རྒྱ་གར་ནུབ་རྒྱུད་དང་བྱང་ཤར་མངའ་སྡེ་ཁག་ནང་སྐར་མ་གཅིག་རིང་ཚད་རིམ་ ༦.༧ ཅན་གྱི་ས་ཡོམ་བརྒྱབ་ཏེ་ཡུལ་མི་ཁག་ཅིག་རྐྱེན་འདས་དང་ཡུལ་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་ཐེབས་ཡོད་འདུག
ཧིན་རྡུ་ (The Hindu) ཞེས་པའི་རྒྱ་གར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་ཐོ་རེངས་ཆུ་ཚོད་ ༥ ཡས་མས་སུ་རྒྱ་གར་བྱང་ཤར་རྒྱུད་ཀྱི་མ་ནེ་པུར་མངའ་སྡེའི་ (Manipur state) གྲོང་ཁྱེར་ཨེམ་ཧྥལ་ (Imphal) ཞེས་པའི་ནང་སྐར་མ་གཅིག་རིང་ཚད་རིམ་ ༦.༧ ཅན་གྱི་ས་ཡོམ་བརྒྱབ་ཏེ། ཁང་རྩེག་མང་པོ་རྡིབ་སྐྱོན་བྱུང་བའི་ཁྲོད་ད་སྔ་ཤེས་རྟོགས་བྱུང་བར་ཡུལ་མི་ ༤ ལྷག་རྐྱེན་འདས་དང་ཡུལ་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་ཐེབས་ཡོད་འདུག
ཨ་རིའི་ས་ཡོམ་རྟོག་ཞིབ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་ས་ཡོམ་གྱི་ཤུགས་རྐྱེན་བོད་ལྗོངས་ཀྱི་ཉིང་ཁྲི་དང་ལྷོ་ཁ། ཆབ་མདོ། ལྷ་ས་སོགས་སུ་ཐེབས་ཡོད་འདུག་ཀྱང་། ད་སྔ་མི་རྒྱུར་གནོད་འཚེ་ཕོག་ཡོད་མེད་ཤེས་རྟོགས་བྱུང་མེད་པ་མ་ཟད། རྒྱ་ནག་གཞུང་གི་གསར་ལམ་ཁག་ཏུ་འདིའི་སྐོར་གྱི་གནས་ཚུལ་གང་ཡང་སྤེལ་མི་འདུག
རྒྱ་གར་བྱང་ཤར་མ་ནེ་པུར་མངའ་ཁུལ་གྱི་ཉེན་རྟོག་པས། དེ་རིང་ཞོགས་པའི་ཐོ་རེངས་ཁར་ཨེམ་ཧྥལ་གྲོང་ཁྱེར་ནང་ས་ཡོམ་བརྒྱབ་སྟེ་སྡོད་གནས་ཐོག་རྩེག་ཁང་མང་པོ་རྡིབ་སྐྱོན་དང་རྩིག་གྱང་མང་པོ་གས་སྐྱོན་བྱུང་ཡོད་པ་མ་ཟད། ཉེ་ལམ་གསར་དུ་འཛུགས་སྐྲུན་བྱས་པའི་ཁྲོམ་ར་ཆེན་པོ་ཞིག་ཞིག་ཀྱང་རྡིབ་སྐྱོན་བྱུང་བའི་ཁྲོད་དུ་མི་མང་པོར་ཤི་རྨས་ཐེབས་ཡོད་སྐོར་བརྗོད་འདུག
གཞན། རྒྱ་གར་གྱི་གནམ་གཤིས་རྟགས་དཔྱད་ཚན་པས། དེ་རིང་ཞོགས་པའི་ཐོ་རེངས་ལ་རྒྱ་གར་དང་འབར་མའི་མཐའ་མཚམས་ནས་སྤྱི་ལེ་ ༡༧ མཚམས་ཀྱི་མ་ནེ་པུར་མངའ་སྡེའི་ཏ་མང་ལོང་ (Tamenglong) དང་། རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་ (Assam state) གྱི་གྲོང་ཁྱེར་ཆེན་པོ་གྷུ་ཧ་ཊེ་ (Gauhati)། དེ་བཞིན་རྒྱ་གར་ནུབ་རྒྱུད་མངའ་སྡེའི་གྲོངས་ཁྱེར་ཀོལ་ཀ་ཏ་ (Kolkata) སོགས་ནང་སྐར་མ་གཅིག་རིང་ས་ཡོམ་བརྒྱབ་ཡོད་ཀྱང་། ཡུལ་མི་ཚོས་ས་ཡོམ་བརྒྱབ་པ་ཚོར་ནས་བདེ་འཇགས་ས་གནས་སུ་བྲོས་བྱོལ་ཐུབ་པ་བྱུང་སྟབས། མངའ་ཁུལ་དེ་དག་གི་ཡུལ་མིའི་ཚེ་སྲོག་ལ་གནོད་འཚེ་ཐེབས་མེད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།