མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྣ་གཅིག་ཀྱང་མེད་པའི་སྲིད་སྐྱོང་འོས་མི།

༢༠༡༦/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

— སྤེན་པ་ཚེ་རིང་དང་ཁོའི་རྒྱབ་སྐྱོར་བ་ཚོར་ཕུལ།

 

སྔོན་གླེང་།

 

ཐའེ་ཝན་འོས་བསྡུའི་རྒྱལ་ཁ་ལྕམ་སྐུ་ཚའེ་ཡུན་ཝིན་ལ་ཐོབ་པ་དེ། སྤྱིར་བཏང་གི་མི་སྒེར་ཞིག་དང་སྲིད་དོན་ཚོགས་པ་ཞིག དེ་བཞིན། རྒྱའི་ལོ་རྒྱུས་ཐོག་བུད་མེད་སྲིད་འཛིན་དང་པོ་ཆགས་པར་རྒྱལ་ཁ་ཐོབ་པ་ཙམ་མིན། མདོར་བསྡུས་ན།ཐའེ་ཝན་གྱི་གཞོན་སྐྱེས་དང་མ་འོངས་པར་རྒྱལ་ཁ་ཐོབ་པ་ཡིན་ལ། ཐའེ་ཝན་གྱི་ཡང་དག་དམངས་གཙོ་དང་། ཤི་ལ་ཉེ་བའི་ཐའེ་ཝན་རང་བཙན་གྱི་རེ་བ་རྒྱུན་སྲིང་ཐུབ་པར་རྒྱལ་ཁ་ཐོབ་པ་ཡིན། འདི་ལ་དགའ་སྤྲོ་ཙམ་མིན་པར། འགྱུར་བ་དང་རེ་བ། བཅོས་སྒྱུར་དང་གདོང་ལེན་བཅས་ཀྱི་དོན་སྙིང་ལྡན་ཡོད།

 

IMG_0127བསྡུ་ལ་ཉེ་བའི་བོད་མིའི་སྲིད་སྐྱོང་འོས་འདེམས་ཁྲོད། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ལས་སུ་རྒྱལ་ཁ་འཐོབ་ཀྱང་། བོད་མི་ཚོར་དོན་སྙིང་ལྡན་པའི་འགྱུར་བ་དང་རེ་བ་ག་རེ་ཡོད། བོད་མི་ཚོས་དགའ་སྤྲོ་དང་། བཅོས་སྒྱུར། མཐུན་འགྱུར། གདོང་ལེན་བྱ་དགོས་པའི་གསར་གཏོད་རང་བཞིན་གྱི་རྒྱལ་ཐབས་སྲིད་བྱུས་དང་། འཛིན་སྐྱོང་ལས་འཆར་ག་རེ་ཡོད། ཕལ་ཆེར་འདི་དང་གན་ཞེས་མཛུབ་མོ་འཛུགས་ས་ཞིག་མི་རྙེད། ལྷག་པར། སྤེན་པ་ཚེ་རིང་ལ་དེ་ཐད་ནས་སྣ་གཅིག་ཀྱང་མི་འདུག

 

གཅིག བོད་ཀྱི་རྩ་དོན་འཐབ་རྩོད།

 

ལམ་དབུ་མ་རྒྱུན་འཛིན་ནི་ཁོང་གཉིས་ཀའི་བདེན་མཐའ་སེལ་བྱེད་ཀྱི་སྲིད་བྱུས་དེ་རེད། ཁོས་ཚོས་དུས་རྒྱུན་བཤད་པ་ལྟར། ལམ་ཁ་འདི་ཡག་ཤོས་དང་བརྟན་ཤོས། དེ་ལས་གཞན་མེད་པ། གང་ཡོད་པ་དངོས་ཡོད་དང་མི་འཚམ་པ། ཡང་ན། ཁོང་ཚོས་མང་ཚོགས་འཛོམས་ས་དང་འདུ་ས། གྲལ་མགོ་ནས་ཁ་མར་འཁོར་ས་ཚང་མར། ཡང་ནས་བསྐྱར་དུ་བཟླས་དང་ཟློ་བཞིན་པ་ལྟར། ལམ་དབུ་མ་འདི་བོད་རྒྱ་གཉིས་སྨན་ཙམ་མིན་པར། རང་ངོས་ནས་འདི་ལ་ཡིད་ཆེས་དང་། གདེང་ཚོད། བློ་སྤོབས་ཡོད་པ་བཅས་བདེན་ཚེ། སྲིད་བྱུས་འདི་ལམ་ལྷོངས་དང་ལེགས་གྲུབ་ཡོང་བར། གསར་གཏོད་རང་བཞིན་གྱི་འཆར་སྒོ་དང་བྱེད་ཐབས། རྣམ་དཔྱོད་ལྡན་པའི་ལས་རིམ་དང་གདོང་ལེན་གྱི་སྙིང་སྟོབས་བཅས་དགོས་པ་ལས། ག་དུས་ཡིན་ཡང་། གཞུང་ལུགས་དང་ལྟ་གྲུབ་རང་བཞིན་གྱི་ཆེ་བ་བརྗོད་པའམ། སྐྱེས་ཆེན་གང་ཞིག་གི་རླབས་ཆེན་དགོངས་གཞི་ཡིན་པའི་བསྟོད་གླུ་རྐྱང་བས་གང་ཡང་མི་ཕན། མ་གཞི སྲིད་བྱུས་ནི་ལག་ལེན་ལ་བསྟར་རྒྱུ་ཞིག་ལས། ཁ་ནས་ཞལ་འདོན་བཞིན་སྐྱོར་རྒྱུ་ཞིག་མ་རེད།

 

ཡང་གཅིག་བཤད་ན། ད་ཐེངས་སྤེན་པ་ཚེ་རིང་སྲིད་སྐྱོང་ལས་ཐོག་དང་མི་འདྲ། གྲོས་ཚོགས་ལས་རིམ་སྐབས་དང་། ཚོགས་གཙོའི་མཚན་གནས་རྗེས་འབྲེལ་གྱི་གཏམ་བཤད་དང་སྟངས་འཛིན་རྐྱང་བ་སྟེ། ཁ་གཅིག་བུ་འགུལ་བའི་དུས་སྐབས་དང་རིམ་པ་ལས་བརྒལ་ཏེ། ལག་འགུལ་སའི་སྲིད་སྐྱོང་གི་ཞབས་སྟེགས་འགྲན་རྩོད་ནང་ཞུགས་ཡོད། ཡིན་ཡང་། བློ་བཟང་སེང་གེས་ལམ་དབུ་མར་དོན་དག་སྣ་གཅིག་སྒྲུབ་ཐུབ་མེད་པ་ལྟར། སྤེན་པ་ཚེ་རིང་ལའང་། རང་ཉིད་ཡིད་ཆེས་ཡོད་ས་དང་གདེང་ཚོད་མཐུག་ས། བློ་སྤོབས་མཐོ་སའི་སྲིད་བྱུས་འདི། མ་འོངས་རང་གི་སྲིད་སྐྱོང་ལས་ཡུན་རིང་དོན་འཁྱོལ་དང་ལེགས་གྲུབ་ཡོང་བར། བློ་རིག་རྒོད་པོའི་ཐབས་ཇུས་རྐང་གཅིག་དང་། ཡིད་ཆེས་འཕེར་བའི་ཐབས་ལམ་སྣ་གཅིག་སྟོན་རྒྱུ་མེད། ད་བར་ཁོའི་འོས་བསྡུའི་གཏམ་བཤད་ནང་གི་ལམ་དབུ་མ་ནི། ༧སྐུ་མདུན་གྱི་དཔག་བསམ་ལྗོན་པའི་དགོངས་གཞི་དང་། ཟམ་གདོང་རིན་པོ་ཆེའི་འགྲེལ་བརྗོད་ཀྱི་ཡག་ལག་ཉིང་ལག་ལ། སྤེན་པ་ཚེ་རིང་གི་བསྟོད་བསྔགས་ཀྱི་ཟ་འོག་ཅོད་པན་འདོགས་རྒྱུ་རང་ན་ལྷག་ཡོད་བསྡད་ཡོད། སྐུ་མཁྱེན། རྒྱ་ཆེའི་མང་ཚོགས་ཀྱི་སྲིད་སྐྱོང་གི་མངོན་འདོད་དེ། ༧སྐུ་མདུན་གྱི་དགོངས་གཞི་ལེགས་གྲུབ་དང་དོན་འཁྱོལ་ཡོང་བར། རང་གི་ཀླད་པ་དཀྲུགས་དཀྲུགས་བཏང་ནས། ཐབས་བྱུས་འདིང་ཐུབ་མཁན་དང་། ཐབས་ལམ་འཚོལ་ཐུབ་མཁན། དེ་དག་ལག་ལེན་ལ་བསྟར་ཐུབ་མཁན་ཞིག་ལས། བསྟོད་གླུ་ཕུལ་ནས་གོ་སྐབས་འཚོལ་ཤེས་མཁན་དང་། དུས་ཚོད་སྐྱེལ་ཐུབ་མཁན་དེ་མིན། མ་གཞི སྲིད་སྐྱོང་ལག་འགུལ་མཁན་ལས། གླུ་ལེན་མཁན་མིན།

 

མདོར་བསྡུས་ན། ལམ་དབུ་མ་དང་སྤེན་པ་ཚེ་རིང་བར་གྱི་འབྲེལ་གྲུབ་ནི་བསྟོད་བསྔགས་དང་གོ་སྐབས་ཡིན། ཡང་དག་དང་འཚུལ་འཆོས་ནི་དེ་གཉིས་བར་གྱི་འགལ་ཟླ་ཆགས་ཡོད། དྲང་པོར་བཤད་ན། སྤེན་པ་ཚེ་རིང་ལ། ལམ་དབུ་མ་དོན་འཁྱོལ་དང་ལེགས་གྲུབ་ཡོང་བར། ཕན་འབྲས་ཅན་གྱི་ཀླད་པ་ཞིག་དཀྲུག་དཀྲུག་གཏོང་རྒྱུ་མེད་པ། ཁོ་དང་ཁོའི་རྒྱབ་སྐྱོར་བ་ཚང་མར་གསལ་བོ་ཡིན། ཡིན་ཡང་། གོ་སྐབས་བྱུང་ན། སྲིད་དོན་རྩེད་མཚར་ལ་རོལ་རྒྱུ་འདི། ཁོ་ཚོའི་རང་གཤིས་དང་རྒྱུན་སྲོལ་ལྟ་བུ་རེད།

 

གཉིས། བོད་མིའི་གོང་བུ་ཆིག་སྒྲིལ།

 

མི་སྡེ་སྤྱི་ཚོགས་ཀྱི་ནང་ཁུལ་གོང་བུ་སྲ་བརྟན་ནན་རྡོག་རྩ་ཆིག་སྒྲིལ་དང་། ཡང་ན། མངའ་ཁུལ་ཁ་བྲལ་ལམ་ནུས་པ་རྩ་གཏོར་གཉིས་གང་ཡིན་རུང་། ང་ཚོས་བསམ་པ་དང་བཤད་པ་ལྟར། ལས་སླ་བོ་དེ་འདྲ་གང་ཡང་མིན། དེ་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཤིག་ལ་བརྟེན་ནས་བྱུང་གི་ཡོད། ང་ཚོར། ཤ་ཁྲག་དང་རིགས་རྒྱུད། སྐད་ཡིག་དང་རིག་གཞུང་། བྱུང་རབས་དང་ལོ་རྒྱུས་གཅིག་ཀྱང་། སྤྱི་ཚོགས་ལམ་ལུགས་དང་སྲིད་དོན་གནས་བབ་ཀྱིས། ཁག་ཁག་དང་དུམ་བུར་བཏང་བའི་ལྷོ་བྱང་ཀོ་རི་ཡ་དང་། རྒྱ་ནག་མཚོ་འགག་དང་སྐམ་སའི་དཔེ་མཚོན་ཡོད་ལ། རིགས་རུས་དང་ཤ་མདོག ཆོས་ལུགས་དང་དད་འདུན། རྒྱལ་ཁོངས་དང་མི་སར་ཐ་དད་ཡིན་རུང་། ཐུན་མོང་གི་རྟེན་གཞི་དང་སྤྱི་མཐུན་གྱི་ཁེ་དབང་། གཅིག་མཚུངས་དང་ཚད་མཐོའི་འཇིག་རྟེན་རིན་ཐང་ལྟ་ཚུལ་བཅས་ཀྱིས། གོང་བུའི་ནུས་པ་གཅིག་ཏུ་སྒྲིལ་བའི་ཨ་རི་མངའ་སྡེ་མཉམ་འབྲེལ་དང་། ཡུ་རོབ་རྒྱལ་ཁབ་མནའ་འབྲེལ་གྱི་དཔེ་མཚོན་ཀྱང་ཡོད།

 

ད་ལྟའི་བོད་མིའི་ཆིག་སྒྲིལ་འདི། ང་ཚོར་མི་རིགས་ཀྱི་བརྩེ་བ་ཆེ་དྲགས་པ་དང་། རིག་གཞུང་གི་འདུ་ཤེས་ཟབ་དྲགས་པ། ཡང་ན། ང་ཚོའི་ཆོས་སྲིད་འཇིག་རྟེན་གྱི་རིན་ཐང་ལྟ་ཚུལ་གཅིག་དྲགས་པ་དང་། རྩ་དོན་འཐབ་རྩོད་ཀྱི་མངོན་འདོད་མཚུངས་དྲགས་པ། ལྷག་པར། བོད་མི་ཚོར་དུས་རབས་དང་ཆབ་སྲིད་ཀྱི་གོ་རྟོག་མཐོ་དྲགས་པའི་སྒང་ནས་ཀྱང་བྱུང་མེད། ཛ་དྲག་དང་གཉན་འཕྲང་གི་དུས་སྐབས་འདིར་། བོད་མི་རིགས་དང་རྒྱལ་ཁབ་སླར་གསོ་ལ་ཡོད་པའི་རྨི་ལམ་གང་མང་ཞིག མངོན་གྱུར་དང་ལེགས་གྲུབ་ཡོང་བར་ཡིད་ཆེས་ས་ཞིག་སྟེ། རང་སེམས་གླན་ས་ཞིག་དང་། རང་བློ་འཁེལ་ས་ཞིག རང་གི་རེ་བ་རྒྱག་ས་ཞིག་ཡོད་པ་ལ་བརྟེན་ནས་བྱུང་བ་ཡིན། ཁ་གསལ་བོར་བཤད་ན། བོད་མིའི་དབུ་ཁྲིད་ཀྱི་ནུས་སྟོབས་སྟེ། ད་བར་དུ། ཁོང་གི་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་ཐབས་དང་། འགྲོ་བ་མིའི་རིགས་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས། ཆོས་ལུགས་ཁག་བར་ཕན་ཚུན་མཐུན་སྒྲིལ་དང་། མི་སྡེ་སྤྱི་ཚོགས་ནང་མི་ཆོས་རིང་ལུགས་དང་། ཀུན་ཁྱབ་སེམས་ཁུར་སྤེལ་ཐབས་ཀྱི་དཀའ་སྤྱད་ལྷུར་ལེན་དག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་དང་གཟེངས་བསྟོད། རྒྱབ་སྐྱོར་དང་ཆེ་མཐོང་ཐོབ་པ་ལ་བརྟེན་ནས་བྱུང་བ་ཡིན།

སྤེན་པ་ཚེ་རིང་ལ། བོད་མིའི་ཆིག་སྒྲིལ་ལ་མགོ་ཁྲིད་ཐུབ་པའི་འཇོན་ནུས་ག་རེ་ཡོད། ཁ་ནས་ཆེན་པོ་བཤད་ཀྱིན་ཡོད་ནའང་། དོན་དངོས་ཐོག ཆོལ་གསུམ་དང་གཞིས་བྱེས་བོད་མིའི་རྡོག་རྩ་ཆིག་སྒྲིལ་ཕར་ཞོག ཁོས་བཙན་བྱོལ་ནང་གི་ཚོགས་སྡེ་བྱེ་བྲག་བར་ཀྱི་དཀའ་ངལ་ལའང་། ཞི་འཇགས་དང་འདུམ་འགྲིག་གི་གདོང་ལེན་ཐུབ་ཀྱི་མེད། ཆུ་བཞི་སྒང་དྲུག་གསར་རྙིང་དང་། དབུས་དང་ས་གནས་གཞོན་ནུའི་བར་གྱི་དཀའ་རྙོག་དེ་ཚོ། སྤེན་པ་ཚེ་རིང་ལ་མཚོན་ན། ཁོའི་དབུ་ཁྲིད་ཀྱི་འཇོན་ནུས་ལ་ཚོད་ལྟ་དང་གོ་སྐབས་ཐེངས་ཤིག་ཆགས་ཡོད། ཡིན་ནའང་། ད་བར་ཁོས་ཚོད་ལྟ་དང་གོ་སྐབས་དེ་དག་ལ་དགོས་ངེས་ཀྱི་བརྩོན་ལེན་དང་། བཟང་ཕྱོགས་ཀྱི་གོ་སྐབས་གང་ཡང་ལེན་ཐུབ་མེད། མདོར་བསྡུས་ན། སྤེན་པ་ཚེ་རིང་དང་ཁོའི་རྒྱབ་སྐྱོར་བ་ཚོེས། ཧ་ཅང་གི་ཆེན་པོ་ཆེན་པོ་ཤོད་ཀྱིན་ཡོད་ནའང་། བོད་མིའི་གོང་བུ་ཆིག་སྒྲིལ་གྱི་ཐད་ནས། ཁོ་མི་སྣ་ཆུང་ཆུང་ཞིག་སྟེ། བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུའང་། གུས་བརྩི་དང་ཆེ་མཐོང་གཙང་མ་མེད་པའི་མི་ཞིག་ཡིན།

 

གསུམ། བོད་དོན་རྒྱབ་སྐྱོར་ཚོགས་པ།

 

བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་བའི་གཏམ་བཤད་ཁག་གི་སྐབས། སྤེན་པ་ཚེ་རིང་གིས། དེང་བོད་དོན་རྒྱབ་སྐྱོར་བ་ཇེ་ཉུང་དུ་སོང་བ་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ཁོ་ཚོར་ངོ་བོ་ངོས་འཛིན་དང་། སྲིད་བྱུས་གསལ་བོ་མེད་པས་རེད་ཟེར། ད་དུང་ཁོས། རང་ཉིད་ལ་སྲིད་སྐྱོང་གི་འོས་འཐོབ་པ་ཡིན་ན། བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་ངོ་བོ་སོ་སོར་དབྱེ་འབྱེད་དང་། བོད་དོན་ལ་རྒྱབ་སྐྱོར་བྱེད་སྟངས་ཀྱི་སྲིད་བྱུས་གཏན་འབེབ་དང་འབྲེལ། ཁོ་ཚོའི་ཚོགས་འདུ་འཚོག་སྟངས་ཡན་ལའང་འཆར་འགོད་དང་ལས་རིམ་བསྒྲིག་གི་ཡིན་ཟེར། ཁོས་གཏམ་བཤད་འདི་ལྟར་གནང་སྐབས། ཁོའི་རྒྱབ་སྐྱོར་བ་ཚོས་ལག་པ་བརྡབ་ནས་དགའ་བསུ་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་སྟོན།

 

བོད་དོན་སྐྱོར་བ་ཇེ་ཉུང་དུ་འགྲོ་དོན། གཞུང་ངོས་ནས་ཁོ་ཚོར་ངོ་བོ་དང་ངོས་འཛིན། སྲིད་བྱུས་གསལ་བོ་མེད་པ་བརྟེན་ནས་བྱུང་བ་ཡིན། ཡང་ན། གཞུང་གིས་ཁོ་ཚོར་ངོ་བོ་དང་ངོས་འཛིན། སྲིད་བྱུས་གསར་བ་གཏན་འབེབས་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན། འདི་༢༠༠༩ ལོའི་བཀའ་ཤག་གི་འབོད་སྐུལ་ཁག་ལ་བལྟས་ན་ཤེས་ཐུབ། མ་གཞི། ༢༠༠༩་ལོའི་ཡར་སྔོན་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ས་ཁྱབ་རྡོ་ཁྱབ་ཡིན་བཞིན་དུ། ལོ་དེ་ནས་བཟུང་། ལོ་རེ་ནས་ལོ་རེར་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་དོན་གང་ཡིན་ནམ། གལ་སྲིད་སྤེན་པ་ཚེ་རིང་གི་བཤད་པ་བདེན་ཚེ། གནས་ལུགས་དང་རྒྱུ་མཚན་གྱི་ཆ་ནས། ༢༠༠༩ལོའི་ཡར་སྔོན་ནས་བོད་དོན་རྒྱབ་སྐྱོར་བ་ཉུང་ཉུང་ཡིན་དགོས་མོད། དེ་ལྟར་སོང་མེད་པ་༢༠༠༨་ལོའི་རྒྱལ་སྤྱིའི་ལས་འགུལ་ཁག་གི་དཔང་རྟགས་ད་དུང་གསོན་པོར་གནས་ཡོད། (བོད་དོན་རྒྱབ་སྐྱོར་ཚོགས་པའི་ཉམ་ཆག་དང་དཀའ་རྙོག དེའི་འབྱུང་ཁུངས་དང་སེལ་ཐབས་སྐོར་ལ། གུས་པས་༢༠༡༠་ལོའི་ལོ་སྨད་དུ། སྐབས་དེའི་ཡུ་རོབ་སྐུ་ཚབ་དོན་གཅོད་སྐུ་ངོ་བཀྲ་ཤིས་དབང་འདུས་དང་། ཡུ་རོབ་རྒྱལ་ཁབ་ཁག་བརྒྱད་ལྷག་གི་བོད་རིགས་ཚོགས་པའི་ལས་ཐོག་ཚོགས་གཙོ་ཚང་མར་བཅར་འདྲི་བྱས་པ་ཞིག་དང་། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ལ་ངོ་དང་ངོ་ཐུག་རྒྱུས་ཀྱིས་ལོན་བྱས་པའི་ཆེད་རྩོམ་ ‘‘མཚན་རིང་སྒྲུང་གིས་མི་འཁྱོལ་”ཞེས་གཉིས་བོད་ཀྱི་དུས་བབ་དྲ་ཚིགས་སྟེང་བཀོད་མྱོང་སྟབས། དེ་རིང་ཡང་བསྐྱར་ཞིབ་ཚགས་ཀྱིས་གླེང་བར་ཉོབ་སྣང་འདུག་པས་ངལ་བ་བསྟེན་མེད།)

 

འཇིག་རྟེན་སྟེང་གི་ནོར་འཁྲུལ་ཆེ་ཤོས་ནི། དོན་དག་གང་ཞིག་སྒྲུབ་སྐབས་ནོར་འཁྲུལ་ཤོར་བ་དེ་མིན་པར། ནོར་འཁྲུལ་ཅན་གྱི་བྱ་དངོས་གང་ཞིག་ལ་བརྟག་དཔྱད་དང་ཞིབ་འཇུག ཤེས་རྟོགས་དང་རྒྱུས་ལོན་མེད་པར། སྡིག་པ་མིག་བཙུམ་གྱི་ཚུལ་དུ་རྒྱབ་སྐྱོར་བྱེད་པ་དེ་ཡིན་ཞིང་། འདིའི་མཇུག་འབྲས་བསམ་ན་བྲེད་ཤ་ལངས་བའི་ཚད་དུ་ཡོད།

 

བཞི སྣ་ཚོགས་དང་ཐོར་བུ།

 

བློ་བཟང་སེང་གེ་སྲིད་སྐྱོང་འོས་མིར་ལངས་སྐབས། ཁོས་༧གོང་ས་མཆོག་བོད་དུ་གདན་འདྲེན་དང་། བཙན་བྱོལ་བོད་མིའི་རང་ཁ་རང་གསོའི་སྐོར་རྩལ་དུ་བཏོན་ནས་བཤད་ཡོད། བོད་ནང་ནས་ཁོའི་གདན་འདྲེན་སྐོར་ལ་ཡིད་ཆེས་དང་རེ་བ་བརྒྱབས་ཡོད་པ་ལས། བཙན་བྱོལ་ནང་མང་ཤོས་ཀྱི་རེ་བ་དང་ཡིད་ཆེས་ཁོའི་རང་ཁ་རང་གསོའི་སྟེང་ལ་ཕྱོགས་ཡོད། དེ་ལོས་ཡིན། གཅིག་ནས། བཙན་བྱོལ་བོད་མི་ཕལ་མོ་ཆེས། ཁོས་རང་གི་ལོ་ལྔའི་སྲིད་སྐྱོང་དུས་ཡུན་ནང་། ༧གོང་ས་མཆོག་བོད་ནང་གདན་འདྲེན་མི་ཐུབ་པ་གསལ་བོར་ཤེས་ཀྱི་ཡོད། གཉིས་ནས། ཁོའི་རང་ཁ་རང་གསོའི་ལས་འཆར་ནང་། ཚང་མས་སྣང་བར་འགྲོ་བའི་གཞིས་ཆགས་སྤུན་སྒྲིག་ཅེས་པ་ཞིག་ཡོད་པས་ཡིན། དེ་ནི་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི། བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དང་འཛུགས་སྐྲུན་ཡར་རྒྱས་ཆེད། ནུབ་ཕྱོགས་ཡུལ་གྲུ་ཁག་ན་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་རོགས་སྐྱོར་བྱ་རྒྱུ་དེ་རེད།

 

བློ་བཟང་སེང་གེའི་ལས་འཆར་འདི་ཉན་སྤྲོ་བོ་དང་ཡིད་འགུག་པོ་ཞིག་ཡོད། ལྷག་པར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོར་དེ་ལྟར་ཡིན། ལས་འཆར་འདིའི་ནང་། གཞིས་ཆགས་སྲ་བརྟན་དང་འཛུགས་སྐྲུན་ཡར་རྒྱས་ཙམ་མ་ཟད། བོད་མིས་བོད་མིར་རོགས་རམ་གྱི་རྣམ་པ་ཤུགས་ཆེར་མངོན་ཡོད་སྟབས། འདི་གཞུང་རྣམ་དཔྱོད་དང་རིག་པའི་ཆ་ནས་རང་ཁ་རང་གསོ་ངོ་མ་ཞིག་ཀྱང་ཆགས་ཡོད། དེ་ལྟར་ནའང་། དོན་དངོས་ནི་དེ་ལས་ལྡོག་པ་ཞིག་སྟེ། ནུབ་ཕྱོགས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཚོར། སྲ་བརྟན་དང་འཛུགས་སྐྲུན་ཡར་རྒྱས་ཆེད་གཏོང་རྒྱུའི་དཔལ་འབྱོར་མ་དངུལ་འབེལ་བོ་ཞིག་ཡོད་དམ། ཁོ་ཚོར་ཐ་ན་རང་སྐྱ་འཕེར་ཞིང་། གཏན་འཇགས་རྒྱུན་གནས་ཀྱི་ཐོན་ཁུངས་འདྲ་ཡང་ཡོད་དམ། འདི་ང་དང་ཁྱོད། ཁོ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ན་གནས་འཆའ་མཁན་ཚོར་གསལ་བོ་ཡིན། བློ་བཟང་སེང་གེའི་ལས་འཆར་འདི་ལག་བསྟར་དང་ལམ་ལྷོངས་མ་བྱུང་བའི་གནད་འགག་ཀྱང་འདི་ལ་ཐུག་ཡོད།

 

ཤེས་ཡོན་སྲིད་བྱུས་དང་དཔལ་འབྱོར་འཚོལ་སྒྲུབ། སྤྱི་ཚོགས་བདེ་དོན་དང་འཕྲོད་བསྟེན་ཉེན་སྲུང་། སྤེན་པ་ཚེ་རིང་ལའང། མ་འོངས་རང་གི་སྲིད་སྐྱོང་དུས་ཡུན་ནང་། གངས་ཅན་སྐྱིད་གཞོངས་ཡར་རྒྱས་དང་ཚགས་ཚུད་ཡོང་ཆེད། རང་ཚོད་ཀྱི་འཆར་སྣང་དང་ལས་རིམ་སྣ་ཚོགས་ཤིག་འདུག་ནའང་། བློ་བཟང་སེང་གེའི་གཞིས་ཆགས་སྤུན་སྒྲིག་ལྟར། ཁོའི་འཆར་སྣང་དང་ལས་རིམ་དེ་དག་ལས། རེ་འགའ་གཏན་ཚིགས་དང་རིག་པ་རྐྱང་བའི་ངོ་བོ་གནས་པ། རེ་འགར་གཏམ་བཤད་དང་དྲིལ་སྒྲག་གི་རིན་ཐང་ལས་མེད་པ། ད་དུང་། རེ་འགའ་ཁོ་སྲིད་སྐྱོང་དུ་མ་ལངས་ནའང་། དེ་སྔ་ཚོགས་གཙོའི་དུས་སྐབས་དང་དབང་ཚད་ཐོག་ལག་བསྟར་ཆོག་པ། གང་ལྟར། ཐོར་བུའི་རིགས་ངས་འདི་ནས་གསལ་ཁ་མ་བཏོད་ཀྱང་། ཁོ་དང་ཁོའི་རྒྱབ་སྐྱོར་བ་ཚོའི་སེམས་ནང་འཕྲིགས་སེར་ཡོད་འདོད།

 

མཇུག་བྱང་།

 

‘‘ཁོ་ཚོས་སྲིད་སྐྱོང་དུ་འབོད་པའི་འོས་མི་ཚོ་ལས། གཅིག་ནི་རང་གི་བཟའ་ཟླ་བུ་ཕྲུག་དང་། ཁང་ཁྱིམ་རྒྱུ་ནོར་ཨ་རིར་ཡོད་པའི་བོད་མིའི་ ‘དཔོན་ཧྲེང་’གཅིག་བུ་དེ་ཡིན་ཞིང་། གཅིག་ལ་དེ་སྔོན་མི་གསོད་ལག་དམར་དང་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་ཕོག་མྱོང་། གཞན་དེ་རྒྱལ་ནང་དུ་ཡོད་སྐབས་བཙོན་འཇུག་ཁྲིམས་ཆད་བཅད་མྱོང་ཞིང་། སྨན་གཏུགས་གློད་གྲོལ་སྐབས་བྲོས་བྱོལ་དུ་ཕྱིན་པའི་ཉེས་ཅན་པ་ཞིག་ཡིན། ད་དུང་གཞན་གཉིས་ཡོད་པ་ནི་ལམ་ཟུར་གྱི་ཐང་ཁྲོམ་སྟོན་མཁན་ལྟ་བུ་ལས། འདིར་གླེང་རིན་ཀྱང་མི་འདུག’’བོད་མིའི་འོས་བསྡུ་མགོ་བཙུགས་ནས་ཅུང་མ་འགོར་བའི་སྐབས་དེར། རྒྱ་ནག་གཞུང་གིས་རྒྱུད་ལམ་ཁག་ཏུ་རྩོམ་ཡིག་ཅིག་སྤེལ་ཏེ། སྲིད་སྐྱོང་འོས་མི་ཚོའི་མི་གཞི་སྤུས་ཀ་ལ་འདི་ལྟར་དམའ་འབེབ་དང་མཐོང་ཆུང་བྱས་ཡོད། འདི་རྒྱ་ནག་གཞུང་གིས་དམིགས་ཡུལ་དང་། འཆར་གཞི་ལྡན་པའི་ངང་སྤེལ་བའི་བྱེད་སྤྱོད་ཡིན་སྟབས། ང་ཚོས་བསམ་ཤེས་ངང་སྣང་མེད་དུ་བཞག་ཆོག

 

སྤེན་པ་ཚེ་རིང་གིས། ཀླུ་མཁར་བྱམས་དང་མཉམ་དུ་བགྲོ་གླེང་མི་བྱ་རྒྱུའི་གསལ་སྒྲག་དང་། ཚོགས་སྡེ་གང་རུང་བས་ཁོའི་གཏམ་བཤད་ལ་སྡིངས་ཆ་མི་བསྐྲུན་རྒྱུའི་འབོད་སྐུལ་དེ། ཁོ་རང་གི་ལངས་ཕྱོགས་གསལ་སྟོན་ཙམ་དང་། མི་སྒེར་གྱི་དམངས་གཙོའི་ཁེ་དབང་བེད་སྤྱོད་ཙམ་ལས་བརྒལ་ཏེ། དེ་ཕ་རོལ་བའི་མི་གཞི་ལ་དམའ་འབེབ་དང་ཁྱད་གསོད། ཕར་རོལ་བོ་སྤྱི་ཚོགས་ནང་ཁེར་རྐྱང་དང་ཟུར་བཅད་དུ་ཕུད་དགོས་པའི་གོ་བརྡར་གྱུར་བ་མ་ཟད། འོས་བསྡུའི་བགྲོ་གླེང་དང་སྦྱང་བཤད་གྱི་ཁ་ཕྱོགས་ཀྱང་རིམ་བཞིན་གཞན་ཞིག་ཏུ་ཁྲིད་ཡོད། ད་ལྟ་ང་ཚོས་མཐོང་ན་མིག་ལ་གནོད་ཅིང་། ཉན་ན་རྣ་བར་གཟན་པ། བསམ་ན་སྙིང་རླུང་ལྡང་བའི། ཁྱོད་ཀྱི་‘‘ སྲིད་སྐྱོང་ཁྲམ་པ། ” ཁོའི་‘‘སྲིད་སྐྱོང་ལག་དམར།’’ མོའི་‘‘སྲིད་སྐྱོང་གཡག་རྐུན་’’སོགས་ཀྱི་སྐད་ཆའི་རྡུལ་མགོ་ཡང་འདི་ནས་འཚུབ་ཡོད་ལ། འོས་མིའི་མི་གཞི་ཇི་འདྲའི་སྡིགས་ནའང་། འོས་བསྡུའི་རྒྱལ་ཁ་འཐོབ་པའི་ཉིན་མོར། ཁྱོད་དང་ཁོ་ཟེར་ས་མེད་པར། ང་དང་ང་ཚོ་སྟེ། བོད་མི་རིགས་དང་བོད་ཀྱི་རྒྱལ་ཁབ་ཀྱི་ ‘ ‘སྲིད་སྐྱོང་ཁྲམ་པ་”དང་། ‘‘སྲིད་སྐྱོང་ལག་དམར།” ‘‘སྲིད་སྐྱོང་གཡག་རྐུན་”ཆགས་ཉེན་གྱི་དྲན་ཤེས་ཡང་འདི་ནས་ཉམ་མགོ་ཚུགས་ཡོད། འདི་ང་ཚོའི་སྣང་མེད་དུ་བཞག་ཆོག་པ་ཞིག་གཏན་ནས་མིན།

 

སྔོན་འགྲོའི་འོས་བསྡུ་ལས་རིམ། འདི་ལྟར་འོས་མི་ཚོའི་མི་གཞི་ལ་རྒོལ་ནས་རྫོགས་ལ་ཉེ་ནའང་། དངོས་གཞི་འོས་བསྡུའི་ལས་རིམ་ནང་། སྲིད་སྐྱོང་འོས་མི་སུ་དང་གང། དེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་དང་མི་སྒེར། ལྷག་པར་སྤེན་པ་ཚེ་རིང་དང་ཁོའི་རྒྱབ་སྐྱོར་བ་ཚོས། དམངས་གཙོའི་རིན་ཐང་དང་ཆེ་མཐོང་ལ་དོ་ཕོག་དང་དམའ་འབེབ། འོས་བསྡུ་དང་འོས་བསྡུའི་ཁ་ཕྱོགས་འབག་བཙོག་ཅན་དང་ལོག་བསྒྱུར་ཅན། འོས་འཕེན་མང་ཚོགས་ཀྱི་སྤུས་ཀ་ཇེ་ཞན་ཇེ་སྡུག་དུ་འགྲོ་གཞིའི་རིགས་མཚམས་བཞག་སྟེ། དྲན་ཤེས་བརྟན་པོ་དང་རིག་པ་རྣོན་པོས་འོས་འགྲན་གྱི་རྒྱལ་ཕམ་ལ་གདོང་ཕྱོགས་རྒྱུ་ནི། ངའི་རྩོམ་ཡིག་འདིའམ། བསམ་ཚུལ་འདི། ཡང་ན། ཁ་རྡུང་འདིའི་དམིགས་ཡུལ་དང་རེ་བ་དེ་ཡིན། བཟང་རུང་ངན་རུང་། ཁྱོད་ཚོའི་འོས་མི་༧རྒྱལ་དབང་མཆོག་གི་ཚོགས་ཞིང་དང་དཀྱིལ་འཁོར་ནང་གི་མི་བུ་ཞིག་ཡིན་པའི་ཆ་ནས། ངས་ཁྱོད་ཚོ་དེ་ལྟར་ཁ་ཕྱོགས་ཐུབ་པར་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད།

 

 

 

 

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 17

  1. Xaria says:
    ལོ་ 8 སྔོན།

    A rolling stone is worth two in the bush, thanks to this aricelt.

    Reply
  2. choejore says:
    ལོ་ 8 སྔོན།

    ཕྱོགས་ཞེན་ཁོ་ནའི་སྐད་ཆ་རེད།

    Reply
  3. འཇིགས་མེད་ says:
    ལོ་ 10 སྔོན།

    གཏམ་བཤད་འདི་ཟུར་ཟ་ཁོ་ན་རེད་དུག་

    Reply
  4. ཚེ་རིང་། says:
    ལོ་ 10 སྔོན།

    ནམ་རྒྱུན་ཟླ་བ་ཚེ་རིང་གི་རྩོམ་ཡིག་ཀློག་པར་དགའ་བོ་ཡོད། འོན་ཀྱང་ད་ལོའི་དགུན་ཁ་ཞིག་ནས་འདིའི་ཁོག་ལ་ཅིག་ཤུགས་དང་ཐལ།

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      མིང་མི་འདྲ་བ་མ་གཏོགས། མཆན་འདིའི་ཚིག་གྲུབ་བཟོ་སྟངས་དང་དག་ཆ་ནོར་སྟངས་ལ་བལྟས་ན་རལ་བ་ཅན་ལོས་ཡིན་འདོད་པ་ཞིག་འདུག ཡིན་ཡང་། ད་ཐེངས་ཁོས་༼ཁ་ནང་ལ་འཁོར་སྟངས་༽དེ་བསྐྱར་ཟློས་བྱས་མི་འདུག སྲིད་སྐྱོང་གླེང་སྐབས། གཙོ་བོ་ཁོ་མི་ལྷག་བསམ་ཅན་དང་དྲང་ཚུགས་ཅན། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་མིན་སོགས་མི་གཞི་དང་འབྲེལ་བའི་སྐོར་མ་རེད་ལ། ཆོལ་ཁ་ལུང་ཚན། ཆོས་བརྒྱུད་གཅིག་པ་ཡིན་མིན་ནི་དེ་བས་ཀྱང་མ་རེད། ཁོ་ལ་མ་འོངས་སྲིད་སྐྱོང་དུས་ཡུན་ནང་། བོད་ཀྱི་རྩ་དོན་དང་གཞུང་གི་ལས་དོན་བྱེད་ཕྱོགས་ལ་ལེགས་གྲུབ་ཡོང་བའི་འཆར་སྣང་དང་ལས་རིམ་ཞིབ་གསལ་དང་བློ་འཁེལ་ཡོད་མེད་དེ་རེད། འདི་དམངས་གཙོ་དང་འོས་བསྡུ་སྟེ། སྲིད་དོན་ཁྱབ་ཁོངས་དང་ཆབ་སྲིད་རང་བཞིན་ཅན་ཆགས་ཡོད། ང་ཚོའི་བརྗོད་བཞིན་པའི་༼ནང་༽གི་དབྱེ་འབྱེད་དེ། ལོ་རྒྱུས་ཐོག་རིག་གཞུང་བྱེ་བྲག་པ་དང་ཡུལ་སྲོལ་བྱེ་བྲེག་པ། ས་དབྱིབས་བྱེ་བྲག་པ་སོགས་ཀྱི་ཁྱབ་ཁོངས་ཙམ་ལས། ད་བར་དེ་ལ་སྲིད་འཛིན་ས་ཚུགས་ཀྱི་ལོ་རྒྱུས་མེད་པའང་གསལ་ཐང་ཡིན། སོང་ཙང་། ཉ་ཉོག་བསྲེས་དགོས་དོན་མི་འདུག་པ།

      Reply
  5. རལ་བ་ཅན། says:
    ལོ་ 10 སྔོན།

    ནམ་རྒྱུན་ཟླ་བ་ཚེ་རིང་གི་རྩོམ་ཡིག་ཀློག་པར་དགའ་བོ་ཡོད། འོན་ཀྱང་ད་ལོའི་དགུན་ཁ་ཞིག་ནས་འདིའི་ཁོག་ལ་ཅིག་ཤུགས་དང་ཐལ། གནམ་ལོ་ཡག་དང་ཟླ་བ་ཚེ་རིང་གཉིས་ཀྱིས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱས་བའི་ཁུལ་རེད་དེ། ཅན་ཁ་ནང་ལ་འཁོར་སེམས་ཁ་ཐང་ལ་འཁོར་ན་ད་ཡག་རྒྱུ་ཅིང་མེད།

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      ཁ་སྔོན་ངོ་དེབ་སྒང་ནས་བཟུང་ཁྱོད་ཀྱིས་ང་ལ་ཅིག་ཞུགས་འདུག ང་ལ་ཅིག་འགྲིག་མི་འདུག་གསུངས་བསྡད་པ་རེད། དེ་རིང་ཡིན་ནའང་སྐད་ཆ་འདི་ལས་མེད་དུས། ད་ཅང་བཤད་རྒྱུ་མི་འདུག ཡིན་ནའང། ཁ་ནང་དང་སེམས་ཐང་སོགས་ཀྱི་ཐད་ནས། ང་ཁྱོད་ཚོའི་ནང་བཞིན་ཁ་༼ནང་༽ལ་འཁོར་ཐུབ་ས་མ་རེད། དེ་འདྲའི་༼ནང་༽དེ་ལ་ཁ་མི་འཁོར་རྒྱུ་ངའི་མི་ཚེའི་དམ་བཅའ་ཡིན། ངས་ཁྱོད་ལ་ངོ་དེབ་སྒང་ནས་འཁོད་ཕྱུང་གི་དྲི་བ་གཉིས་དྲིས་ཡོད། ད་བར་ལན་བྱུང་མ་སོང་། དཀྱུས་ལ་འཇུག་མི་ཐུབ་ན། ཉ་ཉོག་སྒང་ལ་ང་ལ་གཏོང་རྒྱུའི་དུས་ཚོད་མེད།

      Reply
  6. རྣམ་རྒྱལ་རྡོ་རྗེ། says:
    ལོ་ 10 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག ཡིན་ནའང་ང་རང་གི་རེ་བར་བོད་ཀྱི་དུས་བབ་དྲ་བའི་ཟིན་བྲིས་འདི་ཧ་ཅང་ཡག་པོར་མཐོང་སོང་བས་ཚང་མས་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་རེད་བསམ། རྩོམ་ཡིག་ཡག་པོ་རེ་སྤེལ་རྒྱུར་རེ་སྒུག་བྱས་ནས་བསྡད་ཡོད། ཐུགས་རྗེ་ཆེ་ཞུ་་

    Reply
  7. Tselha says:
    ལོ་ 10 སྔོན།

    སྤྱིར་བཏང་བསམ་གཞིགས་དང་ཞིབ་འཇུག་བྱེད་པ་འོ་ཙམ་མཐོང་སོང་། ཡིན་ནའང་སྲིད་སྐྱོང་འོས་མི་གཉིས་ཀར་སྐྱོན་བརྗོད་བྱས་པ་དེ་ཅུང་འགྲིག་ཡོད་པ་མ་རེད། ཁོ་རང་གཉིས་མང་ཚོགས་ཀྱི་ས་མཚམས་འདི་བར་བསྐྱལ་བ་རེད། མདོར་དེད་ན་མང་ཚོགས་སྤྱི་ཡོངས་ལ་སྐྱོན་བརྗོད་བྱས་པ་དང་གཅིག་པ་རེད། སྐད་ཆའི་ཡོང་སྟངས་ལས་སྲིད་སྐྱོང་འོས་མི་གཉིས་ཀར་སྐྱོན་རྒྱག་གི་ཡོད་པ་དེ་རང་བཙན་མི་རྩོད་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དེར་མ་རངས་པ་བསྟན་འདུག

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      གཅིག ང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཡིན་ཡང་། ངས་ད་བར་གཡོན་ཐལ་ཆེ་བའི་མི་བུ་འགའ་ཞིག་ལ་མ་གཏོགས། ལམ་དབུ་མར་སྐྱོན་བརྗོད་ནམ་དང་གང་ཡང་བྱས་མ་མྱོང་། བོད་རྒྱ་ཆེའི་མི་དམངས་ཀྱིས་མང་མོས་འོས་བསྡུའི་ལམ་ནས་གཏན་ལ་ཕབས་པའི་སྲིད་བྱུས་ཤིས་ཡིན་སྟབས། དེ་ལ་བརྩི་བཀུར་བྱ་རྒྱུ་ནི་མ་མཐའི་བཟང་སྤྱོད་ཆགས་ཡོད། རྩོམ་ཡིག་འདིའི་ནང་། ངས་འོས་མི་ཁོང་གཉིས་ལ་ལམ་དབུ་མ་ལག་བསྟར་དོན་འཁྱོལ་ཡོང་བར་དོན་འབྲས་ཅན་གྱི་སྲིད་ཇུས་དང་ལས་རིམ་མེད་པ་དང་། བྱེ་བྲག་འཛིན་སྐྱོང་གི་ལས་རིམ་ཁག་ཅིག་ཐད་སྐྱོན་བརྗོད་པ་ཙམ་ལས། མ་རངས་པ་དང་མ་འདོད་པ་སོགས་གང་ཡང་བསྟན་མེད།

      གཉིས། ང་ཚོས་དོན་དག་གང་ཞིག་གླེང་སློང་བྱེད་སྐབས། དང་པོ་ཉིད་ནས་ཁྱོད་ཁམས་པ་དང་ང་དབུས་གཙང་། ཁོ་ཨ་མདོ། ཡང་ན། ཁྱོད་རྙིང་མ། ང་དགེ་ལུགས། ཁོ་ས་སྐྱ་ལྟ་བུ་ཆོལ་ཁ་ཆོས་བརྒྱུད་དང་། ཁྱོད་དབུ་མ་དང་ཁོ་རང་བཙན་སོགས་སྲིད་དོན་ལངས་ཕྱོགས་ཀྱི་མིག་ཤེལ་སེར་པོ་ཞིག་གོན་ནས་སྐད་ཆ་ལ་འཇུག་གི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། སྤེན་པ་ཚེ་རིང་ལ་བོད་མིའི་ཆིག་སྒྲིལ་དང་བཙན་བྱོལ་ནང་གི་འགལ་ཟླ་ཁག་འདུམ་སྒྲིག་གི་ནུས་པ་མེད་པ་དེ། ཁོ་ལ་འཇོན་ནུས་མེད་པ་གཅིག་བུ་མིན་པར། ཁོ་རང་ཡང་སྐད་ཆ་འདིའི་རིགས་ཀྱི་གནོད་འཚེ་ཕོག་ཡུལ་གྱི་མི་བུ་ཞིག་ཡིན་པའི་རྐྱེན་གྱིས་རེད།

      Reply
  8. བློ་དར། says:
    ལོ་ 10 སྔོན།

    རྩོམ་ཟེར་ན་འདི་འདྲ་འབྲི་དགོས་པ་རེད། ཕྱོགས་ལྷུང་མེད་པ་ཁ་རུ་ཁ་ཐུག བདེན་པ་དང་དྲང་མོ་རེད། སྤྱི་ཚོགས་དང་མི་རིགས་སུ་ཞིག་ཡིན་ཡང་སྐྱོན་འཐེར་འདོན་མེད་པར་སྦ་གསང་བྱས་ཏེ་ཡར་རྒྱས་ལ་རེ་བ་ཡོད་པ་མ་རེད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་དང་བཙན་བྱོལ་བོད་གཞུང་ནང་རྙིང་ཞེན་དང་དད་ཞེན་ཤུགས་དྲགས་ཏེ། བདེན་པ་དང་གསར་པ་མང་པོ་ཞིག་གི་མགོ་འགྱོགས་ཐུབ་ཀྱི་མེད་པའི་དཀའ་ངལ་དེ་གནས་ནས་ད་བར་གནས་ཡོད་པ་རེད། སྤྱི་ཚོགས་ནང་སྐྱོན་ལ་མཛུབ་མོ་འཛུགས་མཁན་དང་ནག་ཉེས་ཐེར་འདོན་བྱེད་མཁན་དགོས་པ་མ་ཟད། དེ་ལ་དང་ལེན་བྱེད་མཁན་གྱི་སྤྱི་ཚོགས་དང་ཁོར་ཡུག་ཀྱང་ངེས་ཅན་ཞིག་ཡོད་ན་ད་གཟོད་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུར་རེེ་བ་ཡོད་པ་རེད།

    Reply
  9. བློ་བཟང་། says:
    ལོ་ 10 སྔོན།

    གྲོགས་པོ་ལགས་་་་རྩོམས་འདིའི་ཁ་བྱང་ལ་སྣ་གཅིག་ཀྱང་མེད་པའི་བདེན་གཏམ་བཏགས་ན་ལེགས་པོ་མཐོང་་་་་་སྤེན་ཚེ་དང་་་་་བློ་སེང་གཉིས་ནི་བོད་བཙན་བྱོལ་བའི་མིག་གཡས་གཡོན་ལྟ་བུ་རེད་སུ་ལ་གཞི་མེད་སྐྱོན་བརྗོད་བྱེད་ན་ངོ་རྒོལ་ཡོད་་་་་དེང་སེང་འདི་འདྲའི་་རྩོམ་ཉོག་མང་དྲགས་པས་ཀློག་སྤྲོ་མི་འདུག་་་་་གད་སྙིགས་དང་གཅིག་པ་རེད་ལོ་་་་་ང་ཚོ་མི་མང་ལྐུག་པ་མ་རེད་ལོ་་་་་་་སྤེན་པ་ཚེ་རིང་གི་ནིའུ་ཡོག་གི་གཏམ་བཤད་ལ་ཉོན་དང་དངོས་གནས་སེམས་འགུལ་ཐེབས་པ་ཞིག་མི་འདུག་་གམ་་་འདི་འདྲིའི་གཏམ་བཤད་གྲགས་ཅན་གོ་མ་མྱོང་།

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      གཅིག རྩོམ་འདི་ལ་བདེན་གཏམ་སྣ་གཅིག་མེད་ན་རེད། ཡང་ན་སྲིད་སྐྱོང་ལས་ཐོག་དང་ཚོགས་གཙོ་རྣམ་གཉིས་ལ་གཞི་མེད་སྐྱོན་འཛུགས་ཡིན་ན་རེད། ངས་འདི་ནས་དོན་ཚན་དང་ལས་ཚན་བགར་ནས་བཤད་ཡོད་པ་དེ་ཚོར། རེ་རེ་བཞིན་མིན་ནའང་། འདི་དང་གན་བདེན་གཏམ་མ་རེད། དེ་དང་འདི་གཞི་མེད་སྐྱོན་འཛུགས་རེད་འདུག་ཅེས་གོ་བརྡ་གསལ་བོ་སྤྲོད་རྒྱུ་ཡོད་ན་སྤྲོད་དགོས་པ་ལས། དེ་མིན་རང་གི་རྣམ་འགྱུར་སྟོན་སྟངས་ཙམ་ལས། དཔྱད་གླེང་འདིའི་ནང་གི་བགྲོ་གླེང་ལ་ཕན་ཐོགས་གང་ཡང་ཡོད་པ་རེད།

      གཉིས། ཐད་བཏོང་མིན་ནའང་། ངས་ནེའུ་ཡོག་ནས་ས་བྷེལ་ཇམ་བར་གྱི་ཚོགས་གཙོའི་གསུང་བཤད་ཁག་གི་དྲ་བརྙན་ཆ་ཚང་ལ་བལྟས་པ་ཡིན། ཁོའི་གསུང་བཤད་ཁག་ནང་བདེན་པ་དང་གནས་ལུགས་ཡོད་སའང་མང་པོ་འདུག དཔེར་ན། སྲིད་སྐྱོང་གིས་གྲོས་ཚོགས་ལ་འགན་བཞེས་སྟངས་དང་། རྒྱ་རིགས་འབྲེལ་མཐུད་པའི་སྐོར་སོགས་ལྟ་བུ། ཡིན་ཡང་། ད་བར་ཁྱོད་ཀྱིས་གསུངས་པ་ལྟར། ལོ་རྒྱུས་རང་བཞིན་གྱི་གྲགས་ཅན་གསུང་བཤད་ནི་རྐང་གཅིག་ཀྱང་གོ་མ་སོང་། གལ་སྲིད་ཡོད་ཚེ། དེ་སྤེན་པ་ཚེ་རིང་དང་ཁྱོད་ཚོ་རྒྱབ་སྐྱོར་བ་ཙམ་མ་རེད། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ལོ་རྒྱས་རང་བཞིན་ཅན་ཡིན་སྟབས། གསུང་བཏུས་དང་གསུང་ཐོར་ལྟ་བུར་བཟོས་ནས་སྤྱི་ཚོགས་དང་མང་ཚོགས་ནང་བཀྲམ་རྒྱུ་ནི་གལ་ཆེན་རེད་འདོད། དེ་འདྲ་ཡང་ད་བར་གཅིག་ཀྱང་མཐོང་མ་ས྄ོང་།

      གསུམ། གཞི་མེད་ཡིན་ཚེ། སྲིད་སྐྱོང་དང་ཚོགས་གཙོ་ལྟ་བུའི་མི་ཆེན་ངོ་ཆེན་ཚོ་ཕར་ཞོག མི་བུ་ཕལ་བ་ཞིག་ཡིན་ལ་ཡིན་རུང་། ང་ཚོས་མཐའ་གཅིག་ཏུ་ང་རྒོལ་བྱེད་དགོས་རེད། དེ་མི་ཆོས་དང་དམངས་གཙོ། ལས་འབྲས་སོགས་ཀྱིས་ང་ཚོར་སྤྲད་པའི་བསླབ་བྱ་དང་ལས་འགན་རེད། མ་འགྲིག་མ་འཐུས་དང་། མ་འགྲུབ་མ་བྱས་པའི་སྐྱོན་དང་ནོར་འཁྲུལ་ཡོད་ཚེ། མི་ཆེན་ངོ་ཆེན་སུ་འདྲ་ཞིག་ཡིན་རུང་། སྐྱོན་ནས་བརྗོད་དེ་ཐར་འདོན་བྱ་རྒྱུ་ཡང་མི་ཆོས་དང་། དམངས་གཙོ། ལས་འབྲས་སོགས་ཀྱིས་ང་ཚོར་གནང་བའི་འོས་འགན་རེད། ཁ་སྔོན་ངོ་དེབ་སྒང་ལ་རྩོམ་འདིའི་དུམ་ཚན་དང་པོ་གཏོང་སྐབས་ནས། ཁྱེད་རྣམ་པ་འགའ་རེས་གཞི་མེད་ཡིན་ཚུལ་བསྒྲགས་པ་རེད། ངས་སྐྱོན་བརྗོད་སའི་གཞི་གཉིས་ཁ་གསལ་བོ་བྱས་ནས་ཁྱོད་ཚོར་ཟུར་འདོན་གྱིས་ཕུལ་བ་ཡིན། གཞི་མེད་ཡིན་ཚེ་བརྡ་ལན་གནང་རོགས་ཞུས་པ་ཡིན། ཡིན་ཡང་། ད་བར་གོ་མེད་གྲགས་མེད་ཡིན་པ།

      Reply
  10. མི་ནག says:
    ལོ་ 10 སྔོན།

    དཔེ་ཡག་པོ་འདུག ཡིག་ནོར་རེ་འགའ་དང་ཚིག་སྦྱོར་མི་བདེ་བ་རེ་འགའ་འདུག

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      ལགས་སོ། དུས་ཚོད་དང་ལས་ཚེགས་གཉིས་ཀས་ཞུ་དག་སོགས་ཡག་པོ་ཞིག་བྱུང་མ་སོང། རྗེས་མ་གཟབ་གཟབ་བྱ་ངེས། ཐུགས་རྗེ་ཆེ།

      Reply
      • བློ་བཟང་ says:
        ལོ་ 10 སྔོན།

        ང་རང་གི་ངོས་ནས་བཤད་ན་སྤེན་པ་ཚེ་རིང་ཟེར་བ་དེ་ཁ་ནས་བཤད་ཤེས་པ་ཙམ་མ་གཏོགས་དོན་དངོས་ཐོག་ནས་ལག་བསྟར་བྱེད་མི་ཐུབ་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལགས

        Reply
        • འཇམ་དབྱངས་ says:
          ལོ་ 10 སྔོན།

          སྤེན་ཚེ་ནི་བློ་སེང་ལས་ལྡོག་ཏེ་ལག་ལེན་ངོ་མ་འགེལ་མཁན་ཞིག་ཏུ་མཐོང། བློ་སེང་ཁས་ལེན་མང་ལ་ལག་ལེན་དཀོན། ད་བློ་སེང་གི་བྱས་ཉེས་ལ་ཞེན་པ་གཏིང་ནས་ལོག ལོ་བཞི་སྟོང་སེང་ངེ་ཚར་སོང

          Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese