ད་ལོའི་འཇིག་རྟེན་མཛེས་མའི་རྒྱལ་ཁ་ཧྥི་ལི་པིན་གྱི་མཛེས་མ་ཕེཡ་ཨ་ལོན་རྫོ་ལགས་སུ་ཐོབ་ཡོད་ཀྱང་གཙོ་སྐྱོང་བ་མིང་ནོར་ཏེ་ཀོ་ལོམ་པི་ཡའི་མཛེས་མ་ཨརེཡ་ཌ་ན་གྷུ་ཊརེ་རྫི་ལགས་སུ་ཐོབ་ཡོད་པ་ཁྱབ་བསྒྲགས་བྱས་ཏེ་གླེང་གཞི་ཆེན་པོ་ཆགས་འདུག
ཁ་སང་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༤ པའི་སྟེང་། ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་གྷ་སི་(Lasvegas)རུ་ ༢༠༡༥ ལོའི་འཇིག་རྟེན་མཛེས་མའི་རྟིང་རྩོད་འགྲན་བསྡུར་ཚོགས་པའི་སྟེང་། ཧྥི་ལི་པིན་རྒྱལ་ཁབ་ཀྱི་མཛེས་མ་ཕེཡ་ཨ་ལོན་རྫོ་(Pia Alonzo Wurtzbach)ལགས་སུ་འཇིག་རྟེན་མཛེས་མ་ཨང་དང་པོའི་རྒྱལ་ཁ་ཐོབ་ཡོད་ཀྱང་། གཙོ་སྐྱོང་བ་སྐུ་ཞབས་སི་ཊི་ཧྥི་ཧར་བེ་ (Steve Harvey) ལགས་ཀྱིས་མཛངས་མའི་མིང་ནོར་ཏེ། ཀོ་ལོམ་པི་ཡའི་མཛེས་མ་ཨརེཡ་ཌ་ན་གྷུ་ཊརེ་རྫི་(Ariadna Gutierrez) ལགས་ཀྱི་མིང་ཁྱབ་བསྒྲགས་བྱས་ཏེ་མཛངས་མའི་དབུ་རྒྱན་ཁོ་མོར་བསྒྲོན་རྗེས། བསྐྱར་དུ་ཁ་རང་ནོར་བ་གསལ་བཤད་དང་སྦྲགས་ཧྥི་ལི་པིན་གྱི་མཛེས་མ་ཕེཡ་ཨ་ལོན་ཛོ་ལགས་སུ་ཨང་དང་པོ་ཐོབ་ཡོད་སྐོར་བརྗོད་དེ། ཀོ་ལོམ་པི་ཡའི་མཛེས་མ་ཨརེཡ་ཌ་ན་གྷུ་ཊརེ་རྫི་ལགས་ཀྱི་མགོ་ནས་དབུ་རྒྱན་ལངས་ཏེ་ཕེཡ་ཨ་ལོན་ཛོ་ལགས་སུ་བསྒྲོན་ཡོད་སྟབས། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་དང་སྤྱི་ཚོགས་གནས་འཕྲིན་མང་པོའི་ནང་གླེང་སློང་ཤུགས་ཆེན་འབྱུང་བཞིན་ཡོད་པ་རེད།
སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། མཛངས་མ་གཉིས་ལ་ངོ་ཚ་ཁ་སྐྱེངས་བཟོས་ཡོད་སྟབས། ཁོ་མོ་གཉིས་ལ་དགོངས་སེལ་ཞུ་དགོས་ཟེར་བ་དང་། ད་རེབ་ཀྱི་གནས་ཚུལ་འདི་གཙོ་སྐྱོང་བས་ཆེད་དུ་འཛམ་གླིང་མཛངས་མར་མཐོང་ཆུང་བྱས་པ་རེད་ཟེར་བ། དེ་བཞིན། ཧྥེ་ལེ་ཕེན་རྒྱལ་ཁབ་ལ་འཕྲོག་བཅོམ་བྱས་པ་རེད་ཟེར་བ་སོགས་ཀྱི་སྐྱོན་བརྗོད་སྣ་ཚོགས་འབྱུང་བཞིན་ཡོད་པ་རེད། གཙོ་སྐྱོང་བ་སི་ཊི་ཧྥི་ཧར་བེ་ལགས་ཀྱིས། ངས་རྒྱལ་སྤྱིའི་མང་ཚོགས་ལ་དགོངས་དག་ཞུ་རྒྱུ་ཡིན། སྤྱིར་འཛིན་བྱང་ཐོག་མིང་ཡིག་དེ་བྲིས་འདུག་མོད། དེ་ང་རང་གི་ནོར་འཆུག་ཡིན་སྟབས། གནད་དོན་འདིའི་འགན་ཆ་ཚང་ངས་འཁུར་ཆོག ཅེས་བརྗོད་འདུག
ཐེངས་འདིའི་འཇིག་རྟེན་མཛེས་མའི་རྟིང་རྩོད་འགྲན་བསྡུར་སྟེང་རྒྱལ་ཁབ་དང་ལུང་པ་འདྲ་མིན་གྱི་མཛེས་མ་ ༨༠ མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།