འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་གྱི་རྩོམ་ཡིག་བྲིས་པའི་སྐྱོན་འཛུགས་འོག་རྒྱ་ནག་གཞུང་གིས་ཧྥ་རན་སིའི་གསར་འགོད་པ་ལྕམ་གྷུ་ཐིར་ལགས་རྒྱ་ནག་ནས་ཕྱིར་འཕུད་བཏང་འདུག
ཧྥ་རན་སིའི་ (AFP) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟན་ན། ཁ་སང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཧྥ་རན་སིའི་བདུན་དེབ་ (L’Obs) ཞེས་པའི་གསར་ཤོག་གི་གསར་འགོད་པ་ཨོར་སུ་ལ་གྷུ་ཐིར་ (Ursula Gauthier) ལགས་རྒྱ་ནག་ནས་ཕྱིར་ཕུད་བཏང་ཡོད་པ་དང་། ཁོ་མོ་ཕྱིར་འཕུད་གཏོང་དོན་གཙོ་བོ་ཁོ་མོས་ཉེ་ལམ་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་ཐེར་འདོན་གནང་བས་ཡིན་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཧྥ་རན་སིའི་བདུན་དེབ་ (L’Obs) གསར་ཤོག་གི་གསར་འགོད་པ་ཨོར་སུ་ལ་གྷུ་ཐིར་ལགས་ཀྱིས་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པ་དང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་གྱི་རྩོམ་ཡིག་སྤེལ་ཏེ། འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་སྐྱོན་འཛུགས་བྱས་ཡོད་པ་དང་། ཕྱི་ཚེས་ ༣༡ ཉིན་གསར་འགོད་པ་ཨོར་སུ་ལ་གྷུ་ཐིར་ལགས་རྒྱ་ནག་ནས་ཕྱིར་ཧྥ་རན་སིར་ལོག་ཁར། ཁོ་མོས་རྒྱ་ནང་གི་གསར་འགོད་པ་ཚོར་ཆེས་མུན་ནག་གི་ཉིན་མོ་ཞིག་བསླེབ་གྲབས་ཡོད་སྐོར་བརྗོད་ཡོད་འདུག
གནས་ཚུལ་འདིའི་ནང་ཁོ་མོས་མུ་མཐུད་དུ། སྤྱིར་ངས་ཤིན་ཅང་ཡུ་གུར་མི་རིགས་སྐོར་གྱི་རྩོམ་ཡིག་ཐུང་ཐུང་ཞིག་བྲིས་པའི་ནང་གི་གནས་ཚུལ་ཁག་ཚང་མ་དངོས་དོན་ཡིན་ལ། དེ་མ་འོངས་པར་འབྱུང་སྲིད་པའི་གནད་དོན་ཚབས་ཆེན་ཞིག་ཡིན་སྲིད། ཧྥ་རན་སི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ང་གསར་འགོད་པ་མི་གཅིག་གི་དོན་དག་ཙམ་དང་། ཡང་ན་གསར་འགོད་རང་དབང་གི་དཀའ་རྙོག་ཙམ་མ་ཡིན་པར། དོན་དངོས་སུ་རྒྱ་ནག་ནང་གནད་དོན་ག་རེ་འབྱུང་མུས་ཡིན་པར་དོ་སྣང་བྱེད་དགོས་པར་འདུག རྒྱུ་མཚན། རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་འོག རྒྱ་ནང་གི་གྲངས་ཉུང་མི་རིགས་དང་གྲངས་མང་མི་རིགས་ཁག་གང་ཡིན་ཡང་། ཁོ་ཚོར་འཕྲད་བཞིན་པའི་དཀའ་གནད་གཅིག་པ་རེད། ཅེས་སོགས་བརྗོད་ཡོད་པ་མ་ཟད། རྩོམ་ཡིག་དེའི་ནང་ཁོ་མོས་ན་ནིང་ཕྱི་ཟླ་ ༡༡ པའི་ཚེས་ ༡༣ ཉིན་ཧྥ་རིན་སིའི་རྒྱལ་ས་ཕ་རེ་སིའི་ནང་བྱུང་བའི་འཇིགས་སྐུལ་དྲག་སྤྱོད་པའི་དོན་རྐྱེན་ཐད་བཟུང་བའི་རྒྱ་ནག་གཞུང་གི་ཀུན་སློང་ལ་ཐེར་འདོན་བྱས་ཏེ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་རྒྱུར་ཁ་གཡར་ནས། ཤིན་ཅང་ཡུ་གུར་མི་རིགས་ནང་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།
ཧྥ་རན་སིའི་ཕྱི་སྲིད་ལྷན་ཁང་གནས་ཚུལ་དེའི་ཐད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་དཔོན་རིགས་ཚོས་ལྕམ་གྷུར་ཐིར་ལགས་ཀྱི་འབོད་སྐུལ་ཐད་བསྐྱར་ཞིབ་བྱས་ཏེ། ཁོ་མོས་མུ་མཐུད་དུ་རྒྱ་ནག་ནང་གསར་འགོད་ལས་རིགས་བསྒྲུབ་ཆོག་པར་སྐུད་འདེད་བྱས་ཡོད་པ་མ་ཟད། ཧྥ་རིན་སིའི་གཞུང་གིས་ཡང་ནས་བསྐྱར་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་གསར་འགོད་རང་དབང་ལ་ཁག་ཐག་དགོས་སྐོར་ནན་བརྗོད་བྱས་འདུག
གནས་ཚུལ་ལྟར་ན། ཧྥ་རན་སིའི་གསར་འགོད་པ་གྷུ་ཐིར་ལགས་ཀྱིས་འདས་པའི་ལོ་ངོ་ ༦ རིང་རྒྱ་ནག་ནང་དུ་གསར་འགོད་ལས་རིགས་བསྒྲུབས་མྱོང་བ་དང་། འདས་པའི་ལོ་ངོ་དེ་དག་རིང་ཁོ་མོས་རང་གི་མཐོང་ཐོས་མྱོང་གསུམ་གཞིར་བཟུང་སྟེ། ཤིན་ཅང་ཡུ་གུར་མི་རིགས་ནང་འབྱུང་བཞིན་པའི་དཀའ་གནད་དེ་ནི་ཕྱོགས་གཅིག་ནས། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་འཛིན་པའི་ཞེ་འཁོན་སློག་པའི་སྲིད་ཇུས་དང་འབྲེལ་བ་ཡོད་པ་དང་། སྤྱིར་བཏང་ཁོ་མོས་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཁོང་ཁྲོ་དེ་ཡང་རྨང་བཅོས་རིང་ལུགས་ (radicalised) སུ་འགྱུར་བཞིན་པའི་ཨ་རབ་མི་རིགས་ཀྱི་གཞོན་སྐྱེས་ཚོའི་ཁོང་ཁྲོ་དང་འདྲ་བོ་ཡོད་སྟབས། དེ་ལའང་རྒྱུ་རྐྱེན་ཞིག་ཅིས་ཀྱང་ཡོད་ཚུལ་བཤད་པ་ཙམ་ལས། འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་ཡོད་པའི་བསམ་ཚུལ་གང་ཡང་བསྟན་མེད་ནའང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་དང་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས། ཧྥ་རན་སིའི་གསར་འགོད་པ་ལྕམ་གྷུ་ཐིར་ལགས་ཀྱིས་ཤིན་ཅང་ཡུ་གུར་གྱི་དངོས་ཡོད་གནས་སྟངས་ལ་གཏོར་བརླག་ཚབས་ཆེན་བྱས་པ་མ་ཟད། འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ། ཁོ་མོའི་ཐོངས་མཆན་ལག་ཁྱེར་ཐོ་འགོད་མ་བྱས་པར། ཁོ་མོ་ཕྱི་ཟླ་ ༡༢ པའི་ཚེས་ ༣༡ སྔོན་ཕྱིར་ཧྥ་རན་སིར་ལོག་དགོས་བྱུང་ཡོད་པ་མ་ཟད། འདི་ནི་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་ནང་དབྱིན་ཇིའི་གསར་འགོད་པ་མི་ལེ་ས་ཆན་ (Melissa Chan) ཕྱིར་ཕུད་བཏང་བའི་རྗེས་ཀྱི་ཕྱི་གླིང་གི་གསར་འགོད་པ་ཕྱིར་འཕུད་བཏང་བ་ཐོག་མ་དེའང་ཆགས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།
གསར་འགྱུར་ཚ་བོ་ཁ་གསལ་གོ་བདེ་དུས་ཐོག་ཏུ་སྤེལ་བར་ཧ་ཅང་ཐུགས་རྗེ་ཆེ། ཡང་སྒོ་གསར་འགོད་པ་ལྕམ་སྐུ་ཞབས་ཁོང་རྒྱ་ནག་ནས་ཕྱིར་འཕུད་བཏང་ཟིན་ན་ཡང་ཁོང་མོ་ཕམ་ཡོད་པ་མ་རེད། བདེན་དོན་བརྡར་ཤ་བཅད་པ་དེ་རྒྱལ་ཁ་དང་བཅས་ཕྱིར་ལོག་པ་དེ་ཁྱོད་རང་གི་རྒྱལ་ཁ་རེད།