ད་ལོའི་༧གོང་ས་མཆོག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པས་ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་འདུག
དེ་རིང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། དྷ་ས་ས་གནས་མགོ་འཛིན་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རམ་སཱོ་རབ་ (Ram Swaroop) ལགས་ཀྱི་དབུས། སློབ་སྟོན་པ་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས། ས་གནས་མགོ་འཛིན་བསོད་ནམས་རྡོར་རྗེ་ལགས་བཅས་ཀྱིས་ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་ག་དུས་ཚོགས་འཆར་ཡོད་མེད་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།
ལྷན་ཚོགས་སྟེང་རྒྱ་གར་བ་རམ་སཱོ་རབ་ལགས་ཀྱིས་ཧིན་སྐད་ཐོག་རྒྱ་གར་བའི་གསར་འགོད་པར་དུས་སྟོན་གྱི་ལས་རིམ་དང་དགོས་དམིགས་གསལ་བཤད་གནང་བ་ས་གནས་མགོ་འཛིན་རྡོར་རྗེ་ལགས་ཀྱིས་བོད་སྐད་ཐོག་ངོ་སྤྲོད་གནང་དོན། ཕྱི་ལོ་ ༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བསྩལ་བ་ནས་བཟུང་སྟེ། ང་ཚོས་ཧིན་བོད་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་དུས་སྟོན་འདི་མགོ་བཙུགས་མ་ཟད། ལོ་ལྟར་སྲུང་བརྩི་ཞུ་ཡི་ཡོད་པ་རེད། དུས་སྟོན་འདི་སྲུང་བརྩི་ཞུ་སྐབས་བོད་མིའི་སྒྲིག་འཛུགས་དང་ཧི་མ་ཅལ་གཞུང་གིས་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་རེད། འདི་ལོའི་ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་དེ་ཕྱི་ཟླ་ ༡༢ ཚེས་ ༡༠ དང་ ༡༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་མེག་གྷན་སྦག་སུ་གསོལ་མགྲོན་ཁང་གི་རྩེད་ཐང་དུ་འཚོགས་རྒྱུ་ཡིན་པ་དང་། དུས་སྟོན་སྟེང་ཧི་མ་ཅལ་དང་རྒྱ་གར། དམིགས་བསལ་ཧི་མ་ཅལ་མངའ་སྡེའི་རྫོང་ཁག་ཅིག་གི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་དང་། ཀེ་ནོར་དང་ལ་དྭགས། བལ་པོ་དང་བོད་པའི་རིག་གཞུང་འཁྲབ་སྟོན་སོགས་གོ་སྒྲིག་ཞུ་རྒྱུ་རེད། དུས་སྟོན་དབུ་འབྱེད་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་འཕེལ་རྒྱས་བློན་ཆེན་སུ་དྷེར་ཤར་མ་མཆོག་གིས་གནང་རྒྱུ་ཡིན་པ་དང་། དམིགས་བསལ་སྐུ་མགྲོན་དུ་སྲིད་སྐྱོང་མཆོག་ཕེབས་ཀྱི་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་ཉིན་ཀང་རའི་རྫོང་དཔོན་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཕེབས་ཀྱི་ཡོད་སྟབས། མི་མང་གང་མང་མཉམ་ཞུགས་གནང་རྒྱུའི་རེ་སྐུལ་བཞིན་ཡོད། ཅེས་བརྗོད་སོང་།
སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པའི་གལ་གནད་སྐོར་ལ། བོད་དང་རྒྱ་གར་གཉིས་ཕ་མ་སྤུན་མཆེད་ནང་བཞིན་ལོ་སྟོང་ཕྲག་གཉིས་གསུམ་གྱི་མཛའ་འབྲེལ་ཡོད་པ་མ་ཟད། ལྷག་པར་དུ་དཔལ་ན་ལེན་ཌའི་ཆོས་བརྒྱུད་བོད་ལ་དར་ཏེ། བོད་ཀྱི་ཆོས་རྒྱལ་ཚོས་དམངས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་སྤེལ་གནང་མཛད་པ་སོགས་ཧིན་བོད་མཛའ་འབྲེལ་དགོས་རྒྱུ་ནི་རྒྱ་གར་དང་བོད་རིགས་བར་ལ་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ༡༩༥༩ ལོར་༧གོང་ས་མཆོག་གཙོས་པའི་བོད་མི་ཁྲི་བརྒྱད་ལྷག་ཙམ་ཞིག་རྒྱ་གར་ལ་སྐྱབས་བཅོལ་ཡོང་སྐབས། ང་ཚོར་རྒྱ་གར་དབུས་སའི་གཞུང་གིས་སོ་སོའི་ནང་མི་བསླེབས་པ་ལྟ་བུའི་མཐུན་རྐྱེན་སྦྱོར་གནང་ཡོད་པ་རེད། ལྷག་པར་དུ་ཧི་མ་ཅལ་གཞུང་ནི་༧གོང་ས་མཆོག་གི་ཕོ་བྲང་གཙོས་བོད་མིའི་དམངས་གཙོའི་ཀ་བ་གསུམ་གྱི་རྟེན་གཞི་གཙོ་བོ་ཆགས་ཡོད་སྟབས། ཧིན་བོད་མཛའ་འབྲེལ་ཚོགས་པ་འདི་གནད་འགག་ཆེན་པོ་ཆགས་ཡོད་པ་ལྟར། ད་ལྟ་བར་དུ་ཚོགས་པ་འདིས་བུ་སྤུན་ལྟར་མཛའ་བརྩེའི་ཐོག་ཕྱག་ལས་ཡག་ཐག་ཆོད་གནང་ཡོད་པ་རེད། དེ་བཞིན། ཚོགས་པ་འདི་ནི་བོད་མིའི་ཆབ་སྲིད་དང་མཐུན་ལམ་སོགས་ཕྱོགས་གང་ཐད་ནས་གནད་འགག་ཆེན་པོ་ཆགས་ཡོད་སྟབས། ཚང་མས་འདི་ཡར་རྒྱས་གོང་འཕེལ་ཐུབ་རྒྱུར་རྒྱབ་སྐྱོར་གང་མང་གནང་རོགས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
མཇུག་ཏུ་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ལས་དོན་བྱེད་ཕྱོགས་ཐད་གཏམ་བཤད་གནང་དོན། ད་ལྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ནས་དྷ་རམ་ས་ལར་ཚོགས་པ་ཁ་ཤས་ཤིག་ཡོད་ཀྱང་། དེའི་ནང་ནས་ཧིན་བོད་མཛའ་ཚོགས་ཀྱིས་འདས་པའི་ལོ་ ༢༡ ནང་ལས་འགུལ་མང་པོ་སྤེལ་ཡོད་པ་ལྟར། ད་རེབ་ཀྱི་ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་དེ་གལ་འགད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ད་བར་རྒྱ་གར་བ་བོད་དོན་རྒྱབ་སྐྱོར་ཚོགས་པས་བཙན་བྱོལ་བོད་མིར་ཆབ་སྲིད་དང་སྤྱི་ཚོགས་བདེ་འཇགས་ཀྱི་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་གཞིས་ཆགས་སྲ་བརྟན་དང་བོད་མི་ཚོང་པ་ཚོར་ཁྲོམ་ས་མ་རག་པའི་དཀའ་ངལ་འཕྲད་སྐབས། རོགས་རམ་གནང་བ་སོགས་བོད་སྤྱི་པའི་རྩ་དོན་ལ་ཕན་པའི་ཕྱག་ལས་མང་པོ་གནང་ཡོད་པ་རེད། ཅེས་བརྗོད་སོང་།
གསར་འགོད་པས་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་བ་རམ་སཱོ་རབ་ལགས་སུ་དུས་སྟོན་འདི་བརྒྱུད་ཧིན་བོད་བར་གྱི་དབུ་ཁྲིད་མཇལ་འཛོམས་ཡོང་གི་ཡོད་ཀྱང་། འདིས་མི་མང་དཀྱུས་མར་ཕན་ཐོགས་གང་འབྱུང་གི་ཡོད་དྲིས་པར་ཁོང་གིས། དུས་སྟོན་འདི་ས་གནས་བོད་མི་དང་རྒྱ་གར་གྱི་ཡུལ་མིའི་བར་ལ་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད། དཔེར་ན། ལོ་ཤས་གོང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཚོས་རྒྱ་གར་བ་གཞུང་ཞབས་དང་དམག་སྤྱི་རྒན་ཡོལ་ལ་ཕེབས་མཁན་ཚོའི་སར་བཅར་ཏེ། བོད་མིའི་སྒྲིག་འཛུགས་དང་མང་ཚོགས་ཀྱིས་ “རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ” (Thank You India) ཞེས་པའི་ལས་འགུལ་ཞིག་སྤེལ་གྱི་འདུག གཞུང་འབྲེལ་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་རྣམ་པ་ཚོ་ཕེབས་རོགས་ཞུ་བཞིན་འདུག་ཞུས་སྐབས། ཁག་ཅིག་ལག་པ་འདར་ནས་༧གོང་ས་མཆོག་གིས་གདན་འདྲེན་ཞུས་སོང་ཟེར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་ལྟར། ད་ལན་ལས་འཆར་འདི་བརྒྱུད་ནས་ཀྱང་ས་གནས་བོད་མི་དང་ཡུལ་མིའི་བར་ལ་འབྲེལ་བ་ཟབ་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་སོང་།
ཡང་ཁོང་ལ། དྷ་རམ་ས་ལའི་རྒྱ་གར་ཡུལ་མི་ཚོ་དང་ལྷག་པར་དུ་ཚོང་ཁང་མགྲོན་ཁང་གི་བདག་པོ་ཚོས་བོད་པ་ཚོའི་ཐོག་ལྟ་སྟངས་ཡག་པོ་མེད་པའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པར་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར། ང་ཚོ་སྤྱི་ཚོགས་ག་པར་བསྡད་ཀྱང་སོ་སོའི་བློར་མི་གཤོངས་པའི་སྐད་ཆ་ཁག་ཅིག་ཡོང་གི་ཡོད་པ་མ་ཟད། དེ་ནང་མི་ཕན་ཚུན་ལའང་ཡོང་གི་ཡོད་སྟབས། དོ་བདག་སོ་སོས་གནད་དོན་དེ་སྤྱི་ཚོགས་དབྱེ་འབྱེད་ཀྱི་བསམ་བློའི་ནང་འཇོག་རྒྱུ་ཡོད་པ་མ་རེད། ཡིན་ཡང་གཞི་རིམ་མང་ཚོགས་ཀྱི་བསམ་བློར་འགྱུར་བ་གཏོང་རྒྱུར། ང་ཚོ་ཧིན་བོད་མཛའ་འབྲེལ་ཚོགས་པས་དེ་སྔོན་དྷ་རམ་ས་ལར་༧གོང་ས་མཆོག་གི་སྐུའི་གྱ་སྟོན་དང་བསྟུན་ནས་ཤིང་སྡོང་ ༨༠ ཐམ་པ་འདེབས་འཛུགས་དང་། གཙང་བཟོའི་ལས་འགུལ་སོགས་སྤེལ་ཏེ་ས་གནས་བོད་མི་དང་རྒྱ་གར་བའི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་ལ་འབད་བརྩོན་བྱས་ཡོད་པ་རེད། ཅེས་བརྗོད་སོང་།
ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་ཞེས་པ་འདི་དྷ་རམ་ས་ལའི་གླ་གཏོང་རླངས་འཁོར་དང་འཁོར་གསུམ་སྦག་སྦག་སྐྱིད་སྡུག རི་འཛེགས་རུ་ཁག ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་གོ་སྒྲིག་ཞུ་བཞིན་ཡོད་འདུག
གསར་འགོད་པ། དོན་གྲུབ།