ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་བཏོན་པའི་ནང་བོད་ནང་དམ་དྲག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག
གཟའ་ཟླ་བའི་ཉིན་ནེའུ་ཡོག་ལ་གཏན་གཞིས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་གྲོང་གསེབ་དག་ནང་རྒྱ་ནག་གཞུང་གིས་ལྟ་ཞིབ་ལས་འགུལ་རྒྱ་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་བརྗོད་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་སོ་ཕྷི་རི་ཅཱ་སོན་(Sophie Richardson)གྱིས་བརྗོད་དོན་ལ། བོད་ནང་དུས་ཚོད་ངེས་མེད་ཀྱི་ལྟ་ཞིབ་ལས་འགུལ་འདིས་རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མངོན་གསལ་འདོད་པོའི་སྒོ་ནས་རྒྱབ་འགལ་བྱས་པ་དང་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་དག་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད། ཅེས་དང་། རྒྱ་གཞུང་གིས་བོད་མིའི་ཉིན་རེའི་འཚོ་བར་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐག་གཅོད་འདི་ནི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་རྡོག་རོལ་བྱེད་པའི་དཔེར་མཚོན་ངན་པ་ཤིག་ལས་གཞན་གང་ཡང་མ་རེད། ཅེས་སོགས་བརྗོད་འདུག
སྙན་ཐོ་དེའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཡོད་པའི་བོད་མི་ཚོར་རྒྱུན་དུ་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྨྲ་བརྗོད་དང་ཞི་བའི་འདུ་འཛོམས་ཀྱི་རང་དབང་སོགས་མེད་པ་མ་ཟད། ཆོས་ལུགས་དང་བོད་མི་སྒེར་གྱི་འཚོ་བར་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པའི་ཐོག བོད་ཀྱི་གྲོང་གསེབ་དག་གི་ནང་གཞུང་གི་ལས་བྱེད་སྡེ་ཚན་ཁག་ནས་ལྟ་ཞིབ་ལས་འགུལ་འདི་འདྲ་ཞིག་རྒྱ་ཆེར་སྤེལ་བ་འདིས་རྒྱ་ནག་དཔོན་རིགས་ཚོས་བོད་མི་ཚོས་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་པ་གང་ཡང་མི་ཡོང་བའི་ཐབས་སུ་དྲག་གནོན་ཁོ་ན་བྱེད་རྒྱུ་ཡིན་པ་ཤེས་ཐུབ། ཅེས་སོགས་འཁོད་འདུག
གནས་ཚུལ་དེའི་ནང་མུ་མཐུད་དུ་བསྟན་དོན། རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་འདྲ་མིན་ལ་བལྟས་ན། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་གྲོང་གསེབ་འཛུགས་སྐྲུན་ཞེས་པའི་ལས་གཞི་འདི་བོད་ཀྱི་གྲོང་གསེབ་དག་ལ་ལྟ་ཞིབ་ཀྱི་ལས་འགུལ་འདི་ནི་ལོ་གཅིག་གཉིས་ཙམ་མིན་པར་དུས་ཚོད་ངེས་མེད་ལ་ལག་བསྟར་བྱ་རྒྱུ་ཡིན་པ་ཤེས་ཐུབ་པ་དང་། ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ནས་བོད་ཀྱི་གྲོང་རྡལ་དང་གྲོང་གསེབ་ཁག་ལ་སྡོད་མཁན་གཞུང་གི་ལས་བྱེད་ཚོར་སྡོད་གནས་དང་ལས་ཁུངས་སོགས་ཁང་པ་ ༢༠༠༩༢ འཛུགས་སྐྲུན་བྱས་ཟིན་པ་དང་། ད་དུང་ཁང་པ་ ༡༢༠༠༨ ལྷག་གི་འཛུགས་སྐྲུན་ལས་གཞི་ལོ་འདི་མ་རྫོགས་སྔོན་ལ་མཇུག་བསྒྲིལ་རྒྱུ་ཡིན་ཚུལ་སོགས་བཀོད་འདུག
ལོ་གསུམ་གྱི་ལས་དོན་འཆར་གཞིའི་ཁྲོད་སྡེ་ཚན་ ༥༠༠༠ ལྷག་གི་དམར་ཤོག་ལས་བྱེད་མི་གྲངས་ ༢༡༠༠༠ ཙམ་ཞིག་བོད་ཀྱི་ཞིང་འབྲོག་ཡར་རྒྱས་ཟེར་བའི་ལས་འགུལ་གྱི་མིང་ཐོག་ནས་བོད་ཁུལ་གྱི་གྲོང་གསེབ་དག་གི་ནང་གཏན་གཞིས་བྱ་རྒྱུ་ཡིན་པ་རེད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ལས་འགུལ་འདིའི་ལྡོག་ཕྱོགས་ཀྱི་དམིགས་ཡུལ་ཁུངས་སྐྱེལ་བྱས་དོན་ལ། རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་དང་གདོང་ལེན་ཞེས་བོད་ཀྱི་གྲོང་གསེབ་ཚང་མ་བཙོན་ཁང་ལྟ་བུར་བསྒྱུར་ཏེ། བོད་ཀྱི་གྲོང་གསེབ་དག་གི་ནང་དམར་ཤོག་གྱི་སྡེ་ཚན་གསར་པ་འཛུགས་ནས་བཙན་ཤེད་སྒོས་སློབ་གསོའི་ལས་འགུལ་དང་ཆབ་སྲིད་གོ་རྟོགས་ཤུགས་ཆེར་སྤེལ་བཞིན་པ་རེད་ཅེས་སོགས་གསལ་འདུག
སྙན་ཐོ་དེའི་ནང་མུ་མཐུད་དུ་འཁོད་པར། གྲོང་གསེབ་ཆེད་དམིགས་ཀྱི་སྡེ་ཚན་དེ་ཚོས་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་འདྲ་མིན་ཡང་སྤེལ་རྩིས་ཡོད་ཅིང་། དཔེར་ན། རྒྱ་ནག་གཞུང་གིས་ཆོག་མཆན་ཡོད་པའི་གློག་བརྙན་དང་རྩོམ་རིག་ཟློས་གར་འཁྲབ་སྟོན་སོགས་ཀྱི་ཁྱབ་བསྒྲགས་དང་རིག་གཞུང་རྙིང་པ་དང་ངན་པ་ཟེར་བ་དག་རྩ་མེད་གཏོང་རྒྱུའི་སླད་དུ་དཔེ་ཀློག་ཁང་དང་འདུ་འཛོམས་བྱེད་སའི་ཚོགས་ཆེན་སོགས་ཀྱི་འཛུགས་སྐྲུན་ལས་གཞི་ཡང་གཉེར་བཞིན་ཡོད་སྐོར་སོགས་བཀོད་འདུག
བློ་བཟང་ཡེ་ཤེས་ཀྱིས་བོད་བསྒྱུར་ཞུས།