ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་དང་རྒྱལ་སྤྱིའི་འཕེལ་རྒྱས་ཁང་གི་འཛིན་སྐྱོང་བ་བཅས་ལ་བཙན་བྱོལ་བོད་མིའི་འོས་བསྡུར་ལྟ་རྟོག་གནང་དགོས་པའི་ཞུ་ཡིག་ཕུལ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རའོ་ཧར་བྷ་ཆིར་ (Dana Rohrbacher) ལགས་ཀྱིས། ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དྲུང་ཆེ་ཇོན་ཁེ་རེ་ (John F.Kerry) དང་། ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ཁང་གི་འགན་འཛིན་ (Gayle E.Smith) གཉིས་ཀྱི་མཚན་ཐོག་ལ་ཞུ་ཡིག་ཅིག་བཏང་པའི་ནང་། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་འོས་བསྡུའི་ཐད་ལ་ལྟ་རྟོག་བྱེད་དགོས་པ་དང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུའི་སྒྲིག་གཞིའི་ནང་སྨྲ་བརྗོད་རང་དབང་དང་འདུ་ཚོགས་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པར་སེམས་འཚབ་ཡོད་སྐོར་བཀོད་འདུག
ཞུ་ཡིག་དེའི་ནང་མུ་མཐུད་དུ། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐད་མཐུན་འགྱུར་གནང་མུས་ཡིན་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞིའི་ནང་། “ རང་དབང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བཀའ་སྤྱིའི་འོས་བསྡུའི་སྐོར་ལ་བྱ་འགུལ་དང་གསལ་བསྒྲགས་གང་ཡང་སྤེལ་མི་ཆོག” ཅེས་འཁོད་པ་དང་། “ ངོས་འཛིན་ཡོད་པའི་ཚོགས་སྡེ་ཁག་ཅིག་མ་གཏོགས་ཚོགས་སྡེ་གཞན་དག་གིས་སྨྲ་བརྗོད་རང་དབང་ཆ་ཚང་ལོངས་སྤྱོད་མི་ཆོག་པ་དང་། དམངས་གཙོའི་ལམ་སྲོལ་ནང་འོས་མི་སུ་ཞིག་གིས་ཚོགས་སྡེ་གང་རུང་ཞིག་བརྒྱུད་འོས་བསྡུའི་བྱ་འགུལ་ལ་འགྲོ་གྲོན་དང་གཏམ་གླེང་མི་ཆོག”ཅེས་འཁོད་འདུག་པ་སོགས་ནི་རང་དབང་དམངས་གཙོའི་སྒྲིག་སྲོལ་ལ་མཐུན་ཐབས་མེད་སྟབས། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་བཀའ་སྤྱིའི་འོས་བསྡུ་ཚུད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ད་ལྟའི་དམངས་གཙོའི་ལམ་སྲོལ་དང་མཐུན་མིན་ཐད་ལ་ལྟ་རྟོག་དགོས་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།
གསར་འགོད་པས་ཡི་གེ་དེ་ཆ་ཚང་བསྒྱུར་ནས་བཀོད་ཐུབ་ན་ལེགས། ཡི་གེ་དེའི་ནང་དུ་སྲིད་སྐྱོང་ལས་ཐོགས་པས་སྒེར་གཅོད་བྱས་ཚུལ་དང་། ཁོང་གིས་གཞུང་འབྲེལ་སྡིངས་ཆ་བེད་སྤྱོད་བྱས་ཏེ་འོས་བསྡུ་ལ་ཁེ་ཕན་ལེན་གི་ཡོད་ཚུལ་བཀོད་འདུག་པས་གནད་འགག་ཆེན་པོ་འདུག གལ་སྲིད་ཡི་གེ་དེ་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་ངོས་ལེན་བྱས་ཏེ་ཞིབ་འཇུག་བྱས་ན་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཨ་རིའི་གཞུང་གི་ལྟ་སྟངས་ངན་པ་ཡོང་རྒྱུ་ཡིན་པ་ཐག་ཆོད།