རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱིས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་འདས་པའི་ལོ་ ༢༥ ནང་གསར་འགོད་པ་ ༢༢༩༧ ལྷག་དམར་གསོད་བཏང་ཡོད་སྐོར་འཁོད་འདུག
ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེབ་བ་ལྟར་ན། དེ་རིང་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ (International Federation of Journalists) ནས་ཤོག་གྲངས་ ༧༩ ཅན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། འདས་པའི ལོ་ངོ་ ༢༥ རིང་སྟེ། ཧ་ལམ་དུས་རབས་ཤིག་གི་བཞི་ཆ་གཅིག་ནང་གསར་འགོད་པ་དང་བརྒྱུད་ལམ་ཁག་གི་གསར་འགོད་ལས་རིགས་གཉེར་མཁན་ཁྱོན་ ༢༢༩༧ ལྷག་དམར་གསོད་བཏང་ཡོད་པ་དང་། དེ་ཡང་གསར་འགོད་པ་འདི་དག་གིས་རྒྱལ་ཁབ་ཕྱི་ནང་གི་ལྐོག་ཟ་རུལ་སུངས་དང་། ཁྲིམས་འགལ་ནག་ཉེས། གསར་བརྗེའི་ལས་འགུལ། དམག་འཁྲུག་ཁྲོད་ཀྱི་དམར་གསོད་སྐོར་གྱི་གནས་ཚུལ་བསྒྲགས་པའི་རྐྱེན་གྱིས་ཡིན་ཞིང་། སྲིད་གཞུང་དག་གིས་རྒྱལ་ནང་གི་གསར་འགོད་པ་དམར་གསོད་གཏོང་མཁན་ཚོའི་ཉེས་ཆད་ཆག་ཡངས་སུ་གཏོང་གི་ཡོད་སྐོར་སོགས་འཁོད་འདུག
རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཐཱོན་བྷི་ལན་གྷར་ (Anthony Bellanger) ཟེར་བས་བཅར་འདྲི་ཞིག་གི་སྐབས་སུ། སྤྱིར་འདས་པའི་མི་ལོ་བཅུ་དེ་གསར་འགོད་པར་འཇིག་ཉེན་ཆེ་ཤོས་ཆགས་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༠༦ ལོ་ནི་དེ་བས་ཀྱང་འཇིག་རུང་གི་ལོ་ངོ་གཅིག་སྟེ། ལོ་དེ་གཅིག་པུར་གསར་འགོད་པ་ ༡༥༥ དམར་གསོད་བཏང་ཡོད་སྐོར། འདི་ནི་ཤར་ནུབ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣའི་དཀའ་རྙོག་ཅིག་སྟེ། ང་ཚོས་རྒྱལ་སྤྱིའི་རང་དབང་གསར་འགོད་པ་དམར་གསོད་གཏོང་མཁན་ཚོའི་ཉེས་ཆད་ཆག་ཡངས་གཏོང་རྒྱུ་དེ་མཚམས་འཇོག་དགོས། ང་ཚོས་སྙན་ཐོ་འདིའི་ནང་བཏོན་པའི་དངོས་འབྲེལ་གནས་སྟངས་ལ་གཞིགས་ཏེ། གནད་དོན་འདི་དག་རང་དགར་བསྐྱུར་མི་རུང་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། ཞིབ་འཇུག་སྙན་ཐོ་དེ་གཟའ་འཁོར་རྗེས་མར་དཔར་འགྲེམ་བྱ་འཆར་ཡོད་པ་དང་། ཨེ་ཕེ་གསར་ཁང་གིས་རེས་གཟའ་ཟླ་བའི་ཉིན་དབྱིན་ཇིའི་གྲོས་ཚོགས་སྟེང་རྒྱལ་ཁབ་ཕྱི་ནང་གི་ཟིང་འཁྲུག་ཁྲོད་དུ་གསར་འགོད་པ་དང་ཆེད་ལས་མི་སྣ་མང་པོ་དམར་གསོད་ཐེབས་པའི་སྐོར་ལ་བགྲོ་གླེང་ཚོགས་ཆེན་ཞིག་ཚོགས་པའི་སྟེང་། སྙན་ཐོ་དེའི་པར་བཤུས་སྤྱད་དེ་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་བདུན་ཕྲག་རྗེས་མའི་རེས་གཟའ་མིག་དམར་ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ནང་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ (UNESCO) སྟེང་སྙན་འབུལ་གནང་རྩིས་ཡོད་འདུག མ་ཟད་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་དེ་ནི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༡༤༠ ལྷག་ནང་གི་ཉེན་རྟོག་དང་སྲིད་དོན་གསར་འགྱུར་ཁག་གཞིར་བཟུང་བ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་འདིས་ཕྱི་ལོ་ ༡༩༩༠ ལོ་ནས་རྒྱལ་སྤྱིའི་རང་དབང་གསར་འགོད་པ་དང་བརྒྱུད་ལམ་ཁག་གི་གསར་འགོད་ལས་གཉེར་བ་ཚོ་ལྐོག་གསོད་དང་འགལ་གཏོར། མེར་བསྲེགས་སོགས་ཀྱི་ཁྲོད་དུ་འབྱུང་བཞིན་པའི་དམར་གསོད་དོན་རྐྱེན་ཁག་གཞིར་བཟུང་ནས་ལོ་འཁོར་ཞིབ་འཇུག་སྙན་ཐོ་དཔར་འགྲེམ་གནང་གི་ཡོད་འདུག
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡ ཚེས་ ༧ ཉིན་ཧྥ་རན་སིའི་བདུན་དེབ་ཁང་ (Charlie Hebdo) དུ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་གཉིས་ཀྱིས་བདུན་དེབ་གསར་ཁང་དེའི་ལས་བྱེད་ ༡༢ དམར་གསོད་བཏང་ཡོད་པ་དང་། ན་ནིང་གཅིག་པུར་རྒྱལ་ཁབ་ཕྱི་ནང་གི་རང་དབང་གསར་འགོད་པ་ ༡༢༢ དམར་གསོད་བཏང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་ཧྥི་གྷ་ནེ་སི་ཐན་གྱི་རྒྱལ་ས་ཁཱ་བྷུལ་ནང་ཡོད་པའི་ཐོ་ལོ་ (Tolo News) གསར་ཁང་གི་ལས་བྱེད་སྤྱི་སྤྱོད་རླངས་འཁོར་ནང་འགལ་རྫས་བཀལ་གཏོར་བཏང་བའི་ཁྲོད་དུ་གསར་འགོད་ལས་མི་བདུན་དམར་གསོད་བཏང་ཡོད་པ་རེད།
འདས་པའི་མི་ལོ་ ༢༥ རིང་རྒྱལ་སྤྱིའི་སྟེང་གསར་འགོད་པར་འཇིག་ཉེན་ཆེ་ཤོས་ཨང་དང་པོ་དེ་ཨེ་རག་རྒྱལ་ཁབ་ཡིན་ཞིང་། དེ་ཡང་ཕྱི་ལོ་ ༢༠༠༣ ལོར་ཨ་རིས་ཨེ་རག་ལ་བཙན་འཛུལ་བྱས་ཏེ་ཟིང་འཁྲུག་ལངས་པ་ནས་བཟུང་། ཨེ་རག་ནང་ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ ༣༠༩ དམར་གསོད་བཏང་ཡོད་པ་དང་། ཨང་གཉིས་པ་དེ་ཧྥེ་ལེ་ཕེན་རྒྱལ་ཁབ་ཡིན་པ་དང་། ཧྥེ་ལེ་ཕེན་ནང་ད་རག་བར་རང་དབང་གསར་འགོད་པ་ ༡༤༦ དམར་གསོད་བཏང་ཡོད་པ་དང་། ཨང་གསུམ་པ་དེ་མེ་ཁི་སི་ཁོ་ཡིན་ཞིང་། ཡུལ་དེའི་ནག་ཚོང་གི་ཟིང་འཁྲུག་ཁྲོད་དུ་རང་དབང་གསར་འགོད་པ་ ༡༢༠ དམར་གསོད་བཏང་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།