བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ། ཕྱི་ལོ་ ༢༠༡༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་བཅར་འདྲི་བྱེད་སྐབས། འདས་ལོར་ཁྱོན་བོད་མི་ ༦༧ འཛིན་བཟུང་བྱས་ཡོད་ཅིང་། ཁོང་ཚོ་མང་ཆེ་བར་སྤྱི་ཚོགས་བརྒྱུད་ལམ་ནས་གནས་ཚུལ་ཕྱི་བསྒྲགས་བྱས་པའི་ཉེས་མིང་བཙུགས་འདུག་ཟེར།
དྲི་བ། ཁྱེད་ཚོ་ལྟེ་གནས་ཁང་གི་ངོས་ནས་ཉམས་ཞིབ་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཆགས་འདུག
ལན། ང་ཚོས་ཉམས་ཞིབ་བྱས་པ་ལྟར་ན། ༢༠༡༥ལོར་བོད་ནང་གི་ཆོས་དད་རང་དབང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཧ་ཅང་ཤུགས་ཆེན་པོ་ཕོག་འདུག ཉེ་ཆར་འབྲི་རུ་རྫོང་ཁོངས་ནས་གཞུང་གི་ཡིག་ཆ་ཞིག་ང་ཚོར་ལག་སོན་བྱུང་ཡོད་པ་དང་། དེའི་ནང་དུ་བལྟས་བ་ཡིན་ན་ཆོས་དད་རང་དབང་ཟེར་དུས་དགོན་སྡེ་ཁག་གཅིག་པུ་མ་ཡིན་པར་ལྷ་ཁང་དང་ཐ་ན་མཚམས་ལ་བཞུགས་མཁན་ཚོ་ལའང་དམ་དྲག་བྱེད་ཀྱིན་འདུག དེའི་སྐོར་ང་ཚོས་ཟླ་རྗེས་མར་འདོན་འཆར་ཡོད་པའི་ ༢༠༡༥ ལོའི་ལོ་འཁོར་སྙན་ཐོའི་ནང་འདོན་རྒྱུ་ཡིན། ཆོས་དད་རང་དབང་གི་གནད་དོན་དེ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནས་ཆབ་སྲིད་དང་སྤྱི་མང་གི་ཐོབ་ཐང་སྐོར་ལ་ཆ་བཞག་ན། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གསར་པ་དང་འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་གྱི་ཁྲིམས་སོགས་ད་ལོར་ཁྲིམས་མང་པོ་ཞེ་དྲགས་གཏན་འབེབས་བྱས་ཡོད་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་སྐྱོང་སྐབས་རྒྱལ་ཁབ་ཁྲིམས་ཀྱི་ཐོག་ནས་དབང་བསྒྱུར་བྱ་རྒྱུ་ཡིན་པའི་སྐད་ཆ་བཤད་ཡོད་པ་རེད། སྐད་ཆ་དེ་ཚོ་བཤད་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ལ་བལྟས་ཡོང་ན། གཞི་རྩའི་རང་དབང་དང་ཐོབ་ཐང་མང་པོ་ཞིག་བཀག་སྡོམ་བྱེད་པ་དང་། དམིགས་བསལ་གྱིས་བོད་མི་ཚོས་ད་ལྟའི་བར་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱས་པ་དེ་ཚོར་དྲག་གནོན་གྱི་འཆར་གཞི་ཞིག་གཏིང་གི་ཡོད་པ་གསལ་བོ་རེད།
དྲི་བ། ༢༠༡༥ ལོར་རྒྱ་ནག་གཞུང་གིས་བོད་མི་ག་ཚོད་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོ་མང་ཆེ་བར་ཉེས་མིང་ག་རེ་གཡོགས་འདུག
ལན། ང་ཚོས་ཤེས་རྟོགས་བྱུང་བའི་གྲངས་ཀ་ལྟར་ན་ཁྱོན་བོད་མི་ ༦༧ འཛིན་བཟུང་བྱས་ཡོད་པ་དང་། དེའི་ནང་གནས་སྐབས་བཀག་ཉར་བྱས་པ་དང་ཁྲིམས་ཐག་བཅད་པ་བཅས་འདུས་ཡོད་པ་རེད། འདས་ལོར་ཁྲིམས་ཐག་བཅད་པའི་ཁོངས་ནས་བཙོན་འཇུག་གི་དུས་ཡུན་རིང་ཤོས་འབྲི་རུ་རྫོང་ནས་ཡིན་པའི་ལྷ་རྣམ་དང་བསོད་ནམས་དར་དབང་གཉིས་ལ་ལོ་ ༨ རེའི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གཉིས་ཆ་ཚོང་ལས་གཉེར་མཁན་དེ་འདྲ་རེད། བོད་ནང་འཛིན་བཟུང་ག་རེ་བྱས་པ་ཡིན་ཡང་མང་ཆེ་བ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱེད་བཞིན་ཡོད་པ་ལྟར། ༢༠༡༥ ལོ་ལྟ་བུར་མཚོན་ན། བོད་ནང་གི་གནས་ཚུལ་རྣམས་སྐད་འཕྲིན་སོགས་བརྒྱུད་ལམ་ཁག་ཏུ་ཡར་མར་བཏང་བ་དང་། ཕྱི་ཕྱོགས་སུ་བཏང་སྟེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་མང་ཤོས་མཐོང་སོང་། དེ་བཞིན་དགོན་སྡེ་སོགས་ཀྱི་ནང་དང་བླང་གིས་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་ཁྲིད་བྱེད་མཁན་འཛིན་བཟུང་བྱས་པའང་མང་པོ་འདུག སྤྱིར་བཏང་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཀྱི་ལས་ཀ་དེ་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་ལ། རྒྱ་ནག་གི་ཁྲིམས་དང་མཐུན་གྱི་ཡོད་པ་ཞིག་རེད། ཡིན་ནའང་། སོ་སོའི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མཁན་ཚོར་ཁ་བྲལ་གྱི་ནག་ཉེས་གཡོགས་པ་ང་ཚོས་མང་པོ་མཐོང་སོང་།
དྲི་བ། ༢༠༡༥ ལོར་བོད་ཀྱི་ཆབ་སྲིད་བཙོན་པ་ག་ཚོད་ཅིག་ཀློད་གྲོལ་བཏང་འདུག ཁོང་ཚོའི་སྐུ་གཟུགས་གནས་སྟངས་དང་ཀློད་གྲོལ་ཐོབ་རྗེས་ཀྱི་གནས་སྟངས་ག་འདྲ་འདུག
ལན། ཕྱི་ཕྱོགས་སུ་གནས་ཚུལ་ཐོན་པ་རྣམས་བརྩིས་པ་ཡིན་ན། ༢༠༡༥ ལོར་བསྡོམས་པའི་ཆབ་སྲིད་བཙོན་པ་ ༣༡ ཀློད་གྲོལ་བཏང་འདུག རྒྱལ་ཁབ་གཞན་པ་ཡིན་ན་བཙོན་པ་ཞིག་ཀློད་གྲོལ་བཏང་རྗེས་ཉེས་པ་ག་རེ་བཟོས་ཡོད་ཀྱང་ཚང་མ་ཚར་བ་རེད། ཡིན་ནའང་ཀློད་གྲོལ་བཏང་ཚར་ཡང་ད་དུང་རང་དབང་ཡོད་པ་མ་རེད། རྒྱུན་དུ་ས་གནས་ཉེན་རྟོག་ཁང་དང་ལས་ཁུངས་ཁག་ཏུ་སོང་ནས་གདོང་པ་སྟོན་དགོས་པ་ཞིག་ཆགས་ཡོད་པ་རེད། བཙོན་སྲིད་བཙོན་ཟུར་གྱི་མིང་ཞིག་བཏགས་ཚར་རྗེས་བོད་ནང་རྒྱུན་ལྡན་གྱི་མི་ལྟར་འཚོ་བ་སྐྱེལ་ཐུབ་རྒྱུ་དཔེ་མི་སྲིད་པའི་དཀའ་ངལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། དགུ་བཅུ་གོ་གྲངས་ནས་བཟུང་གནད་དོན་དེར་འགྱུར་བ་གང་ཡང་བྱུང་མེད་ལ། དཀའ་ངལ་དེའི་རྐྱེན་གྱིས་ཆབ་སྲིད་བཙོན་ཟུར་མང་པོ་བོད་ནས་བཙན་བྱོལ་དུ་ཡོང་དགོས་ཁེལ་གྱི་ཡོད་པ་རེད།
དྲི་བ། གནས་ཚུལ་དབྱེ་ཞིབ་པ་མང་པོ་ཞིག་གིས་བོད་ནང་གི་རང་དབང་འཐབ་རྩོད་ཀྱི་རྣམ་པར་མངོན་གསལ་གྱིས་འགྱུར་བ་འགྲོ་ཡི་ཡོད་སྐོར་རྗོད་ཀྱི་འདུག རྣམ་པ་ཚོས་བལྟས་ན་ཁ་ཕྱོགས་ག་འདྲ་ཞིག་ལ་འགྱུར་བ་འགྲོ་ཡི་འདུག
ལན། ༢༠༠༨ ལོ་ནས་བཟུང་ང་ཚོས་མར་བལྟས་བ་ཡིན་ན། བོད་ནང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་མང་པོ་བྱུང་བ་རེད། ཕྱིས་སུ་རྒྱ་གཞུང་གིས་ལས་འགུལ་དེར་དམ་དྲག་ཤུགས་ཆེན་པོ་བྱས་ཏེ་མི་གཉིས་གསུམ་འཛོམས་ནས་ལས་འགུལ་སྤེལ་རྒྱུ་ཁག་པོ་ཆགས་ཡོད་པ་རེད། དེ་ནས་མི་སྒེར་སོ་སོ་ཁེར་རྐྱང་ངང་ཁྲོམ་གཞུང་དུ་ཐོན་ཏེ་རང་ལུས་མེར་བསྲེགས་གནང་མགོ་བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གི་ལག་པར་ཚུད་མི་དགོས་པའི་ཐོག་ནས་སོ་སོས་བཤད་དགོས་པ་དེ་བཤད་ཐུབ་པའི་གོ་སྐབས་ཤིག་རག་ཆེད་རང་ལུས་མེར་བསྲེགས་གནང་བ་རེད། ཡིན་ནའང་། འདས་པའི་ལོ་ཤས་ནང་ང་ཚོས་འགྱུར་བ་ཞིག་ག་རེ་མཐོང་སོང་ཟེར་ན། མི་སྒེར་སོ་སོ་ཁེར་རྐྱང་དུ་ཞི་རྒོལ་གནང་མཁན་མང་པོ་བྱུང་སོང་།
རང་ལུས་མེར་སྲེག་མཁན་ཚོས་མཐའ་མ་དེར་སོ་སོའི་སྲོག་ཀྱང་བློས་གཏོང་འདོད་ཡོད་ནའང་བློས་གཏོང་བའི་གོ་སྐབས་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ད་ལྟའི་ཁེར་རྐྱང་གི་ཞི་རྒོལ་ལས་འགུལ་ལ་ང་ཚོས་བལྟས་བ་ཡིན་ན། རྔམ་སྟོན་ཁྲོམ་སྐོར་གྱི་ཐོབ་ཐང་ཕར་ཞོག སོ་སོའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ཀྱང་མེད་པའི་གནད་དོན་གྱི་སྐད་ཆ་ཞིག་ཆགས་ཀྱི་འདུགསོ་སོའི་རྩ་བའི་བླ་མ་བོད་ལ་གདན་འདྲེན་ཞུ་དགོས་ལབ་པའང་ཆབ་སྲིད་ཀྱི་གནད་དོན་ལ་བརྩིས་ཏེ་དཀའ་ངལ་བཟོ་ཡི་ཡོད་པ་རེད། ང་ཚོས་ག་རེ་མཐོང་གི་འདུག་ཟེར་ན་དམ་དྲག་ཧ་ཅང་ཤུགས་ཆེན་པོ་བྱེད་སྐབས་ལས་འགུལ་ག་རེ་སྤེལ་ཐུབ་ཀྱི་རེད། དེ་ད་ལྟ་ང་ཚོས་མཐོང་གི་འདུགདཔེར་ན། བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་གནང་མཁན་བཀྲ་ཤིས་དབང་ཕྱུག་ལགས་དང་། ས་ཆའི་བདག་དབང་ཞུ་གཏུག་བྱེད་མཁན་མཛོད་དགེའི་འབྲོག་པ་ཚོའི་གནང་སྟངས་དེ་ཧ་ཅང་གལ་ཆེན་པོ་དང་། འགྱུར་བ་ཆེན་པོ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། བོད་ནང་རིམ་གྱིས་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་འདི་རིགས་ཤུགས་ཆེ་རུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད།
དྲི་བ། འདས་ལོར་རྒྱ་གཞུང་གིས་ཕྱི་ཕྱོགས་ཀྱི་ཁ་བྲལ་བར་ལྐོག་འབྲེལ་བྱས་པ་དང་ཏང་ལ་བློ་དཀར་གྱི་མེད་པ་སོགས་ཀྱི་ཉེས་མིང་འོག་བོད་རིགས་ལས་བྱེད་མང་པོ་ཏང་ནང་ནས་ཕྱིར་འཕུད་བཏང་ཡོད་པ་རེད། གནད་དོན་དེར་ངོས་འཛིན་ག་འདྲ་གནང་གི་ཡོད།
ལན། སྤྱིར་བཏང་ལས་བྱེད་པ་ག་ཚོད་ཅིག་གནས་དབྱུང་བཏང་ཡོད་མེད་ཀྱི་གྲངས་ཀ་ཏག་ཏག་ཅིག་ཧ་གོ་ཐུབ་མ་སོང་། ཁ་བྲལ་རིང་ལུགས་པར་འབྲེལ་བ་འདུག ཏང་ལ་བློ་དཀར་གྱི་མི་འདུག་ཟེར་བའི་སྐད་ཆ་དེ་ཚོ་འདས་པའི་ལོ་ཁ་ཤས་ནང་རྒྱ་ནག་གཞུང་གིས་རྒྱུན་དུ་ཤོད་ཀྱི་ཡོད་པ་རེད། ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་དམ་དྲག་མང་པོ་ཞིག་མགོ་བཙུགས་པའི་ཁོངས་སུ་བོད་རིགས་ལས་བྱེད་པ་དང་། ཏང་གི་ཚོགས་མི་ཡིན་པའི་བོད་རིགས་མང་པོ་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་ཡོད་པ་དེར་རྒྱ་གཞུང་གིས་དོགས་པ་བྱས་ཏེ། ཚང་མ་གཙང་བཤེར་གཏོང་བའི་ལས་འགུལ་ཞིག་ལག་བསྟར་བྱེད་མགོ་བཙུགས་ཡོད། ཡིན་ནའང་། ཞི་ཅིན་ཕིན་སྲིད་འཛིན་ཆགས་པ་ནས་བཟུང་མ་འདྲ་བ་ཞིག་ག་རེ་ཆགས་ཀྱི་ཡོད་པ་རེད་ཟེར་ན། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་མང་ཚོགས་ལམ་ཕྱོགས་ཟེར་བ་ལྟ་བུའི་སྲིད་བྱུས་མ་འདྲ་བ་ཆེན་པོ་གཉིས་སྤེལ་གྱི་ཡོད་པ་དང་། སྲིད་བྱུས་དེ་གཉིས་བོད་ནང་ལོགས་སུ་ལག་བསྟར་བྱེད་སྐབས་རྦད་དེ་མ་འདྲ་བ་ཞིག་ཆགས་ཀྱི་ཡོད་པ་རེད། བོད་རིགས་ལས་བྱེད་ཚོ་གནས་དབྱུང་གཏོང་བའི་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་སྒྲུབ་བཞིན་ཡོད་པ་རེད། མདོར་བསྡུས་ན། བོད་རིགས་ལས་བྱེད་གནས་དབྱུས་གཏོང་བཞིན་པ་དེས་གྲངས་ཉུང་མི་རིགས་ལ་རང་སྐྱོང་གི་ཐོབ་ཐང་ཆུང་ཆུང་ཞིག་ཡོད་པ་དེའང་རྩ་མེད་གཏོང་བའི་ཉེན་ཁ་ཞིག་ཏུ་མཐོང་གི་འདུག
དྲི་བ། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ནང་བོད་སྐད་ཡིག་ཉམས་ཆགས་ཆེན་པོ་འགྲོ་བཞིན་ཡོད་པའི་སྐོར་ལ་བོད་ཡུལ་ཤུལ་ནས་ཡིན་པའི་བོད་མི་བཀྲ་ཤིས་དབང་ཕྱུག་ལྟ་བུ་བོད་མི་དཀྱུས་མ་རེས་ཀྱང་ཆེད་དུ་ཞུ་གཏུག་བྱེད་དགོས་བྱུང་བ་དང་། ཕྱི་ནང་གང་ནས་བལྟས་པ་ཡིན་ནའང་བོད་སྐད་ཡིག་ཉམས་ཆགས་འགྲོ་ཡི་ཡོད་པའི་མཐོང་ཚོར་ཆེན་པོ་ཡོང་གི་ཡོད་སྟབས། རྣམ་པ་ཚོས་ཉམས་ཞིབ་གནང་བ་ལྟར་ན་བོད་ནང་བོད་སྐད་ཡིག་གི་གནས་སྟངས་ག་འདྲ་ཆགས་ཀྱི་འདུག
ལན། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟེར་དུས་བོད་ཀྱི་ཆོས་ལ་ཐུག་བསྡད་ཡོད་སྟབས། ད་ལྟའི་ཆར་ང་ཚོས་སེམས་འཚབ་ཆེན་པོ་བྱེད་དགོས་པ་ཞིག་ག་རེ་ཆགས་འདུག་ཟེར་ན། རྒྱ་ནག་གཞུང་གིས་བོད་ནང་སྐད་གཉིས་སློབ་གསོ་ཟེར་བ་ཞིག་གི་འོག་ནས་རྒྱ་ཡིག་རྒྱ་སྐད་རྒྱ་ཁྱབ་ཏུ་གཏོང་བར་ཤུགས་རྒྱག་གི་འདུག ད་ལྟ་ང་ཚོས་རེ་བ་ཕྲན་བུ་ཞིག་རྒྱག་ས་དེ་དགོན་པ་ཁག་རེད། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་སྦྱོང་བྱེད་འདོད་ན་གྲྭ་བ་བྱས་ཏེ་དགོན་པར་འགྲོ་དགོས་ཀྱི་ཡོད་པ་དང་། དགོན་པ་ནི་བོད་ཀྱི་སྐད་ཡིག་རིག་གནས་ཉར་ཚགས་བྱེད་སའི་ལྟེ་གནས་གལ་ཆེན་ཞིག་ཆགས་བསྡད་ཡོད་སྟབས། རྒྱ་གཞུང་གིས་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད། གང་ལྟར་ད་ལྟ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཞིག་ཏུ་བསླེབས་འདུག
དྲི་བ། འདས་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་ནེན་སི་པི་ལོ་སི་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་མོལ་གནང་ཡོད་པ་རེད། རྒྱ་གཞུང་གི་གོ་སྒྲིག་འོག་ཁོང་ཚོར་བོད་ནང་གི་དངོས་ཡོད་གནས་ཚུལ་ཅི་ཙམ་ཤེས་རྟོགས་ཐུབ་པའི་གོ་སྐབས་ཡོད་པ་རེད་དགོངས་ཀྱི་ཡོད།
ལན། གཟིགས་སྐོར་ཚོགས་པ་བོད་ནས་ཕར་བསླེབས་རྗེས། ང་ཚོ་མི་བདུན་བོད་རང་སྐྱོང་ལྗོངས་ཀྱི་ནང་ལྟ་སྐོར་དུ་འགྲོ་སྐབས་ང་ཚོ་མཉམ་དུ་རྒྱ་ནག་གི་ལས་བྱེད་པ་ ༣༠ ལྷག་ཡོད་ལབ་འདུག རྒྱ་ནག་གཞུང་གིས་རྟོག་ཞིབ་ཚོགས་པ་བོད་ནང་ཁྲིད་ཡིན་ཟེར་བ་དེ་ཚོ་དངོས་གནས་རྟོག་ཞིབ་བྱས་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་མེད། སོ་བ་དང་དམག་མི།ལས་བྱེད་མང་པོ་མཉམ་དུ་བཏང་སྟེ་ག་བར་འགྲོ་དགོས་པ་དང་། མི་སུ་ལ་ཐུག་དགོས་པ་སོགས་རྒྱ་ནག་གཞུང་རང་ནས་ཐག་གཅོད་བྱས་ཏེ། བོད་ནང་གི་དངོས་ཡོད་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་རེད་བསམ་གྱི་མི་འདུག དེར་བརྟེན་ང་ཚོས་རེ་བ་བརྒྱབ་པ་ལྟར་ད་ལྟའི་བར་རྒྱལ་སྤྱིའི་ཐོག་ནས་བོད་ནང་དངོས་གནས་རྟོག་ཞིབ་ཐུབ་ཡོད་པ་རེད་དམ་ཟེར་ན། ཡོད་པ་མ་རེད་ཟེར་ནས་ཞུས་བ་ཡིན། ཡིན་ནའང་། ལྕམ་ནེན་སི་པི་ལོ་སི་མཆོག་གིས་སྣེ་ཁྲིད་པའི་ཚོགས་པ་དེ་ཕྱིར་ལོག་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ང་ཚོར་ག་རེ་བསྟན་པ་དེ་མ་གཏོགས་ལྟ་བཅུག་མ་སོང་། ཡིན་ནའང་། ང་ཚོ་བོད་དུ་ཕྱིན་ནས་རྒྱ་གཞུང་གིས་མཐོང་བཅུག་འདོད་མེད་པའི་གནས་ཚུལ་ཡང་མང་པོ་ཞིག་མཐོང་སོང་ཞེས་བརྗོད་ཡོད་སྟབས། རང་དབང་ཡོད་མེད་ལ་མ་ལྟོས་པར་རྟོག་ཞིབ་ཚོགས་པ་ཞིག་བོད་ནང་འགྲོ་ཐུབ་པ་ཙམ་གྱིས་ཀྱང་ཕན་ཐོགས་ཕྲན་བུ་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
གསར་འགོད་པ། པདྨ་མཚོ།
གསར་འགོད་པས་གོ་བདེ་ལ་དོན་བསྡུས་པའི་བཅའ་འདྲི་ཞུས་པ་ཞིག་སྤེལ་འདུག ཐུགས་རྗེ་ཆེ།