འདི་ལོའི་ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ། ལྷོ་སྣེའི་འཁྱགས་རོམ་འོག་ནས་ནམ་མཁའི་བར་རྡུལ་ཕྲ་མོ་ལ་ཞིབ་འཇུག་བྱེད་མཁན། བྷེལ་ཇམ་རིགས་ཀྱི་ཨ་རིའི་དངོས་ཁམས་རིག་པའི་ཆེད་མཁས་པ་ཧྥ་རན་སིསི་ཧལ་ཛེན་ལགས་ལ་ཐོབ་ཡོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན། སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ལམ་ (Stockholm) དུ། སི་ཝེ་ཌན་རྒྱལ་གཞུང་ཚན་རིག་ཞིབ་འཇུག་ཁང་ (Royal Swedish Academy of Sciences) གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ཨ་རིའི་ཝིསི་ཀོན་སིན་མེ་ཌི་སན་གཙུག་ལག་སློབ་གཉེར་ཁང་ (University of Wisconsin–Madison) གི་དགེ་རྒན་ཆེན་མོ་ཧྥ་རན་སིསི་ཧལ་ཛེན་ (Francis Halzen) ལགས་ལ་གནང་རྒྱུ་གཏན་འཁེལ་ཡོད། ཁོང་གིས་འཁྱགས་རོམ་ཤོ་གཟུགས་མ་བར་རྡུལ་ཕྲ་མོ་བརྟག་དཔྱད་ཁང་ (IceCube Neutrino Observatory) གསར་འཛུགས་ཐད་ལ་ནུས་པ་ཆེན་པོ་བཏོན་པ་དང་། ནམ་མཁའི་མཐིལ་གཏིང་ནས་ཡོང་བའི་ནུས་ཤུགས་ཆེ་བའི་བར་རྡུལ་ཕྲ་མོ་ (high-energy neutrinos) རྙེད་པར་བརྟེན་གཟེངས་རྟགས་དེ་ཐོབ་པ་རེད། འདི་ལོའི་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ཐོབ་མཁན་མི་གཅིག་ལས་མི་འདུག
གཟེངས་རྟགས་དེ་ཞིབ་འཇུག་ཁང་གི་དྲུང་ཆེ་ཨེ་ལེན་མུན་སི་ (Ellen Moons) ལགས་ཀྱིས་གསལ་བསྒྲགས་གནང་བ་དང་། ཁོང་མོ་ཞིབ་འཇུག་ཁང་དེའི་མགོ་ཁྲིད་དང་གཟེངས་རྟགས་གསལ་བསྒྲགས་བྱེད་མཁན་བུད་མེད་དང་པོ་དེ་ཡིན་འདུག ཞིབ་འཇུག་ཁང་གིས་སྤེལ་བའི་གནས་ཚུལ་ནང་། བར་རྡུལ་ཕྲ་མོ་ནི་ཤིན་ཏུ་ཕྲ་ཞིང་དངོས་པོ་གཞན་དང་འབྲེལ་བ་ཧ་ཅང་ཉུང་བས་རྟོགས་དཀའ་བའི་རྡུལ་ཕྲན་ཞིག་ཡིན་པས། དེ་ལ་“འདྲེ་ཡི་རྡུལ་ཕྲན་” (ghost particles) ཞེས་ཀྱང་འབོད་ཀྱི་ཡོད། འཁྱགས་རོམ་ཤོ་གཟུགས་མའི་བར་རྡུལ་ཕྲ་མོ་བརྟག་དཔྱད་ཁང་དེ་ལྷོ་སྣེའི་གླིང་ (Antarctica) གི་ལྷོ་སྣེ་ (South Pole) ན་ཡོད་ཅིང་། སྤྱི་ལེ་ཟུར་དྲུག་མ་གཅིག་ (cubic kilometre) ཙམ་གྱི་འཁྱགས་རོམ་ནང་དུ་འོད་ཚོར་ཡོ་ཆས་སྟོང་ཕྲག་མང་པོ་བཙུགས་ཡོད། བརྟག་དཔྱད་ཁང་དེས་བསྡུས་པའི་བར་རྡུལ་ཕྲ་མོའི་གནས་ཚུལ་བརྒྱུད་ནས་ནུས་ཤུགས་མཐོ་བའི་བར་རྡུལ་ཕྲ་མོ་ཇི་ལྟར་སྐྱེ་བ་རྟོགས་ཐུབ་པ་མ་ཟད། ད་བར་མ་རྙེད་པའི་རང་བྱུང་གི་བྱུང་བ་གསར་པ་ཡང་མངོན་སྲིད་པ་དང་། སྐུ་ཞབས་ཧལ་ཛེན་གྱིས་སྐར་རྩིས་རིག་པའི་རིགས་གསར་པ་ཞིག་གི་རྨང་གཞི་བཏིངས་ཡོད་སྐོར་བཀོད་འདུག
གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ཧྥ་རན་སིསི་ཧལ་ཛེན་ནི་ཕྱི་ལོ་ ༡༩༤༤ བྷེལ་ཇམ་གྱི་ཏི་ནེན་ (Tienen) གྲོང་ཁྱེར་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༦༩ བྷེལ་ཇམ་གྱི་ལུ་ཝེན་གཙུག་ལག་སློབ་གཉེར་ཁང་ (University of Louvain) ནས་དངོས་ཁམས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ་ཡོད། ཕྱི་ལོ་ ༡༩༧༢ ནས་བཟུང་ཨ་རིའི་ཝིསི་ཀོན་སིན་མེ་ཌི་སན་གཙུག་ལག་སློབ་གཉེར་ཁང་དུ་ཕྱག་ལས་གནང་བཞིན་ཡོད་ལ། ད་ལྟ་ཨ་རིའི་མི་སེར་ཡིན། ཕྱི་ལོ་ ༡༩༨༨ ལོར་ཁོང་གིས་ལྷོ་སྣེའི་འཁྱགས་རོམ་ནང་བར་རྡུལ་ཕྲ་མོའི་བརྟག་དཔྱད་ཡོ་ཆས་འཛུགས་རྒྱུའི་འཆར་གཞི་ཐོག་མར་བཏིངས་པ་དང་། ཕྱི་ལོ་ ༢༠༠༡ ནས་བཟུང་འཁྱགས་རོམ་ཤོ་གཟུགས་མའི་བར་རྡུལ་ཕྲ་མོ་ཞིབ་འཇུག་ལས་འཆར་གྱི་གཙོ་འགན་འཁུར་བཞིན་ཡོད། ཁོང་ནི་ཝིསི་ཀོན་སིན་མེ་ཌི་སན་གཙུག་ལག་སློབ་གཉེར་ཁང་དང་འབྲེལ་བའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ ༢༣ པ་དེ་ཡིན་འདུག
ནོ་བྷེལ་གཟེངས་རྟགས་དང་མཉམ་དུ་སི་ཝེ་ཌན་སྒོར་མོ་ས་ཡ་ ༡༢ (ཨ་སྒོར་ས་ཡ་ ༡.༢ ཙམ་) སྤྲོད་ཀྱི་ཡོད། ནོ་བྷེལ་གཟེངས་རྟགས་དེ་ཨལ་ཧྥེརཌ་ནོ་བྷེལ་ (Alfred Bernhard Nobel) འདས་གྲོངས་སུ་གྱུར་བའི་དུས་དྲན་ཏེ་ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་སྤྲོད་ཀྱི་ཡོད། ཕྱི་ལོ་ ༡༩༠༡ ནས་ ༢༠༢༦ བར་དངོས་ཁམས་རིག་པའི་ནོ་བྷེལ་གཟེངས་རྟགས་ཐེངས་ ༡༢༠ སྤྲད་ཡོད་ཅིང་། ཐོབ་མཁན་ཁྱོན་སྡོམ་ ༢༣༡ ཡོད་པའི་ཁྲོད་སྐྱེས་པ་ ༢༢༦ དང་སྐྱེས་མ་ ༥ ཡོད་འདུག
བོད་ཀྱི་དུས་བབ་ཀྱིས།
