དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དབུས་འོས་བསྡུ་ལས་ཁང་གིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་ཕྱོགས་བསྡོམས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་སོང་།
ཐེངས་འདིར་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་འོས་ ༣༠༥༠༨ དང་། སྤེན་པ་ཚེ་རིང་མཆོག་ལ་འོས་ ༡༠༧༣༢། ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་ ༢༥༥༧ བཅས་ཐོབ་འདུག གཞན། དབུས་གཙང་གི་འོས་མཐོ་ཤོས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་འོས་ ༡༠༧༠༤ དང་། མདོ་སྡོད་ཀྱི་འོས་མཐོ་ཤོས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་སུ་འོས་ ༤༤༩༥ ། མདོ་སྨད་ཀྱི་འོས་མཐོ་ཤོས་ཐུབ་བསྟན་ལུང་རིགས་ལགས་སུ་འོས་ ༡༤༩༥ བཅས་ཐོབ་འདུག
ཆོས་བརྒྱུད་ཁག་ལས་རྙིང་མའི་འོས་མཐོ་ཤོས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་འོས་ ༨༠༡ ། བཀའ་བརྒྱུད་ཀྱི་འོས་མཐོ་ཤོས་ཀུན་དགའ་བསོད་ནམས་ལགས་སུ་འོས་ ༢༣༩ ། ས་སྐྱའི་འོས་མཐོ་ཤོས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་སུ་འོས་ ༡༦༩ ། དགེ་ལུགས་ཀྱི་འོས་མཐོ་ཤོས་ཨ་ཀྲུག་ཚེ་བརྟན་ལགས་སུ་འོས་༢༡༨༧ ། བོན་པོའི་འོས་མཐོ་ཤོས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་འོས་ ༡༤༩ ། ལྷོ་བྱང་ཨ་རིའི་འོས་མཐོ་ཤོས་བཀྲ་ཤིས་རྣམ་རྒྱལ་ལགས་སུ་འོས་ ༡༢༤༢ ། ཡུ་རོབ་ཀྱི་འོས་མཐོ་ཤོས་ཐུབ་བསྟན་དབང་ཆེན་ལགས་སུ་འོས་ ༢༡༢༤ ། ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་འོས་མཐོ་ཤོས་གདོང་འདུས་སྐྱིད་འཛོམས་ལགས་སུ་འོས་ ༡༦༧ བཅས་ཐོབ་འདུག
ཐེངས་འདིར་ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་ ༨༨༣༢༦ བྱུང་ཡོད་པ་དང་། སྤྱི་འཐུས་ལ་དངོས་སུ་འོས་འཕེན་མཁན་ ༤༦༨༩༠ བྱུང་སྟེ་བརྒྱ་ཆ་ ༥༣ ཆགས་ཡོད་པ་དང་། སྲིད་སྐྱོང་ལ་དངོས་སུ་འོས་འཕེན་མཁན་ ༤༧༡༠༥ བྱུང་སྟེ་བརྒྱ་ཆ་ ༥༣.༣༣ ཆགས་ཡོད་འདུག ས་གནས་ཁག་ཏུ་འོས་ཤོག་གྲངས་བཤེར་བྱེད་སྐབས་སྤྱི་འཐུས་ཀྱི་འོས་ཤོག་གྲངས་ ༢༣༨༣ དང་། སྲིད་སྐྱོང་གི་འོས་ཤོག་གྲངས་ ༤༩༩ རྩིས་མེད་ཕྱིན་ཡོད་འདུག
འོས་བསྡུ་ལྷན་ཁང་གིས་འབོད་སྐུལ་གནང་དོན། སྤྱི་ཡོངས་ཀྱི་ཆ་ནས་སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་ཆེའི་མང་ཚོགས་ཀྱིས་ཐུགས་གནང་ཆེན་པོ་གནང་པ་དང་། ལྷག་པར་དུ་འོས་འཕེན་པའི་ནང་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་འཚང་ཁ་ཤིག་ཤིག་ཡོང་བ་བཅས་ནི་དགའ་འོས་པ་ཞིག་ཡིན་ཡང་། ཁྲིམས་ལུགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ཁག་གི་གོ་བ་མ་ལོན་པའམ། བོད་མིའི་སྒྲིག་འཛུགས་དང་དབུས་འོས་བསྡུ་ལས་ཁང་ལ་མིང་ཆད་བཟོ་འདོད། ཡང་ན། མང་ཚོགས་ལ་མགོ་འཐོམ་དུ་འཇུག་ཆེད་གང་ཡིན་ཆ་མ་འཚལ་ཡང་། གང་ལྟར། སྙན་ཞུའི་རྣམ་པར་ཡི་གེ་འདྲ་མིན་ཁྱབ་སྤེལ་བྱེད་པ་དེ་དག་ནི་སྤྱི་ཚོགས་ཟང་ཟིང་དང་། དགྲ་དགའ་གཉེན་སྡུག་གི་གཞི་རུ་འགྱུར་རྒྱུ་ཙམ་ལས་འོས་གཞིའི་སྐྱེ་བོ་སུ་ལ་ནམ་ཡང་ཕན་པའི་གནས་ཚུལ་ཞིག་ཆགས་མེད། འདི་ནས་ཁྲིམས་སྒྲིག་གང་ལ་འགལ་འཛོལ་གང་ཡང་བྱུང་མེད་པར་བརྟེན། བློ་སྤོབས་ཆེན་པོའི་སྒོ་ནས་གསལ་བཤད་རིམ་པར་བྱས་ཡོད་སྟབས། རྒྱ་ཆེའི་མང་ཚོགས་ནས་ཐུགས་ཞིབ་ནན་མོ་གནང་སྟེ་གནས་ཚུལ་དེ་རིགས་ལ་ཐུགས་བློ་མ་རྨོངས་པ་གནང་རོགས། ཞེས་བཀོད་འདུག
དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་གནང་སྐབས། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༥ ནས་ཚེས་ ༢༤ ནང་ཚུན་ལ། སྲིད་སྐྱོང་གི་འོས་དམིགས་ནས་འོས་དངོས་གཞིར་ཞུགས་འདོད་ཡོད་མཁན་རྣམས་ཀྱིས་སོ་སོའི་མིང་དང་ཁྱད་མིང་། སྐྱེས་ལོ་སྐྱེས་ཚེས། དཔྱ་ཁྲལ་ལག་དེབ་ཨང་གྲངས། དོ་བདག་སོ་སོའི་ལོ་རྒྱུས་སྙིང་བསྡུས་ཧི་མ་ཡ་ཡིག་ཚད་ ༡༦ ཅན་གྱི་ཡིག་ཕྲེང་ ༡༨ ལས་མ་བརྒལ་བ་རེ་དང་། ཉེ་ཆར་བརྒྱབ་པའི་ཕྱེད་པར་མཚོན་ཁྲ་ཅན་གསུམ་རེ་བཅས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དབུས་འོས་བསྡུ་ལས་ཁང་ལ་འབུལ་འབྱོར་དགོས་པ་དང་། འོས་གཞི་ལས་དགོངས་པ་ཞུ་འདོད་ཡོད་རིགས་ནས་དུས་ཡུན་དེའི་ནང་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་ཤོག་འབུལ་དགོས་ཤིང་། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག གལ་སྲིད་གོང་གསལ་དུས་ཡུན་དེའི་ནང་འོས་གཞིར་ཞུགས་འདོད་ཡོད་མེད་ཀྱི་བརྡ་ལན་ཡིག་ཐོག་ནས་ཕུལ་འབྱོར་མ་བྱུང་ཚེ་འོས་དངོས་གཞིར་ཞུགས་འདོད་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་ཁོང་གིས་མུ་མཐུད། དེ་བཞིན་དུ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༥ ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༨ ནང་ཚུན་ལ། སྤྱི་འཐུས་ཀྱི་འོས་དམིགས་སོ་སོ་ནས་འོས་དངོས་གཞིར་ཞུགས་འདོད་ཡོད་མཁན་རྣམས་ཀྱིས་སོ་སོའི་མིང་དང་ཁྱད་མིང་། སྐྱེས་ལོ་སྐྱེས་ཚེས། དཔྱ་ཁྲལ་ལག་དེབ་ཨང་གྲངས། དོ་བདག་སོ་སོའི་ལོ་རྒྱུས་སྙིང་བསྡུས་ཧི་མ་ལ་ཡིག་ཚད་ ༡༦ ཅན་གྱི་ཡིག་ཕྲེང་ ༡༨ ལས་མ་བརྒལ་བ་རེ་དང་། ཉེ་ཆར་བརྒྱབ་པའི་ཕྱེད་པར་མཚོན་ཁྲ་ཅན་གསུམ་རེ་བཅས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དབུས་འོས་བསྡུ་ལས་ཁང་ལ་འབུལ་འབྱོར་དགོས་པ་དང་། འོས་གཞི་ལས་དགོངས་པ་ཞུ་འདོད་ཡོད་རིགས་ནས་དུས་ཡུན་དེའི་ནང་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་ཤོག་འབུལ་དགོས་ཤིང་། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག གལ་སྲིད་གོང་གསལ་དུས་ཡུན་དེའི་ནང་འོས་གཞིར་ཞུགས་འདོད་ཡོད་མེད་ཀྱི་བརྡ་ལན་ཡིག་ཐོག་ནས་ཕུལ་འབྱོར་མ་བྱུང་ཚེ་འོས་དངོས་གཞིར་ཞུགས་འདོད་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན། ཞེས་དང་། སྔོན་འགྲོའི་འོས་བསྡུའི་འགེངས་ཤོག་ནང་མིང་དང་ཁྱད་མིང་འགོད་རྒྱུ་ལས་མིང་གཞན་འགོད་ཆོག་པའི་གསལ་ཁ་མེད་སྟབས། ད་ལྟའི་ལས་གནས་སོགས་གཞན་དག་གཅིག་མཚུངས་ཡིན་ནའང་མིང་མི་འདྲ་བ་ཡོད་པ་རྣམས་འོས་གཞི་གཅིག་ཏུ་ངོས་འཛིན་ཞུ་ཐབས་མེད་པ་གསལ་བཤད་གནང་སོང་།
སྲིད་སྐྱོང་འོས་གྲངས།
དྲ་གྲོགས་བློན་ཆེན་ལགས་ད་དུང་ནོར་འཁྲུལ་གཞན་ཞིག་ཀྱང་འདུག དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཟེར་བ་ཞིག་དང་བཀྲ་ཤིས་དོན་གྲུབ་ཟེར་བ་གཉིས་འདུག འོས་བསྡུ་ལྷན་ཁང་གིས་འོས་མི་དག་གི་འོང་ཤོག་གྲངས་ཀར་ཞིབ་འཇུག་ཡག་པོ་མི་བྱེད་ན་ལས་ཀ་གཞན་ག་རེ་བྱེད་ཀྱི་ཡོད་པ་རེད།
མདོ་སྨད་ཀྱི་སྤྱི་འཐུས་འོས་མི་བློ་བཟང་ཆོས་འབྱོར་དང་ཤར་ཕྱོགས་ཁུག་རྟ་ཟེར་བའི་མིང་དེ་གཉིས་མི་གཅིག་ཡིན་པ་རེད། འོན་ཀྱང་དབུས་འོས་བསྡུ་ལས་ཁུངས་ནས་མི་གཉིས་སུ་བཀར་འདུག ཁོང་དེ་སྔ་སྤྱི་འཐུས་ལ་ལངས་པའི་ཡིག་ཆ་ཚང་མའི་ནང་དངོས་མིང་བློ་བཟང་ཆོས་འབྱོར་དང་སྨྱུག་མིང་ཤར་ཕྱོགས་ཁུག་རྟ་ཡིན་པའི་གསལ་བཤད་འདུག་མོད། འདིར་ལོགས་སུ་བཀར་བ་ནི་ནོར་བ་རེད། གཞུང་གིས་གཏན་འབེབས་དང་གསལ་བསྒྲགས་བྱེད་པའི་ཡིག་ཆ་གང་འདྲ་ཞིག་ཡིན་ཡང་བསྐྱར་བཅོས་ཡང་བཅོས་བྱ་མི་དགོས་ཐབས་ལ་འབད་བརྩོན་གནང་ན་དགེ་མཚན་ཆེ་བ་མཐོང་ལ། འོས་བླུགས་མཁན་གྱི་ངོས་ནས་ཀྱང་དངོས་མིང་འབྲི་བར་འབད་བརྩོན་བྱས་ན་ལེགས་ཆ་ཆེ་བར་སྙམ།
མདོ་སྨད་ཀྱི་འོས་ཤོག་གི་གནས་སྟངས་ལ་བལྟས་པ་ཡིན་ན་ཁྱད་མཚར་མང་པོ་ཞིག་འདུག མི་གཅིག་གི་འོས་ཤོག་དུམ་བུ་གཉིས་གསུམ་རེར་བཏང་འདུག ཁྱད་མཚར་ལ་་་་་་་་་
གོ་ཐོས་ལྟ་ན། ཨ་རུ་ན་ཅལ་ཀྲུ་ཀྲིང་ས་གནས་ཀྱི་འོས་གྲངས་ལྔ་བརྒྱ་མ་ཟིན་ཙམ་ཞིག་ཡོད་པ་ཡོངས་རྫོགས་བློ་བཟང་སེང་གེ་གཅིག་པོར་བླུག་ཡོད་པ་ཞིག་གོ་སོང་བ་མ་ཚད་ཡིག་གཟུགས་ཀྱང་གཅིག་པ་ཡིན་པའི་སྐད་ཆ་འདུག་པའི་དོགས་གཞི་ཆེན་པོ་དེར་དེར་རྡ་རམ་ས་ལའི་དབུས་འོས་བསྡུ་ལྷན་ཁང་གིས་ག་རེ་གནང་རྩིས་ཡོད་དམ།
མཐོང་ནི་ཡོད་ཚད་མཐོང་སོང་།། ཡིད་ཆེས་ཡོང་ཡ་མི་འདུག། བློ་སེང་ཨ་ཚོགས་བར་ལ།། ཁྱད་པར་འདི་འདྲ་མང་པོ།། ཕ་མ་གཉིས་ཀའི་རོ་ཡིན།། དགྱ་དམར་བོད་ལ་ཡོང་ནས།། བོད་པའི་རང་བཙན་འཕྲོག་སོང་།། བོད་མི་འབུམ་གཅིག་བྲོས་ནས།། རྒྱ་གར་ཡུལ་ལ་ཡོང་ནས།། རང་བཙན་སླར་གསོར་འབད་ཡོད།། ཆགས་ས་བརྟེན་ས་མེད་ཀྱང་།། རང་བཙན་ཕྱོགས་ལ་འབད་ཡོད།། ཟ་ཡ་འཐུང་ཡ་མེད་ཀྱང་།། རང་བཙན་ཡིད་ནས་བརྗེད་མེད།། རང་བཙན་སླར་གསོའི་བསམ་པ།། ནམ་ཡང་ཡིད་ལ་བཟུང་ཡོད།། ཨེ་མ་བོད་པའི་རང་བཙན།། དེ་ལྟར་བློས་གཏོང་མི་རུང་།། བཙན་པོའི་རྒྱལ་རབས་རྣམ་པ།། བློ་ཕམ་ཡོང་བའི་རྒྱུ་རེད།། ཕྱིས་འབྱོར་བོད་གསར་རྣམ་པ།། སེམས་ཤུགས་འཆག་པའི་རྒྱུ་རེད།། འདས་སོང་དཔའ་བོ་དཔའ་མོའི།། སེམས་ནད་འབྱུང་བའི་རྒྱུ་རེད།། ཆོལ་གསུམ་བོད་མིའི་དུར་ས།། ནག་པོ་དགྱ་ལ་མ་བཙོང་།། གཞིས་བྱེས་བོད་མིའི་སྐོམ་འདོད།། རང་བཙན་གཙང་མ་བརྩོན་དགོས།།
ཧེ་མ། ཧེ་མ། ཇ་མ་ཁྱེད།
ང་ཚོ་རང་བཙན་འདོད་པ་མེད་པ་མ་ཡིན།
ཕ་ཡུལ་ལེན་འདོད་དགོ་འདོད་མེད་པ་མ་ཡིན།
འོན་ཀྱང་། དགྲ་ཤུགས་ཆེ་རྐྱེན་དབང་གིས།
བྱས་རྒྱུ་སྤུ་ཙམ་མེད་པ།
མིག་མཐོང་ལག་ཟིན་འདི་རེད།
༢༠༠༨ ནས་༢༠༡༥ དབར།
རང་རིགས་མང་པོའི་མེ་མཆོད་ཕུལ།
རྒྱལ་སྤྱི་རྣ་འོན་ལྟ་བུ།
མིག་གིས་ལྟ་རྒྱུ་ཕར་བཞག
ལྟག་ཁུང་ཙམ་ཡང་དོ་སྣང་མེད།
ད་དུང་རང་བཙན་ཁ་ལ་འཁྱེར་ཏེ།
ལེན་སྟངས་ཇི་ཡིན་མ་ཤེས་པར།
དོན་མེད་སྤུན་ཟླར་བརྡབ་གསིག
འདི་འདྲ་མ་བྱས་ཡ་རེ་ང་།
དེ་ལས་དབུས་མའི་ལམ་ལ།
བཞུགས་དང་བཞུགས་དང་ཐབས་ཤིག་ཡིན།
དོན་སོན་བྱུང་ན་གོམ་རིམ་སྤོས།
དེ་དབར་ངང་སྒུག་ཆིག་བསྒྲིལ་ཐོག.
རྩོད་གཞི་གཅིག་ཐོག་ཤུགས་ཤིག་རྒྱོབ།
དཔུང་བསྒྲིལ་བགྱིས་དང་དཔུང་བསྒྲིལ་བགྱི།
ད་མང་པོ་མི་ཤོད་བསམ་ཞིབ་གནང་།