ཁ་སང་རྒྱ་གར་ནག་ཚོང་བཀག་འགོག་ལས་དོན་རུ་ཁག་དང་ཉེན་རྟོག་ཁང་ཞིག་གིས་ནག་ཚོང་བ་ ༧ འཛིན་བཟུང་བྱས་ཡོད་པའི་ནང་བོད་མི་གཉིས་ཡོད་འདུག
དེ་རིང་ཧིན་རྡུ་ (The Hindu) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་གྱི་ནག་ཚོང་བཀག་འགོག་ལས་དོན་རུ་ཁག་ (RSASTF) དང་ཨན་དྷ་ར་པར་ཌེ་ཤཱིའི་ (Andhrapradesh State) ཀ་ཌ་པ་ (Kadapa District) རྫོང་ཉེན་རྟོག་ཁང་གཉིས་ཀྱིས། རྒྱ་གར་རྒྱལ་ས་ལྡི་ལི་དང་མ་ཌེ་ཡ་མངའ་སྡེའི་ནང་སྡོད་པའི་ནག་ཚོང་རྒྱག་མཁན་ ༧ འཇུ་བཟུང་བྱས་ཡོད་པའི་ཁྲོད། རྒྱ་རིགས་གཉིས་དང་བོད་རིགས་གཉིས་ཡོད་པ་དང་། བོད་མི་གཅིག་གི་མིང་ལ་པ་སངས་ཚེ་རིང་ཟེར་ཞིང་རང་ལོ་ ༣༠ ཡིན་པ་དང་། གཞན་པ་དེའི་མིང་ལ་བསོད་ནམས་ཚེ་རིང་ཟེར་ཞིང་རང་ལོ་ ༢༧ ཡིན་འདུག
ཡང་གནས་ཚུལ་དེའི་ནང་། བོད་མི་དེ་གཉིས་བོད་ནས་ཡོང་བ་ཡིན་ཞིང་། ཁོ་གཉིས་ཀྱིས་རྒྱ་གར་གྱི་ནག་ཚོང་རྒྱག་མཁན་ཁག་ཅིག་དང་མཉམ་འབྲེལ་གྱིས་ཙན་དན་དམར་པོའི་ནག་ཚོང་གཉེར་བཞིན་ཡོད་ཅིང་། ཉེན་རྟོག་པས་ཁོ་ཚོའི་ལག་ནས་ཧིན་སྒོར་འབུམ་ ༡༥ ཙམ་གྱི་ཙན་དན་དམར་པོ་དང་། ཨ་སྒོར་སོགས་ཕྱི་རྒྱལ་གྱི་དངུལ་ལོར་ཐེར་འབུམ་ཁ་ཤས། དེ་བཞིན་ལག་ཁྱེར་ཁ་པར་དང་རླངས་འཁོར་གཅིག་བཅས་བླངས་ཡོད་སྐོར་བརྗོད་འདུག
དེང་སྐབས་གླང་ཆེན་གྱི་མཆེ་བ་དང་སྲོག་ཆགས་ཀྱི་པགས་རིགས་རིན་ཐང་ཅན། དེ་བཞིན་ཉལ་ཐ་སོགས་ཀྱི་ནག་ཚོང་རྒྱག་མཁན་ཧ་ཅང་མང་པོ་འབྱུང་བཞིན་ཡོད་པ་ལྟར། དེ་རིང་རོའུ་ཊར་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡ ཉིན་ཏུར་ཀིའི་སྲིད་གཞུང་གིས་སི་རི་ཡ་དང་ཨ་ཧྥི་གྷན་སི་ཐན། ཨེ་རན། ཨི་རག་བཅས་ནས་གྷི་རེ་སིར་སྐྱབས་བཅོལ་དུ་འགྲོ་མཁན་མི་ ༡༣༠༠ ཏུར་ཀིའི་གླིང་ཕྲན་གྲོང་རྡལ་ལུ་སི་བྷོ་སི་ (Lesbos) ཡི་ནང་བཀག་འགོག་བྱས་ཡོད་པ་དང་། དེའི་གྲས་སུ་ནག་ཚོང་གཉེར་མཁན་མི་ ༥ འཇུ་བཟུང་བྱས་ཡོད་པ་དང་། ད་ལྟའི་བར་ཡུ་རོབ་དང་ཏུར་ཀིའི་མཐའ་མཚམས་ཁག་བརྒྱུད་དེ་གྷི་རེ་སིར་སྐྱབས་བཅོལ་དུ་ཡོང་མཁན་མི་འབུམ་ ༧ ལྷག་ཡོད་པའི་གྲས་སུ་ནག་ཚོང་གཉེར་མཁན་མི་ ༢༠༠ ཙམ་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།