ཉེ་སྔོན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། རྟོག་ཞིབ་སྐོར་ཁག་གསུམ་པས་འདི་ལོར་ཞིབ་བཤེར་བྱ་རྒྱུ་ཡིན་པའི་ལས་ཁུངས་ཁག་ ༣༡ གི་ཐོ་གཞུང་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། ད་ལྟའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལུའུ་ཡེན་ཧྲན་གྱི་དབང་འོག་ཏུ་ཡོད་པའི་དྲིལ་བསྒྲགས་ལས་རིགས་ཚན་པ་ཁག་དང་། རྒྱ་ནག་མི་མང་དངུལ་ཁང་དང་ཞིང་ལས་དངུལ་ཁང་སོགས་དངུལ་ཁང་ཁག་དང་དངུལ་འཛིན་ཞིབ་བཤེར་དོ་དམ་ཁང་། དེ་བཞིན། ཅང་ཙི་མེན་གྱིས་ལག་བསྟར་ཆོག་མཆན་བཀོད་པའི་འབྲི་ཆུའི་འགག་གསུམ་ཨར་ལས་བཟོ་སྐྲུན་ཁང་དང་ལྷོ་ཆུ་བྱང་འདྲེན་འཛུགས་སྐྲུན་དོ་དམ་ལྟེ་གནས་ཁང་སོགས་ཡོད་པ་དང་། གཞན་ཡང་། ཅང་ཙི་མེན་གྱི་མཛའ་མོ་ཁྲིན་ཀྲི་ལི་(陈至立)ཡིས་ཡུན་རིང་དབང་འཛིན་བྱས་པའི་རྒྱ་ནག་སློབ་གསོ་ཁང་དང་། ཅང་ཙི་མེན་གྱི་ནུ་མོ་ཅང་ཙི་ཧེ་ཡི་དབང་བསྒྱུར་འོག་གི་རྒྱ་ནག་ནགས་ལས་ཁང་དང་ནགས་ལས་ཚན་རིག་ཞིབ་འཇུག་ཁང་བཅས་ཞིབ་བཤེར་གྱི་དམིགས་འབེན་དུ་བསྒྲགས་ཡོད་སྟབས། ཆབ་སྲིད་དཔྱད་ཞིབ་པ་ཚོས་ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱི་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་འགུལ་འོག ཅང་ཙི་མེན་གྱི་ཕྱོགས་གཏོགས་པ་མང་ཆེ་བ་ཕམ་ཉེས་བཏང་ཟིན་པ་མ་ཟད། ཅང་ཙི་མེན་གྱི་གཙོས་ཁོའི་ཁྱིམ་མི་འབྲེལ་ཡོད་དང་ད་ལྟའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལུའུ་ཡེན་ཧྲན་གྱི་ཁྱིམ་མི་བཅས་ཞིབ་བཤེར་རྒོལ་རྡུང་གི་གཟེབ་ཏུ་བཅུག་ཟིན་ཡོད་སྐོར་རྗོད་ཀྱི་འདུག
ཨར་ལས་བཟོ་སྐྲུན་གྱི་དོགས་གཞི།
འབྲི་ཆུའི་འགག་གསུམ་ཨར་ལས་བཟོ་སྐྲུན་དང་ལྷོ་ཆུ་བྱང་འདྲེན་གྱི་བཟོ་སྐྲུན་ལས་གཞི་གཉིས་ནི། རྒྱ་ནག་གི་ཨར་ལས་བཟོ་སྐྲུན་གྱི་གཞི་རྒྱ་ཆེ་ཤོས་གཉིས་ཡིན་སྟབས། ལས་གཞི་མགོ་འཛུགས་མ་བྱས་གོང་ནས་ཁོར་ཡུག་ཆེད་མཁས་པ་མང་པོས་ལས་གཞི་དེས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ནའང་། ཅང་ཙི་མེན་གྱི་དབང་ཤུགས་འོག་ཕྱི་ལོ་ ༡༩༩༤ ཟླ་ ༡༢ ཚེས་ ༡༤ ཉིན་འབྲི་ཆུའི་འགག་གསུམ་ཨར་ལས་བཟོ་སྐྲུན་དངོས་སུ་ལས་མགོ་བཙུགས་ནས་ཕྱི་ལོ་ ༢༠༠༩ ལོར་ལས་གཞི་གྲུབ་ཡོད་པ་དང་། གཞི་རྒྱ་ཆེ་ཤོས་ཀྱི་ཨར་ལས་བཟོ་སྐྲུན་དེ་ལག་བསྟར་བྱས་པ་ནས་བཟུང་འབྲི་ཆུའི་བརྒྱུད་ཀྱི་ས་ཁུལ་མང་པོར་ཐན་པ་བྱུང་ཞིང་། ཚ་བ་ཆེ་བ་སོགས་རང་བྱུང་གི་གནོད་པ་བསྟུད་མར་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ཟླ་ ༢ པའི་འབྲི་ཆུའི་འགག་གསུམ་བཟོ་སྐྲུན་ཁང་གིས་རྒྱ་སྒོར་དུང་ཕྱུར་མང་པོ་ལྐོག་ཟ་བྱས་ཡོད་པའི་གནས་ཚུལ་ཕྱིར་གྱར་ཡོད་པ་རེད།
གཞན་ཡང་། ཅང་ཙི་མེན་གྱི་བཀོད་ཇུས་དང་ཆོག་མཆན་སྤྲད་པ་བརྒྱུད་པེ་ཅིན་ཨོ་རྩལ་འགྲན་ཚོགས་ལ་ཁ་གཡར་ཏེ། ཕྱི་ལོ་ ༢༠༠༢ ལོར་ལྷོ་ཆུ་བྱང་འདྲེན་གྱི་ཤར་ཐིག་ལས་གཞི་དངོས་སུ་ལག་བསྟར་བྱས་ནས་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༢ པའི་ནང་ལས་འཆར་གྲུབ་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོར་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གཞི་མགོ་བཙུགས་ཏེ་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ལྷོ་ཆུ་ཤར་གཏོང་བྱས་ཡོད་འདུག རྒྱལ་ཕྱི་ནང་གི་ཆུ་ནུས་ཐོན་ཁུངས་ཆེད་མཁས་པ་ཚོས། ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིའི་ཤར་ནུབ་དཀྱིལ་གསུམ་གྱི་ཚད་ཐིག་ཁུལ་དུ་ཡོད་པའི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བྱུང་གིན་ཡོད་ལ། ནད་རིགས་འདྲེན་བྱེད་ཀྱི་ལས་གཞི་ཆེ་ཤོས་ཤིག་ཏུའང་གྱུར་ཡོད་སྐོར་རྗོད་ཀྱི་ཡོད་པ་མ་ཟད། ཧོང་ཀོང་སོགས་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་བཟོ་སྐྲུན་ལས་གཞི་དེའི་ཁྲོད་ཅང་ཙི་མེན་གྱི་ཕྱོགས་གཏོགས་ཚོས་དབང་ཡོད་སྒེར་གཅོད་དང་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཁྲིན་ཀྲི་ལི་ཡིས་གཡང་དུ་འཕངས་བའི་སློབ་གསོའི་བྱ་བ།
རྒྱ་ནག་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་ཁྲིན་ཀྲི་ལི་(陈至立)དང་། ཅང་ཙི་མེན་གྱི་བུ་ཆེ་བ་ཅང་མེན་ཧིན་གཉིས་ཧྲང་ཧེ་ཀེ་ཚ་སྐྱུར་ཞིབ་འཇུག་ཁང་ནས་ལས་རོགས་ཡིན་པ་དང་། ཕྱི་ལོ་ ༡༩༨༥ ལོར་ཅང་ཙི་མེན་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་རྗེས། ཅང་མེན་ཧིན་གྱི་ཐབས་ཇུས་བརྒྱུད་ཅང་ཙི་མེན་དང་ཁྲིན་ཀྲི་ལི་གཉིས་ངོ་ཤེས་སུ་གྱུར་ཡོད་པ་དང་། ཅང་ཙི་མེན་ལ་ཡོངས་གྲགས་སུ་བུ་མོ་ ༧ དང་རྒན་མོ་ ༨ ཅེས་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གཙོ་སྐྱོང་བ་ལི་རི་ཡེན་(李瑞英)སོགས་ཟུར་རྟེན་དགའ་མ་མང་པོ་ཡོད་པའི་ཁྲོད་ནས་ཁྲིན་ཀྲི་ལི་ནི། ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་ཅང་ཙི་མེན་དང་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱི་མཛའ་མོ་མཁྲེགས་ཤོས་དེ་ཡིན་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཅང་ཙི་མེན་གྱི་དབང་ཤུགས་འོག་ཁྲིན་ཀྲི་ལི་པེ་ཅིན་དུ་ལས་གནས་སྤར་ཏེ་རྒྱལ་ཁབ་སློབ་གསོ་ལྷན་ཚོགས་ཀྱི་ཚོགས་གཙོར་བཞག་པ་དང་། ཕྱི་ལོ་ ༡༩༩༨ ལོར་སློབ་གསོ་ཁང་གི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༢༠༠༣ ལོ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཞོན་སོགས་སུ་བདམས་ཡོད་འདུག ཁྲིན་གྱིས་ལོ་ངོ་ ༧ ལྷག་རིང་དབང་འཛིན་འོག་རྒྱ་ནག་གི་སློབ་གསོའི་བྱ་བ་གཡང་གཟར་གྱི་ཉེན་ཁའི་གནས་སུ་བསྐྱལ་ཡོད་པ་དང་། ཉེ་སྔོན་ནས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་མོ་ལ་ཐེངས་མང་འདྲི་ཞིབ་བྱས་ཡོད་འདུག
ཅང་ཙི་ཧེས་བདག་བཟུང་བྱས་པའི་ནགས་ལས་ཚན་རྩལ།
ཅང་ཙི་མེན་གྱི་ནུ་མོ་ཅང་ཙི་ཧི་(江泽惠)དེ་སྔོན་ཨན་ཝེ་ནགས་ལས་སློབ་ཆེན་གྱི་དགེ་རྒན་དཀྱུས་མ་ཞིག་ཡིན་ཡང་། ཅང་ཙི་མེན་སྲིད་སྟེགས་སུ་བུད་རྗེས་ཁོའི་དབང་ཤུགས་ཀྱི་ཐེམ་སྐེས་བརྒྱུད་དེ་ཨན་ཝེ་ཞིང་ཆེན་ཞིང་ལས་སློབ་ཆེན་གྱི་སློབ་གཙོ་དང་། རྒྱ་ནག་ནགས་ལས་ཚན་རིག་ཞིབ་འཇུག་གླིང་གི་འགན་འཛིན། དེ་བཞིན་རྒྱལ་ཁབ་ནགས་ལས་ཚན་རྩལ་རྒྱུན་ལས་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་དང་ནགས་ལས་རིག་པའི་ལྷན་ཚོགས་ཀྱི་ལས་འཛིན་གཞོན་པ་སོགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོ་སྟེ་ཁོ་མོ་ལོ་ ༧༠ ཙམ་ལ་བསླེབས་སྐབས་གཞི་ནས་རྒྱལ་ཁབ་ནགས་ལས་ཁང་གིས་དགོངས་ཞུའི་བརྡ་ཐོ་བཏང་སྟེ། ནགས་ལས་ཚན་རིག་ཞིབ་འཇུག་གླིང་དང་ཞིབ་འཇུག་གླིང་གི་དམར་ཤོག་ཚན་པའི་འགན་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་རུ་བཅུག་ཡོད་ཀྱང་། ད་དུང་ཡང་ནགས་ལས་ཚན་རིག་ཞིབ་འཇུག་གླིང་གི་སློབ་དཔོན་དང་སློབ་སྟོན་པ་སོགས་ཀྱི་མིང་གནས་བཟུང་ཡོད་འདུག
ལུའུ་ཡེན་ཧྲན་ཚང་གི་འཇབ་རྒོལ།
དེ་ཡང་ཞི་ཅིན་ཕིན་དང་ཝང་ཅི་ཧྲན་གཉིས་ཀྱི་རྟོག་ཞིབ་སྐོར་ཁག་གསུམ་པའི་ཐོ་གཞུང་ནང་དུ། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལུའུ་ཡེན་ཧྲན་གྱི་དབང་བསྒྱུར་འོག་ཡོད་པའི་དྲིལ་བསྒྲགས་ལས་རིགས་ཚན་པ་དང་ཚན་རིག་གླིང་། དམར་ཤོག་ཚོགས་པའི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ཚུད་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་དང་ ༧ པའི་ཟླ་མགོ་རུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེ་ཤོས་སུ་གྲགས་པའི་ཧྲང་ཧེ་གྲོང་ཁྱེར་དང་ཧྲིན་ཀྲིན་གྱི་མ་རྐང་ཁྲོམ་རར་ཐེངས་མང་པོར་གློ་བུར་བའི་ཉམས་དམས་བྱུང་ཡོད་པ་དང་། གནད་དོན་དེའི་རྒྱབ་ལོག་ན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལུའུ་ཡེན་ཧྲན་ཕ་བུ་གཉིས་ཀྱི་གཙོས་ཅང་ཙེ་མེན་ཚོགས་པའི་ཁྱིམ་ཆེན་འགའ་ཡོད་ལ། ཁོ་ཚོས་དངུལ་རྩའི་ཉམས་ཉེན་བེད་སྤྱད་ནས་སྲིད་དབང་གི་གཡོ་ཁྱོམ་བསླངས་ཏེ། ཞི་ཅིན་ཕིན་སྲིད་སྟེགས་ནས་གཡུག་པའི་བསམ་ངན་གཞོལ་རྩུབ་ཀྱི་ལྐོག་ཇུས་འཐེན་ཡོད་པའི་དོགས་གཞི་བྱུང་ཡོད་པ་མ་ཟད། ཞི་ཅིན་ཕིན་དང་ལི་ཁེ་ཆིང་གིས་གྲོང་ཁྱེར་དེ་གཉིས་ཀྱི་མ་རྐང་ཁྲོམ་རའི་ཉམས་དམས་སྐྱོབ་ཐབས་བྱེད་བཞིན་པའི་སྐབས་སུ། ལུའུ་ཡེན་ཧྲན་གྱི་དབང་ཤུགས་འོག་ཡོད་པའི་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་མྱུར་སྐྱོབ་ལ་འབྲས་བུ་གང་ཡང་མེད་སྐོར་ཡང་ཡང་བསྒྲགས་ཏེ་གླིང་གཞི་ཆེན་པོ་བཟོས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༧ པ་ནས་བཟུང་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་མ་རྐང་ཁྲོམ་རར་ཚད་མཐོའི་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་སྟབས། ལུའུ་ཡེན་ཧྲན་དང་ཁོའི་བུ་ལུའུ་ལི་ཧྥི་(刘乐飞)གཉིས་ལའང་ཞིབ་བཤེར་གྱི་མེ་བཙས་ག་ལེར་ཟིན་གྱི་ཡོད་འདུག
ལོའུ་ཡི་བུ་ལུའུ་ལི་ཧྥི་རང་ལོ་ ༣༤ སོན་སྐབས་ནས་གཞི་ཁྱོན་རྒྱ་སྒོར་དུང་ཕྱུར་ ༣༥༠ ལྷག་རེ་ཡོད་པའི་ཐེབས་རྩ་ཁང་བཞི་དོ་དམ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༧ པའི་ནང་ཁོས་ཤིན་ཧྭ་འགན་ལེན་མ་དངུལ་ཚད་ཡོད་ཚོང་གཉེར་ཁང་གི་སྤྱི་གཉེར་བའི་འགན་འཁུར་ཡོད་ཀྱང་། མ་རྐང་ཁྲོམ་རའི་མ་ལག་ལ་གཟབ་ནན་གྱིས་ཞིབ་བཤེར་བྱེད་མགོ་བརྩམས་པ་དང་བསྟུན། ཁོས་ཚོང་གཉེར་ཁང་དེ་ནས་དགོངས་པ་ཞུས་ཡོད་འདུག ལོའུ་ལི་ཧྥི་ཡི་ནུ་བོ་ལུའུ་ལི་ཐིན་(刘乐亭)ཡང་ནང་སོག་གི་སྨན་རྫས་དང་ས་ཁང་ཐོན་ལས་སོགས་ཁེ་ལས་ཁང་མང་པོ་ཞིག་གི་སྦྱིན་བདག་ཆགས་བསྡད་ཡོད་འདུག ལུའུ་ཡེན་ཧྲན་ཕྱི་ལོ་ ༡༩༦༨ ལོར་ནང་སོག་རང་སྐྱོང་ལྗོངས་ཐི་ལིན་དགེ་འོས་སློབ་ཆེན་ནས་མཐར་ཕྱིར་རྗེས་ལོ་ངོ་ ༢༠ ཙམ་གྱི་རིང་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དང་དྲིལ་བསྒྲགས་ཁང་གི་འགན་འཛིན་སོགས་བྱས་མྱོང་ཡོད་སྟབས། ནང་སོག་ནི་ལུའུ་ཚང་གི་རྒྱུ་ནོར་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད་འདུག
ཀྲུང་ནན་ཧེ་ཡིས་ལུའུ་ཡེན་ཧྲན་ཚང་འཇུས་ཟིན།
འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢ ཉིན་རྒྱ་ནག་དབུས་དངུལ་ཁང་གི་འགན་འཛིན་ཟུར་པ། ཐིན་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་དེ་ཞང་ལོང་(戴相龙)གི་བུ་མོའི་མག་པ་ཁྲི་ཧྥོང་དང་། ཁོའི་ཚོང་རོགས་བཅུ་གྲངས་ཤིག་པེ་ཅིན་གྱི་ཟ་ཁང་ཆེན་མོ་ཞིག་ཏུ་འཛོམས་ཡོད་སྐབས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ཁྲི་ཧྥོང་ལ་ཞིབ་བཤེར་བྱེད་སྐབས་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལོའུ་ཡེན་ཧྲན་གྱི་ཁྱིམ་ཚང་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ལུའུ་ཡེན་ཧྲན་གྱི་བཟའ་ཟླ་ལི་སུའུ་ཧྥང་(李素芳)དང་། བུ་ཆེ་བ་ལུའུ་ལི་ཧྥི་གཉིས་ཀྱི་ལྐོག་ཚོང་ལག་རོགས་ཡིན་པ་དང་། ཁྲི་ཧྥོང་གིས་ལི་སུའུ་ཧྥང་ལ་རྒྱུན་དུ་“ལི་རྨོ་མོ།”ཞེས་འབོད་ཀྱི་ཡོད་ལ། མོས་ཀྱང་ཁྲི་ཧྥོང་ཁྱིམ་གྱི་བུ་ལྟ་བུ་ཞིག་ཏུ་བརྩིས་ཏེ། ཁྲི་ཧྥོང་གི་སྒེར་བདག་གནམ་གྲུ་དེ་ཡང་ལུའུ་ཚང་གིས་ཕ་ཡུལ་ཐིན་ཅིན་ནས་པེ་ཅིན་བར་ཕར་འཕུར་ཚུར་འཕུར་བྱེད་པར་རྒྱུན་དུ་གཡར་གྱི་ཡོད་པ་མ་ཟད། ལྕམ་མོ་ལི་སུའུ་ཧྥང་གིས་འདས་པའི་ལོ་ཤས་ནང་ལོ་རེར་ཐེངས་ ༣༠ ཙམ་ལ་གནམ་གྲུ་དེ་གཡར་གྱི་ཡོད་འདུག
ལུའུ་ཡེན་ཧྲན་གྱིས་ལོ་ངོ་ ༡༠ ཙམ་གྱི་རིང་རྒྱ་ནག་དབུས་དྲིལ་བསྒྲགས་ཁང་གི་འགན་འཛིན་བྱས་ཡོད་པ་དང་། ཆབ་སྲིད་ཀྱི་གོ་གནས་མཐོ་བོ་ཞིག་ཐོབ་པའི་ཆེད་དུ་བུ་ལུའུ་ལི་ཧྥི་ཡི་བཟའ་ཟླ་ཁྱིམ་ཚང་དཀྱུས་མའི་བུ་མོ་གཡུགས་ཏུ་བཅུག་སྟེ། རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན་དང་ཕྱིས་སུ་ཆེས་མཐོའི་ཞིབ་བཤེར་ཁང་གི་འགན་འཛིན་དུ་གྱུར་བ་ཅཱ་ཁྲིན་ཝང་གི་བུ་མོ་ཅཱ་ལི་ཆིན་(贾丽青)མནའ་མར་ལེན་དུ་བཅུག་ནས་ཆབ་སྲིད་ཀྱི་གཉེན་སྒྲིག་ཉེ་ཚན་བརྒྱུད། ཕྱི་ལོ་ ༢༠༡༢ ལོར་ཁོ་རང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་སུ་བསྐོས་ཡོད་པའི་གླེང་ཕྱོགས་ཤིག་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་དཔལ་འབྱོར་ལས་དོན་གྱི་ཚོགས་ཆེན་པེ་ཅིན་ནས་མཇུག་སྒྲིལ་ཡོད་པ་དང་། ཚོགས་ཆེན་གྱི་སྤྱི་བསྒྲགས་ཡིག་ཆའི་ནང་རྒྱལ་ཁབ་ཁེ་ལས་དང་ནོར་སྲིད་དཔྱ་ཁྲལ། དངུལ་རྩ། སྤྱི་ཚོགས་འགན་ལེན་བཅས་ཀྱི་ཁྱབ་ཁོངས་བསྒྱུར་བཅོས་དགོས་ལུགས་གསལ་འདོན་བྱས་ཡོད་པ་མ་ཟད། དཔྱད་ཞིབ་སྣེ་ཁྲིད་ཀྱི་ནུས་པས་འདང་གི་མེད་པ་མཐོར་འདེགས་དགོས་སྐོར་ནན་བརྗོད་བྱས་ཡོད་སྟབས། རྒྱལ་སྤྱིའི་ཆབ་སྲིད་དཔྱད་ཞིབ་པ་ཚོས་ཞི་ཅིན་ཕིན་གྱི་སྟག་རྒན་རྒོལ་རྡུང་ལས་འགུལ་ཡང་བསྐྱར་རིམ་པ་གཅིག་གིས་ཡར་འཕར་ཏེ། ལུའུ་ཡེན་ཧྲན་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ནས་མར་འཐེན་རྩིས་ཀྱི་ལྟས་ངན་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག
གནས་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་རྟོག་ཞིབ་སྐོར་ཁག་དང་པོས་གཙོ་བོ་ཅང་ཙེ་མིན་ཚོགས་པའི་བདག་བཟུང་འོག་ཡོད་པའི་རྒྱ་ནག་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་རྒྱ་མཚོའི་ཁུལ་གྱི་རྡོ་སྣུམ་ཚོང་ལས། དེ་བཞིན་ཅང་ཙེ་མིན་གྱི་བུ་ཆེ་བ་ཅང་མེན་ཧིན་གྱི་རྒྱ་ནག་དྲ་ལམ་འཕྲིན་གཏོང་ཁེ་ལས་བཅས་ལ་ཞིབ་བཤེར་བྱས་ཡོད་པ་དང་། རྟོག་ཞིབ་སྐོར་ཁག་གཉིས་པས་ཅང་ཙེ་མིན་ཚོགས་པའི་དབང་འོག་ཏུ་ཡོད་པའི་དྲིལ་བསྒྲགས་མ་ལག་སྟེ་མི་མང་ཉིན་རེའི་ཚགས་པར་ཁང་དང་ཤིན་ཧྭ་གསར་ཁང་། དམར་ཤོག་ཚོགས་པའི་དུས་དེབ་ཆུའུ་ཧྲི་(求是)། དེ་བཞིན། ཅང་མེན་ཧྲིན་ལ་འབྲེལ་བ་ཡོད་པའི་ཧྲང་ཧེ་ཤར་ཕྱོགས་མཁའ་འགྲུལ་ཚོང་གཉེར་ཁང་སོགས་ལ་མུ་མཐུད་ཞིབ་བཤེར་བྱེད་བཞིན་ཡོད་ལ། རྟོག་ཞིབ་སྐོར་ཁག་གསུམ་པའི་དམིགས་འབེན་ཐོ་གཞུང་བཅས་ལ་བལྟས་ན། ཅང་ཙེ་མིན་ཚོགས་པ་ཕྱོགས་ཡོངས་ནས་བསྐོར་ཟིན་པ་མ་ཟད། གཏིང་རིམ་ངེས་ཅན་ཞིག་སྔོག་བཞིན་པའི་གནད་འགག་གི་དུས་སྐབས་ཤིག་ཏུ་བསླེབས་བསྡད་ཡོད་སྐོར་རྗོད་ཀྱི་འདུག
པདྨ་མཚོས་བསྡུ་སྒྲིག་བྱས།
ཧ་ཅང་སྤྲོ་བ་ཅན་གྱི་གསར་འགྱུར་ཞིག་བྲིས་འདུག