙམ་ཡོད། རྒྱུ་མཚན་ཅི་ཡིན།
ལན། སྤྱིར་བོད་པ་ཞིག་ཡིན་དུས་བོད་མིའི་སྤྱི་ཚོགས་ཀྱི་འགན་ཁུར་ཞིག་རང་བཞིན་གྱིས་ཡོད་ཡོད་པ་རེད། ཡིན་ན་ཡང་མི་མང་གིས་བཙན་བྱོལ་བོད་མིའི་ངོ་ཚབ་རྣམས་ཅུང་སྣང་མེད་ལ་འཇོག་པའི་རྒྱུ་རྐྱེན་དེ་ཡང་སྤྱི་འཐུས་རྣམ་པར་ལྷག་སེམས་ཀྱིས་མ་འདང་བ་མིན་ཡང་། རེ་ཟུང་གིས་མི་མང་གི་རེ་འདུན་གཙོ་བོར་སྣང་གི་མེད་པ་དང་། བོད་ཀྱི་རྩ་དོན་ལ་ངོས་འཛིན་དང་དབྱེ་ཞིབ་ཀྱི་ཤེས་འཇོན་འདོན་པར་ཕྱོགས་མང་པོ་ཞིག་ནས་ཅུང་བག་འཁུམས་པའི་རྣམ་པ་ཞིག་མཐོང་གི་འདུག དེར་བརྟེན། ང་རང་ཡང་བོད་པ་ཞིག་ཡིན་པས་ན་བོད་མིའི་སྤྱི་ཚོགས་ལ་འགན་ཞིག་འཁུར་འདོད་པ་དང་། ཁྱད་པར་དུ་རང་ཉིད་བོད་ཕྱི་ནང་གཉི་གའི་ཕྱོགས་ལ་རྒྱུས་མངའ་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ནས་ང་བོད་མི་མང་སྤྱི་འཐུས་ལ་ལང་གི་ཡོད། གལ་ཏེ་མི་མང་གིས་ངའི་ལོ་རྒྱུས་དང་བརྒྱུད་རིམ། སྒེར་སེམས་དང་ཕྱོགས་རིས་མེད་པར་མི་མང་གི་རེ་འདོད་གཙོར་བཟུང་ནས་མི་མང་ལ་ཞབས་འདེགས་ཞུ་འདོད་པའི་འདུན་པ་དེ་ཧ་གོ་ན། ང་ལ་ཏན་ཏན་བོད་མི་མང་སྤྱི་འཐུས་འཐོབ་རྒྱུ་རེད་བསམ་གྱི་ཡོད།
དྲི་བ། ཁྱོད་རང་བོད་མི་མང་སྤྱི་འཐུས་ལ་ལང་གི་ཡོད་སྟབས། སྤྱི་འཐུས་ཤིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་ ༥ དང་དེའི་རྒྱུ་མཚན་གསུང་རོགས།
ལན། སྤྱིར་མི་མང་གི་སྤྱི་འཐུས་ཞིག་ལ་ངེས་པར་ཚང་དགོས་པ་ཞེས་བཤད་རྒྱུ་དཀའ་ན་ཡང་། ང་ཚོའི་གནས་སྟངས་ལ་བལྟས་ནས་བཤད་ན། གཅིག་ནས་བོད་རང་གི་ལོ་རྒྱུས་དང་རིག་གཞུང་ལ་རྒྱུས་མངའ་ཡོད་པ་དང་། གཉིས་ནས་འཛམ་གླིང་གི་གནས་བབ་ལ་རྒྱུས་མངའ་གང་ཙམ་ཡོད་པ། གསུམ་ནས་ཁ་གཏད་རྒྱ་ནག་ལ་རྒྱུས་མངའ་ཡོད་པ། བཞི་ནས་བོད་ཕྱི་ནང་གཉིས་ཀྱི་གནས་བབ་དང་མངོན་འདོད་ལ་རང་ངོས་ནས་དཔྱད་ཞིབ་ཡོད་པ། ལྔ་ནས་འཐུས་མི་རང་ཉིད་ལ་རང་ཚུགས་བརྟན་པོ་ཡོད་པ་བཅས་ཆ་རྐྱེན་དེ་དག་གལ་ཆེར་མཐོང་གི་ཡོད་ལ། རྒྱུ་མཚན་ནི་མི་མང་གི་ངོ་ཚབ་ཅིག་ལ་མཚོན་ན། རང་ངོས་ནས་མི་མང་གི་མངོན་འདོད་དེ་ཕྱིར་སྟོན་རྒྱུ་དང་། ཡུལ་དུས་དང་མཚམས་པའི་སྒོ་ནས་བླངས་དོར་མང་པོ་ཞིག་ལ་དབྱེ་ཞིབ་བྱེད་དགོས་དུས། ནམ་རྒྱུན་མིག་ལམ་ནས་ཧུར་པོ་དང་འཇོན་མདོག་བསྟན་པ་ཙམ་གྱིས་ས་རྒྱ་ཆོད་པ་དེ་ཙམ་མཐོང་གི་མི་འདུག
དྲི་བ། བོད་པའི་རྩ་དོན་སྒྲུབ་ཕྱོགས་ཐད་ནས། ཁྱོད་ཀྱིས་རང་བཙན་དང་དབུ་མ་གཉིས་ལས་གང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་དང་། དེ་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་ཅི་ཡིན།
ལན། སྤྱིར་རང་བཙན་དང་དབུ་མ་གང་ཡིན་ཡང་བོད་པའི་རྩ་དོན་བསྒྲུབ་པའི་ཐབས་ལམ་ཞིག་ཡིན་སྟབས། ང་ཚོའི་སྤྱི་ཚོགས་འདིའི་གནས་བབ་ལ་དགོས་མཁོ་ཆེན་པོ་ཆགས་ཡོད་པ་དང་། ཉེ་བའི་ཆར་རང་བཙན་དང་དབུ་མ་གཉི་གའི་ཕྱོགས་ནས་བྱེད་སྒོ་རེ་ཟུང་གི་ཐོག་ནས་ཕན་ཚུན་ལ་སུན་འབྱིན་དང་མི་མང་པོ་ཞིག་ལ་འདོད་པ་མ་ཁེངས་པའི་རྣམ་པ་ཞིག་མཐོང་གི་ཡོད། རྒྱུ་མཚན་དེའི་རྐྱེན་གྱིས། ང་རང་ཉིད་མི་མང་གི་ངོ་ཚབ་ཅིག་བྱེད་འདོད་པའི་ཆ་ནས་ཆབ་སྲིད་ཀྱི་ཤོག་ཁག་དེ་གཉིས་ཀྱི་གང་གི་ལངས་ཕྱོགས་ཀྱང་གཙོ་བོར་མ་བཟུང་བའི་ཐོག་ནས། མི་མང་གི་མངོན་འདོད་དེ་བསྒྲུབ་པའི་རེ་བ་བྱེད་ཀྱི་ཡོད། དེང་སང་ཤོག་ཁག་གི་སྐད་ཆ་ཤུགས་ཆེན་པོས་བཤད་བཞིན་པའི་སྣང་ཚུལ་འདི་ལ་རྒྱབ་སྐྱོར་བྱེད་འདོད་ཀྱང་མེད་ལ། རང་ངོས་ནས་མི་མང་གི་ངོ་ཚབ་ཅིག་ལ་མཚོན་ན། རང་གི་ལྟ་བ་དེ་རང་འདོད་ཀྱིས་ཤུགས་ཆེན་པོར་བཟུང་ན་དེ་འོས་མཚམས་ཤིག་ཏུ་མཐོང་གི་མི་འདུག
དྲི་བ། ཉེ་ལམ་ཁྱོད་རང་སྤྱི་འཐུས་འོས་མིར་ཁྱབ་བསྒྲགས་དང་མཉམ་དུ་སྤྱི་ཚོགས་བརྒྱུད་ལམ་རེ་ཟུང་ནང་། ཁྱོད་རང་དོལ་རྒྱལ་ལ་འབྲེལ་བ་ཡོད་པའི་གླེང་སློང་ཞིག་ཀྱང་འགྲོ་བཞིན་ཡོད་པའི་ཐད་གསལ་བཤད་འདྲ་ཡོད་དམ།
ལན། སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་དེ་འདྲའི་གླེང་སློང་ཞིག་ཡོང་གི་ཡོད་པ་ངས་ཀྱང་མཐོང་སོང་། སྐད་ཆ་དེ་རིགས་བརྒྱུད་བསྒྲགས་བྱེད་མཁན་རེ་ཟུང་ཞིག་ལས་མེད་ཀྱང་། ཁོ་ཚོས་མིང་ཡིག་རྫུན་མ་བྲིས་ཏེ་སྐད་འཕྲིན་གྱི་པར་མགོ་སོགས་ག་ཚོད་རྗེས་རུང་། ཁོ་ཚོ་གང་ནས་ཡིན་པ་དང་སུ་ཡིན་པ་མི་ཤེས་ས་ཡོད་པ་མ་རེད། ཡིན་ནའང་ཁོ་ཚོས་གང་བཤད་པ་དེ་གཞི་མེད་སྙོན་འཛུགས་རང་རེད། དེ་ང་ལ་རྒྱུས་མངའ་ཡོད་མཁན་ཚང་མས་ཤེས་གསལ་རེད། ལྷག་པར་དུ་ཉེ་སྔོན་ངའི་ཕ་ཡུལ་གཅིག་པ་དང་གྲོགས་པོ་རེ་ཟུང་གིས་དེ་ལ་གསལ་བཤད་ལན་འདེབས་ཤིག་དགོས་པ་རེད་ཟེར་མཁན་བྱུང་ཡང་ངས་ཁོ་ཚོ་ལ་དེ་འདྲ་བྱེད་པའི་དགོས་པ་མི་འདུག གང་ཡིན་ཟེར་ན། མི་རེ་ཟུང་ཞིག་གིས་ཕ་ཡུལ་གྱི་ལུང་ཚན་དང་ས་རྩོད་ཆུ་རྩོད། འདས་ཟིན་པའི་ཤ་འཁོན་ཞེ་འཁོན་འབའ་ཞིག་ཁོག་ལ་བཅུག་ནས་ཁ་ནས་དུ་བ་འཐོན་གྱི་ཡོད་པ་དང་། དེ་ཡང་གྲྭ་བ་རེ་ཟུང་གི་ཁ་ནས་འཐོན་ཡོང་དུས་ཅུང་མཚར་པོ་བྱུང་། དོན་དངོས་ཐོག་ང་སྔོན་ཆད་གྲྭ་བ་བྱས་མྱོང་མེད་ལ་དགོན་པ་དང་ལྷ་སྲུང་གང་ལ་ཡང་འབྲེལ་བ་མེད། ངོ་མ་བཤད་ན་ང་སྟག་ཚང་ལྷ་མོ་ནས་མ་རེད། ང་རང་ལོ་བཅུ་དགུ་ནས་རྒྱ་གར་ལ་ཡོང་བ་དང་༢༠༠༤ ལོར་སྐུའི་གསུང་སྒྱུར་འཇམ་དབྱངས་རིན་ཆེན་གྱིས་བཙུགས་པའི་ཡིག་བསྒྱུར་སློབ་གྲྭར་ངོ་ ༦ རིང་སློབ་སྦྱོང་བྱས་པ་ཡིན། སློབ་གྲྭ་དེར་ཐོག་མར་ཞུགས་སྐབས་ཀྱང་གནད་དོན་དེའི་སྐོར་ལ་ཁས་ལེན་དམ་བཅའ་བྱེད་དགོས་པ་རེད།
དྲི་བ། སྐབས་བཅུ་བཞི་དང་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་དང་། ལྷག་པར་ད་ལྟའི་སྤྱི་འཐུས་ལས་ཐོག་དག་གི་ཕྱག་ལས་གནང་སྟངས་དང་བསམ་སྤྱོད་ཁྱེར་ཕྱོགས་ཐད་ནས་འཐུས་ཤོར་གང་དག་མཐོང་གི་ཡོད།
ལན། སྐབས་བཅུ་བཞི་དང་བཅོ་ལྔ་པའི་སྤྱི་འཐུས་རྣམ་པས་འཇོན་མིན་ལ་མ་ལྟོས་པར་བོད་མི་མང་ལ་ཞབས་འདེགས་ཞུས་ཟིན་པ་ཡིན་དུས། ཁོང་རྣམ་པའི་ཕྱག་ལས་གནང་ཕྱོགས་ནས་ནུས་པས་མ་འདང་ས་དང་། སྤྱོད་པ་ཁྱེར་སྟངས་རེ་ཟུང་གིས་མི་མང་གི་འདོད་པ་མ་ཁེངས་ས་ཡོད་ངེས་པ་དེ་འདས་ཟིན་པ་ཡིན་དུས་འདིར་གླེང་བའི་དགོས་དོན་མི་འདུག དེ་ལས་མ་འོངས་པར་ལུང་ཚན་དང་ཕྱོགས་རིས། སྒེར་དོན་ཁོག་ལ་ཁྱེར་ནས་མི་མང་གི་མངོན་འདོད་རྡོག་རོལ་མི་བྱེད་པའི་སྤྱི་འཐུས་འོས་མི་རེ་འདེམ་ཐུབ་ལ་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད།
དྲི་བ། ཁྱོད་རང་ད་ལྟ་སློབ་མ་ཞིག་ཡིན་པའི་ངོས་ནས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོའི་ཐད་ནས་འཐུས་ཤོར་གང་དག་མཐོང་གི་ཡོད་པ་དང་། དེ་ཡར་རྒྱས་གཏོང་ཐབས་སུ་ཁྱོད་ལ་འཆར་གཞི་གང་འདྲ་ཡོད།
ལན། སྤྱིར་བཙན་བྱོལ་སློབ་གྲྭ་ཁག་དང་དེ་ནས་ཐོན་ཏེ་རྒྱ་གར་གྱི་མཐོ་སློབ་ཁག་ནས་སློབ་གཉེར་བྱེད་བཞིན་པ་སོགས་ཤེས་ཡོན་སློབ་གསོའི་ཕྱོགས་ནས་མི་མང་གི་འདོད་པ་མ་ཁེངས་པའི་རྣམ་པ་དེ་མངོན་གསལ་ཆགས་ཡོད་སྟབས། ཐོག་མར་དེ་ལ་ངོས་འཛིན་གསལ་པོ་ཞིག་ཏན་ཏན་དགོས་པ་དང་། དེ་ནས་བོད་པ་རང་གི་སློབ་གསོའི་ཐད་ནས་འཛིན་སྐྱོང་གི་ཕྱོགས་དང་སློབ་ཚན་གྱི་ཕྱོགས་གཉིས་གར་གནད་དོན་ལྷག་ཡོད་པ་དང་། མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཚོ་ལ་མཚོན་ན་ཕྱོགས་གཅིག་ནས་སློབ་གྲྭ་སོ་སོའི་ཁོངས་ནས་སློབ་མའི་མདུན་ལམ་ལ་སློབ་སྟོན་གྱི་ཕྱོགས་དང་། དེ་ནས་སློབ་ཡོན་གྱི་ཕྱོགས་ནས་གནད་དོན་ལྷག་ཡོད་སྟབས། སློབ་མས་མུ་མཐུད་སློབ་སྦྱོང་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་ཁོར་ཡུག་གཉིས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་མཐོང་གི་འདུག དེ་འདྲ་ཡིན་དུས་ང་ལྟ་བུར་མཚོན་ན། ཐོག་མར་སློབ་གསོའི་གནད་དོན་དེ་དག་ལ་དུས་དང་མཚམས་པའི་ངོས་འཛིན་བྱེད་རྒྱུ་དང་། ད་ཆར་སློབ་མའི་སློབ་ཡོན་གྱི་ཕྱོགས་ནས་བསམ་ཚུལ་འདོན་རྒྱུ་དེ་གལ་ཆེར་མཐོང་གི་ཡོད།
གསར་འགོད་པ། པདྨ་རྒྱལ།
རྭ་གཉན་ཐར་ལགས། ཧམ་པ་ཆེ་ཙམ་བྱས་ན་མ་གཏོགས་བོད་མི་དམངས་ཀྱི་སྤྱི་འཐུས་ལ་ལངས་རྒྱུ་ཁག་པོ་ཡིན། རྒྱུ་མཚན་ནི། ཆབ་སྲིད་མི་ཤེས་ཤིང་ཆབ་སྲིད་ཀྱི་གས་སྲུབ་ན་འཛུལ་ཡོད་པའི་ཁ་བདེ་མགོ་བདེ་དེ་དག་གི་ཁ་གཏད་གཅོག་རྒྱུ་ཁག་ཙམ་ཡོད་ཡ།
དྲ་གྲོགས་ཚོར། བདེ་མོ་ཡིན་ནམ།
གུས་པར་ཆ་མཚོན་ན་མདོ་སྨད་ཀྱི་སྤྱི་འཐུས་འོས་མི་སྙན་ཐར་ལགས་དང་ཆེས་ཉེ་བ་མ་ཟད་འབྲེལ་བ་ཡག་པོ་ཡོད་མཁན་ཞིག་ཡིན། དེར་བརྟེན་གུས་པས་དྲ་གྲོགས་རྣམས་ལ་བརྗོད་འདོད་པ་ནི་ཁོང་གི་ཤེས་འཇོན་གཉིས་ལྡན་གྱི་ཁ་ཕྱོགས་ཏེ་བོད་རྒྱལ་རབས་ལ་རྒྱུས་མངའ་ཆེ་བ། ཁ་གཏད་རྒྱ་ནག་གི་ལོ་རྒྱུས་ལ་ཤེས་རྒྱ་ཆེ་བ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆགས་འགྲོས་ལ་བློ་རྒྱ་གཏིང་ཟབ་ལྡན་པ། དེ་བཞིན་གདན་ས་གསུམ་གྱི་ལོ་རྒྱུས་ལ་ཐུགས་སྣང་ལྡན་པ་མ་ཟད་མཐོ་སློབ་དུ་སློབ་གཉེར་གནང་བཞིན་པའི་སློབ་མ་ཚོར་སེམས་ཚོར་ལྡན་པ་སོགས་མདོར་ན་ལུང་པར་བྱ་སྟེ་མེད་ན། བོང་བུས་ནམ་ཚོད་བཟུང་ཟེར་བ་ལྟར་མིན་པར་ཁ་ཚ་དགོས་གཏུགས་ཀྱི་འོས་མི་ཞིག་ལགས།