དེ་རིང་ནས་བཟུང་དབུས་འོས་བསྡུ་ལས་ཁང་ནས་ས་གནས་ཁག་ ༨༥ ཡི་འོས་གྲངས་ལ་ཞིབ་བཤེར་ཕྱོགས་བསྡོམས་གནང་བཞིན་འདུག
རྒྱ་གར་གྱི་གཙོས་བོད་མིའི་འདུས་སྡོད་ཁུལ་གྱི་ས་གནས་ཁག་ ༨༥ ནས་སྔོན་འགྲོའི་འོས་ཤོག་གི་ཕྱོགས་བསྡོམས་དབུས་འོས་བསྡུ་ལས་ཁུངས་སུ་འབྱོར་ཡོད་སྟབས། དེ་རིང་ནས་བཟུང་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གི་དབུས་འགན་འཛིན་ལས་འཕར་རྣམ་པ་དང་སྤྱི་འཐུས་ ༨ བཅས་མཉམ་རུབ་ཐོག་གྲངས་བཤེར་ཕྱོགས་བསྡོམས་གནང་བཞིན་འདུག
འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས། དབུས་ཀྱི་གྲངས་བཤེར་ཕྱོགས་བསྡོམས་སྒྲིག་གཞིའི་དགོངས་དོན་ལྟར་འོས་བསྡུའི་འགན་འཛིན་དང་འོས་བསྡུའི་འགན་འཛིན་ལས་འཕར་གསུམ། དེའི་སྒང་ལ་ཟུར་དཔང་གི་ཚུལ་དུ་སྤྱི་འཐུས་རྒྱུན་ལས་ནས་ཆོལ་ཁ་རེ་ནས་མི་གཅིག་དང་། ཆོས་བརྒྱུད་རེ་ནས་མི་གཅིག་བཅས་སྤྱི་འཐུས་ནས་མི་ ༨ ཕེབས་ཏེ་མཉམ་དུ་གྲངས་བཤེར་བྱེད་བཞིན་ཡོད་ལ། གྲངས་བཤེར་ཕྱོགས་བསྡོམས་ལ་ཉིན་གྲངས་ ༡༥ ཡི་ལས་རིམ་བཞག་ཡོད་པ་ལྟར་དུས་ཡུན་དེའི་ནང་ཚར་ཐུབ་པའི་རེ་བ་ཡོད་པ་དང་། འོས་བསྡུའི་ལས་རིམ་གཏན་འབེབས་ལྟར་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་གསལ་བསྒྲགས་གནང་རྒྱུ་དང་། སྒྲིག་གཞིའི་དགོངས་དོན་བཞིན་སྤྱི་འཐུས་གསུམ་ལྡབ་ལས་མ་ཉུང་བ་ཞིག་དང་། དེ་སྔོན་གསལ་བསྒྲགས་གནང་བ་ལྟར་སྲིད་སྐྱོང་འོས་མི་གཉིས་བཅས་གསལ་བསྒྲགས་གནང་རྒྱུ་ཡིན་ལ། སྲིད་སྐྱོང་འོས་མི་གཉིས་དེར་འགྱུར་བ་འགྲོ་དགོས་པའི་གནད་དོན་གང་ཡང་ཆགས་ཀྱི་མེད་སྐོར་གསུངས་སོང་།
དབུས་ནས་ཕྱོགས་བསྡོམས་གསལ་བསྒྲགས་མ་གནང་གོང་ནས་ས་གནས་ཁག་གི་ཕྱོགས་བསྡོམས་མང་ཚོགས་ནང་ཁྱབ་འགྲོ་ཡི་ཡོད་པ་དེའི་ཐད་ཁོང་གིས། ས་གནས་ཁག་གིས་འོས་ཤོག་གྲངས་བཤེར་ཚར་རྗེས། ཆུ་ཚོད་ ༢༤ འགྱངས་མེད་འོས་གྲངས་གསལ་བསྒྲགས་དགོས་པའི་ལམ་སྟོན་གནང་བ་ལྟར། ས་གནས་སོ་སོའི་ནག་པང་སོགས་ཀྱི་ཐོག་ཡི་གེ་སྦྱར་ནས་གསལ་བསྒྲགས་བྱེད་དགོས་པ་དང་། གསར་འགོད་པར་དབུས་ནས་འགྲེལ་བཤད་ཞུ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། གནས་ཚུལ་མཁོ་སྒྲུབ་མཁན་ཚོས་བརྒྱུད་རིམ་འདྲ་མི་འདྲའི་ཐོག་ནས་གནས་ཚུལ་མཁོ་སྒྲུབ་བྱེད་ཡོང་གི་ཡོད་དུས། མང་ཚོགས་ལ་ག་རེ་ཞུ་རྒྱུ་ཡོད་ཟེར་ན། དབུས་འོས་བསྡུ་ལས་ཁུངས་ནས་གྲངས་བཤེར་ཕྱོགས་བསྡོམས་ཤིག་བྱེད་ཡོང་གི་ཡོད་པ་དེར་རྩ་འཛིན་གནང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། ས་གནས་ཀྱི་ཕྱོགས་བསྡོམས་དེ་ཚོར་རྩ་འཛིན་མ་གནང་ཟེར་ནས་ཞུ་ཡི་མེད་ཀྱང་། ཕྱོགས་བསྡོམས་དེ་དབུས་ནས་གནང་གི་ཡོད་པས་དངོས་ཡོད་ཀྱིས་འོས་གཞི་དོ་བདག་སོ་སོར་ག་ཚོད་ཐོབ་ཀྱི་ཡོད་མེད་དབུས་ནས་གསལ་བསྒྲགས་གནང་བ་དེར་རྩ་འཛིན་བྱེད་དགོས་པ་རེད། ཅེས་དང་།
ས་གནས་ཁག་ཏུ་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་གནས་ཚུལ་དེ་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ང་ཚོ་དབུས་ལས་ཁུངས་ལ་ས་གནས་སུ་རྙོག་དྲ་བྱུང་ཡོད་པ་དང་། མ་འགྲིག་མ་མཐུན་པའི་ཞུ་གཏུག་དེ་འདྲ་དཔང་རྟགས་དང་བཅས་ཞུ་གཏུག་བྱེད་མཁན་གང་ཡང་བྱུང་མེད་ལ། སྐབས་རེར་གནད་དོན་དེའི་རིགས་ང་ཚོས་ཧ་གོ་སྟེ་ས་གནས་ས་ཐོག་ལ་སྐད་ཆ་དྲིས་ནས་ཞིབ་འཇུག་ཆ་ཚང་ཞིག་བྱས་ཟིན་པ་ཞིག་ཆགས་བསྡད་ཡོད་པ་རེད། སྤྱིར་བཏང་མ་འགྲིག་མ་མཐུན་པའི་གནས་ཚུལ་དེ་ཚོར་ཞིབ་འཇུག་བྱས་ཏེ། དཔང་རྟགས་ར་སྤྲོད་འཕེལ་བའི་ཐོག་ནས་ས་གནས་ལ་ཞུ་གཏུག་བྱེད་དགོས་ཀྱི་ཡོད་ལ། དབུས་ལའང་དེ་དེ་བཞིན་གྱིས་ཞུ་གཏུག་བྱེད་དགོས་པ་རེད། ཡིན་ནའང་། དེ་འདྲའི་གནད་དོན་ང་ཚོར་བྱུང་ཡོད་པ་མ་རེད། སྤྱི་ཡོངས་ཀྱི་ལབ་རྒྱུ་གླེང་རྒྱུ་མང་པོ་ཞིག་ཆགས་ཡོང་གི་ཡོད་ཀྱང་། དངོས་གནས་ག་རེ་ཡིན་དང་མིན་ང་ཚོས་ཚོད་དཔག་ཐིག་པ་ཞིག་མ་རེད། ག་རེ་ཡིན་ལབ་ན། གོང་དུ་ཞུས་པ་ལྟར་ས་གནས་ས་ཐོག་དང་དབུས་ལ་གནས་ཚུལ་དེ་འདྲ་ཞུ་མཁན་བྱུང་མ་སོང་། ཞེས་གསུངས་སོང་།
གསར་འགོད་པ། པདྨ་མཚོ།