འབར་མའི་རྒྱལ་ནང་གི་གསར་དུ་བསྐོ་བཞག་གནང་བའི་དཔོན་རིགས་བརྒྱ་ཕྲག་མང་པོས་སོ་སོའི་རྒྱུ་དངོས་ཡོད་ཚད་རྒྱལ་ས་ནཱེ་ཕཱེ་ཊ་ཝ་ (Naypyitaw) རུ་ཚུགས་པའི་སྲིད་གཞུང་གསར་བའི་སྡོད་ཁང་ཁག་ནང་སྤོར་བཞིན་འདུག ན་ནིང་སྟོན་མཇུག་ཏུ་ལོ་རྒྱུས་རང་བཞིན་ལྡན་པའི་འབར་མའི་སྲིད་འཛིན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་མཁན་ཚོས། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་འབར་མའི་དམག་གཞུང་ཕྱིར་འཕུད་བཏང་བར་མཐོང་གི་ཡོད། ད་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཁོ་ཚོས་གོས་ཀྱི་ལྭ་བ་ (longyis) དང་གོས་ཀྱི་དབུ་ཞྭ་ (Shan turbans) སྤྲས་ཏེ་གལ་འགངས་ཆེ་བའི་འབར་མའི་སྲིད་གཞུང་གསར་འཛུགས་ཀྱི་ལས་དོན་ལ་གྲོས་གླེང་དང་། དེ་སྔའི་འབར་མའི་སྒེར་གཅོད་སྲིད་ལུགས་ལ་འཕོ་འགྱུར་གཏོང་བའི་རེ་བ་བཅངས་ཡོད།
ན་ནིང་ཕྱི་ཟླ་ ༡༡ པའི་ནང་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་བརྒྱ་ཆ་ ༧༧ ཐོབ་སྟེ། དེ་སྔའི་འབར་མའི་དམག་གཞུང་ལ་དབུ་འཁྲིད་པའི་ལམ་དུ་བསྐྱོད་ཅིང་། འདི་ནི་འདས་པའི་མི་ལོ་ ༢༥ རིང་གི་འབར་མའི་ཕྱི་གསལ་ནང་གསལ་གྱི་འོས་བསྡུ་དེ་ཆགས་ཀྱི་ཡོད་པ་དང་། དགོང་མོ་དེར་འབར་མའི་མི་མང་ཁྲི་སྟོང་མང་པོ་འབར་མའི་རྒྱལ་ས་རྙིང་བ་རན་གྷོན་ (Rangoon) སྲང་ལམ་དུ་འདུ་ཚོགས་ཀྱིས་སྙན་པའི་གཞས་དང་དགའ་བའི་བྲོ་འཁྲབ་བཞིན། རྟེན་འབྲེལ་གྱི་སྒང་ཕུག་དམར་པོ་གཡུག་གཡུག་གཏོང་གི་འདུག
ད་ནི་འབར་མའི་སྲིད་གཞུང་གསར་བ་འཛིན་སྐྱོང་གི་དཀའ་སྡུག་ལ་འཕྲད་བཞིན་ཡོད། ཁྱེད་ཀྱིས་འབར་མའི་ལོ་རྒྱུས་མཁྱེན་གྱི་ཡོད་དམ། གྲོས་གླེང་འདི་ལ་གཟིགས་ཏེ་རྟོགས་པར་བགྱི་དང་། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་དང་ཆབ་སྲིད་བཙོན་ཟུར་ཝན་ཧ་ཊེན་ (U Win Htein) གྱིས། འདས་པའི་མི་ལོ་ ༣༠ རིང་ལ་ང་ཚོ་རྐང་ཚུགས་ཐབས་སུ་འབད་བརྩོན་བྱས་པ་ཡིན། ད་ལྟ་ང་ཚོ་འབར་མའི་ལོ་རྒྱུས་ནང་འཚོ་བཞིན་ཡོད། ཅེས་བརྗོད་འདུག
འདིར་འབར་མའི་འབྱུང་འགྱུར་གྱི་སྲིད་དོན་འཕོ་འགྱུར་ཐད་ཀྱི་དོགས་འདྲི་ལྔ་བཏོན་ཡོད།
དང་པོ། མི་མང་གིས་ནམ་ཀུན་ད་ནི་འབར་མའི་རྒྱལ་ཁབ་འདི་དམངས་གཙོ་ཧྲིལ་བོ་ཞིག་ཆགས་པ་རེད་བསམ་གྱི་འདུག ཡིན་ནའང་འཕོ་འགྱུར་འདིའི་ཁྲོད་དུ། འབར་མའི་རྒྱལ་ཁབ་ད་དུང་དམག་གཞུང་གི་ལམ་ལུགས་ཤིག་མིན་ནམ། ད་ཆར་ང་ཚོས་དོ་སྣང་དགོས་ས་གཙོ་བོ་དེ་ག་རེ་རེད།
དེ་ཡང་ཡིན་ཏེ། ཕྱི་ལོ་ ༢༠༠༨ ལོའི་རྩ་ཁྲམས་འོག འབར་མིའི་སྲིད་དབང་མང་ཤོས་དམག་གཞུང་གིས་བཟུང་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་སྲིད་སྟེགས་བརྒྱ་ཆ་ ༢༥ བཀག་སྡོམ་བྱས་ཡོད་པ་རེད། གནད་དོན་འདིའི་ཐད་ནས་འབར་མའི་རྩ་ཁྲིམས་ལ་འཕོ་འགྱུར་བཏང་སྟེ། གྲོས་ཚོགས་ནང་འོས་ཤོག་བརྒྱ་ཆ་ ༧༥ ལྷག་ཐོབ་ཐུབ་པའི་རེ་འདུན་བཅངས་ཡོད་པ་དང་། འབར་མའི་དམག་གཞུང་གིས་ད་དུང་ནང་སྲིད་དང་མཐའ་སྲུང་། རྒྱལ་སྲུང་ལྷན་ཁང་ཁག་གི་འགན་དབང་རང་དགར་བཟུང་ཡོད་པ་རེད།
མ་ཟད་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་འབར་མའི་སྲིད་དབང་བཟུང་མི་ཆོག་པའི་དགག་པ་རྒྱག་གི་ཡོད་པ་རེད། དགག་བྱ་དེའི་ཁ་གཏད་དུ། ཁོང་མོས་འབར་མའི་སྲིད་འཛིན་གྱི་དབང་ཆ་ལས་ལྷག་ཅིག་འཛིན་སྲིད་སྐོར་གསུངས་ཡོད་པ་རེད། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ཝན་ཧ་ཊེན་ལགས་ཀྱིས། ཁོང་གིས་འབར་མའི་གྲོས་ཚོགས་གསར་འཛུགས་གནང་བའི་བདུན་ཕྲག་གཅིག་གི་ནང་ལ་འབར་མའི་སྲིད་འཛིན་གཙོ་གཞོན་གྱི་འོས་གཞི་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འོས་འདེམས་བརྒྱུད་ད་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་བར་འབར་མའི་དམག་གཞུང་གིས་འབར་མའི་སྲིད་དབང་འཛིན་སྐྱོང་གི་དབང་ཆ་རྩིས་སྤྲོད་བྱ་རྒྱུ་མིན་པ་དང་། ད་ལྟའི་འབར་མའི་གྲོས་ཚོགས་ཀྱི་ལས་འགན་དང་པོ་དེ་གྲོས་ཚོགས་གོང་འོག་གི་མགྲིན་ཚབ་པ་གཙོ་གཞོན་གཉིས་འོས་ཤོག་གི་ལམ་ནས་འདེམས་བསྐོ་གནང་རྒྱུ་དེ་རེད།
ཟླ་འདིའི་རེས་གཟའ་ཟླ་བའི་ཉིན་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་ཁོང་མོའི་སྐུ་འཁོར་དང་བཅས་པ་ཆུ་ཚོད་གཉིས་རིང་འབར་མའི་དམག་གཞུང་གི་དམག་སྤྱི་ཆེན་མོ་མེན་ཨང་ཧ་ལཱེང་ (Min Aung Hlaing) ལ་ཐུག་འཕྲད་བྱས་ཡོད་པ་དང་། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ཝན་ཧ་ཊེན་ལགས་ཀྱིས་བསྒྲགས་པའི་གནས་ཚུལ་ནང་། ཐེངས་འདིའི་གྲོས་མོལ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་ཡོད་སྐོར་འཁོད་འདུག་སྟེ། ཁོང་གིས་སྤྱི་ཡོངས་ཀྱི་མཐོང་སྣང་ཞིག་ལ། འབར་མ་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཡར་རྒྱས་གོང་འཕེལ་གཏོང་བར་ཁོ་ཚོས་མཉམ་ལས་གནང་རྒྱུ་ཡིན་སྐོར་བརྗོད་འདུག
ཡིན་ན་ཡང་ཐེངས་འདིའི་མཇལ་འཕྲད་ཀྱི་གླེང་གཞི་གཙོ་བོ་ད་ལྟའི་བྱ་བཞག་ལ་ལེགས་ཉེས་ག་རེ་བྱུང་ཡང་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དང་འབར་མའི་དམག་གཞུང་གཉིས་བར་གྱི་འབྲེལ་མོལ་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་དེ་རེད།
གཉིས་པ། མཐའ་མཚམས་ས་ཁུལ་ཁག་ཏུ་རང་སྐྱོང་གི་བདག་དབང་འདོད་པའི་འབར་མའི་གྲངས་ཉུང་མི་རིགས་ཀྱི་དམངས་དམག་དང་འབར་མའི་དམག་དཔུང་ཤོག་ཁག་གཉིས་བར་གྱི་རྩོད་རྙོག་ཚབས་ཆེ་རུ་འགྲོ་བཞིན་ཡོད་སྟབས། གནད་འགག་གཙོ་བོ་དེ་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་དམག་ཁུལ་དེ་དག་གི་རྩོད་རྙོག་འདུམ་འགྲིག་གིས་འབར་མ་རྒྱལ་ཡོངས་ཞི་བདེ་ཞོད་འཇགས་སུ་གཏོང་ཐུབ་མིན་དེ་རེད།
འབར་མའི་སྲིད་འཛིན་ལས་ཐོག་ཐེན་སིན་ (Thein Sein) གྱིས་ན་ནིང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་འབར་མའི་དྲག་ཆས་དམག་དཔུང་ཤོག་ཁག་ ༨ དང་ལྷན་དུ་ཚབས་ཆེ་བའི་རྩོད་རྙོག་འདུམ་འགྲིག་གི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་རེད། ཡིན་ནའང་འབར་མའི་སྲིད་དོན་དབྱེ་ཞིབ་པ་བྷིར་ཊེལ་ལེན་ཊ་ནིར་ (Bertil Lintner) གྱིས། འབར་མའི་དམག་དཔུང་ཤོག་ཁག་བར་བྱུང་བའི་རྩོད་རྙོག་འདུམ་འགྲིག་གི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དེ་ནི་ཕན་ཚུན་གྱི་ངོ་སྲུང་ཐབས་ཀྱི་རྣམ་འགྱུར་ཙམ་ཡིན་སྐོར་བསྟན་འདུག
འབར་མའི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཀ་ཆེན་རང་དབང་དམག་དཔུང་ (Kachin Independence Army) དང་ལྷོ་རྒྱུད་ཀྱི་ཧྲན་མངའ་སྡེའི་དམག་དཔུང་ (Shan State Army) གཉིས་འདུ་བའི་འབར་མའི་དམག་ཁུལ་ཁག་འབར་མ་རྒྱལ་ཡོངས་དྲག་ཆས་དམག་དཔུང་གི་རྒོལ་འཛིང་འོག་ཡོད་པ་རེད།
འདས་པའི་ལོ་ངོ་འདི་དག་རིང་ལྡོག་ཕྱོགས་ནས་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་འབར་མའི་རྒྱལ་ནང་གི་ཡུལ་མི་དང་དམངས་དམག གྲངས་ཉུང་མི་རིགས་ནང་ཁུལ་འགྲིག་མཐུན་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། འབར་མའི་གྲོས་ཚོགས་ཀྱི་སྲིད་སྟེགས་མང་ཤོས་བཟུང་སྟེ་འབར་མའི་སྲིད་གཞུང་གསར་འཛུགས་གནང་བཞིན་པའི་སྐབས་འདིར། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ཆ་རྐྱེན་ངེས་ཅན་ཞིག་གི་ཐོག་ནས། མཇུག་མཐར་དམག་དཔུང་ཤོག་ཁག་ཕན་ཚུན་བར་འབྲེལ་མོལ་ཡོང་ཐབས་ཙམ་མ་ཡིན་པར། འབར་མའི་སྲིད་དབང་གཅིག་གྱུར་བཟོ་ཐུབ་ཀྱི་ཡོད་པ་རེད།
འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ཝན་ཧ་ཊེན་ལགས་ཀྱིས། འབར་མའི་གྲོས་ཚོགས་ཀྱི་འཐུས་མི་བསྐོ་བཞག་ནང་སྲིད་ཚོགས་གཞན་དག་གི་འཐུས་མི་ཡང་ཡོད་སྐོར་གསལ་བོར་བརྗོད་ཡོད་པ་དང་། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གིས། འབར་མའི་གྲོས་ཚོགས་འཐུས་མིའི་ནང་གྲོས་ཚོགས་གོང་འོག་གི་མགྲིན་ཚབ་པ་གཙོ་གཞོན་གཉིས་དང་འབར་མའི་དམག་གཞུང་གི་འཐུས་མི། དེ་བཞིན་འབར་མའི་གྲངས་ཉུང་མི་རིགས་ཀ་ཆེན་ (Kachin) དང་རག་ཧེན་ (Rakhine) ཚོགས་ཁག་གི་འཐུས་མི་ཡང་ཚུད་ཡོད་སྐོར་བརྗོད་འདུག
གསུམ་པ། འབར་མའི་སྲིད་འཛིན་འོས་བསྡུའི་མགོ་རྔ་བར་གསུམ་དུ། འབར་མའི་རྒྱལ་ནང་གི་ནང་པའི་ལྟ་གྲུབ་མཁྲེགས་འཛིན་དང་ཁ་ཆེའི་ཆོས་ལུགས་འགོག་སྡོམ་གྱི་ཕྱོགས་ལྷུང་། ལྷག་པར་དུ་རའོ་ཧེན་གྷ་ཁ་ཆེ་མི་རིགས་ཕྱིར་འཕུད་བཏང་བའི་སྐོར་གྱི་སྙན་ཐོ་མང་དུ་བཏོན་ཡོད་པ་རེད།
འབར་མའི་སྲིད་འཛིན་འོས་བསྡུ་མགོ་བཙུགས་པ་ནས་བཟུང་། ཁ་ཆེ་ཆོས་ལུགས་འགོག་སྡོམ་གྱི་བཙན་སྐུལ་དེའི་རྒྱབ་ལོགས་སུ། མ་བྷ་ཋ་ (Ma Ba Tha) ཞེས་པའི་ནང་པའི་གྲྭ་བཙུན་ཞིག་གིས་སྣེ་ཁྲིད་པའི་ཚོགས་པ་དེ་ལ་གྲགས་འགུལ་ཅི་ཡང་མེད་པར་གྱུར་ཅིང་། ཚོགས་པ་དེ་འབར་མའི་སྲིད་འཛིན་རྒྱལ་ཁ་ཐོབ་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ཞི་འགྲིག་བཟོས་ཡོད་པར་སྣང་། སྤྱིར་མཱ་བྷ་ཋ་ཚོགས་པས་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ནི་ནང་པའི་ལྟ་གྲུབ་ཐད་ནས་དགྲ་ཟླར་བཟུང་ཡོད་སྟབས། རྒྱལ་ཡོངས་དམངས་གཙོ་ཚོགས་པས་ད་དུང་མ་བྷ་ཋ་ཚོགས་པར་ལྟ་རྟོག་ནན་མོ་དགོས་ཀྱི་ཡོད་པ་རེད།
སྐབས་དེ་ཤེད་དུ་རའོ་ཧེན་གྷ་ཁ་ཆེ་མི་མང་ས་ཡ་ ༡.༡ ལ་ཞེ་འཁོན་གཏིང་ཟབ་བསླངས་པ་མ་ཟད། དུས་ལྟ་ད་ད་དུང་ཡང་ཁོ་ཚོ་འབར་མའི་གྲངས་ཉུང་མི་རིགས་འདྲེས་སྡོད་ཀྱི་ཁོངས་ནས་ཕྱིར་འཕུད་གཏོང་བཞིན་ཡོད་པ་རེད། སྔོན་ཆད་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་འབར་མའི་རྒྱལ་ནང་གི་རའོ་ཧེན་གྷ་ཁ་ཆེ་མི་རིགས་ཀྱི་གནད་དོན་གླེང་སློང་མ་གནང་བའི་བསྐྱོན་བརྗོད་ཐེབས་པ་རེད། ཡིན་ན་ཡང་ད་ཆར་ཁོ་ཚོས་དུས་ཡུན་རིང་བོར་གླེང་སློང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་འབེན་འགྲུབ་པ་དང་། ཧའོ་ཧེན་གྷ་ཁ་ཆེ་མི་རིགས་ནས་མགོ་བརྩམས་ཏེ་ནུབ་རྒྱུད་ཀྱི་རག་ཧེན་མངའ་སྡེའི་ཁ་བྲལ་ཤོག་ཁག་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་རེད།
བཞི་བ། འདས་པའི་ལོ་ངོ་འདི་དག་རིང་འབར་མའི་རྒྱལ་ཁབ་འདི་འབར་མའི་དམག་གཞུང་གིས་སྲིད་དབང་བསྒྱུར་བའི་སྒེར་གཅོད་སྲིད་གཞུང་ཞིག་ཡིན་སྟབས། འབར་མའི་གསང་ཉུལ་སྲི་ཞུ་དང་རྒྱལ་ནང་བདེ་འཇགས་ཐད་གནད་དོན་ག་རེ་བྱུང་ཡོད་དམ།
གལ་ཏེ་འབར་མའི་དམག་གཞུང་གི་དམིགས་བསལ་ཉེན་རྟོག་དང་དྲག་ཆས་དམག་དཔུང་གི་རྟོགས་ཞིབ་ཚན་ཁག་མེད་མ་བཟོ་བའམ། གལ་སྲིད་སྤྱི་མང་དགྲ་ཟླར་བཟུང་སྟེ་དངོས་ཡོད་གནས་ཚུལ་གསང་རྒྱར་བསྡམས་པའི་འབར་མ་དམག་གཞུང་འོག་གི་གཡོན་ལྷུང་ལྟ་ཞིབ་སྒྲིག་འཛུགས་ལ་བཅོས་བསྒྱུར་བཏང་ཚེ། དཀའ་སྡུག་འདི་སེལ་ཐབས་ཡོད་མ་རེད། དེར་བརྟེན་འབར་མ་ནང་ཁུལ་བདེ་དོན་གྱི་འགན་དབང་དམག་དཔུང་གི་ལག་ཏུ་ཡོད་པ་ནི་གཡོ་ཐབས་ཤིག་ཡིན་པ་རེད།
འབར་མའི་བདེ་སྲུང་ལས་ཁུངས་ཁག་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ཞིབ་འཇུག་ཐེར་འདོན་ལ་འཕྲད་སྲིད་པ་ནི་ནམ་ཡང་གཡོལ་ཐབས་མེད་པ་ཞིག་ཡིན་པ་རེད། སྤྱིར་འབར་མའི་རྒྱལ་ཁབ་ནི་འཛམ་གླིང་སྟེང་རང་དབང་གསར་འགོད་ཀྱི་རྩ་ཁྲིམས་ལ་སྟངས་འཛིན་ཤུགས་ཆེན་བྱེད་པའི་རྒྱལ་ཁབ་ཁག་གི་གྲས་ཀྱི་གཅིག་ཡིན་ནའང་། ད་ཆར་སྐབས་གནས་སྟངས་དེ་ཅུང་ལེགས་པར་ཕྱིན་ཡོད་པ་རེད།
དེང་སྐབས་འབར་མའི་མི་མང་གིས་ད་དུང་གསར་གནས་འགོག་སྡོམ་གྱི་འཇིགས་སྐུལ་དང་དམ་དྲགས་ཀྱི་དཀའ་སྡུག་མྱོང་བཞིན་ཡོད་ཀྱང་། འབར་མའི་རྒྱལ་ནང་དུ་གསར་འཛུགས་སྤྱི་མང་ཚོགས་ཁག་ (རང་དབང་གསར་ཁང་ལ་གོ) མང་དུ་འཕེལ་བཞིན་འདུག
འབར་མའི་དམག་གཞུང་གི་སྟངས་འཛིན་འོག སྤྱི་སྒེར་གྱིས་འཇིགས་སྐྲག་དེ་ད་ཆར་གར་སོང་ཆ་མེད་དུ་གྱུར་ཅིང་། ད་ལྟ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་དགོངས་འཆར་ལྟར། ད་ལྟ་འབར་མའི་རྒྱལ་ཁབ་འདི་རང་དབང་གི་ཕྱོགས་སུ་གོམ་སྟབས་དང་པོ་སྒྱུར་བཞིན་ཡོད་སྟབས། འབར་མའི་སྤྱི་སྒེར་སུ་ལའང་འཇིགས་སྐྲག་དེ་ཙམ་ཡོད་པ་མ་རེད།
ལྔ་བ། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་རྒྱལ་ནང་གི་ཚབས་ཆེ་བའི་ལྐོག་ཟ་རུལ་སུངས་དང་སྲིད་དབང་སྒེར་འཛིན་སོགས་རྩ་སློག་བཏང་སྟེ། འབར་མ་རྒྱལ་ཁབ་ཀྱི་དབུལ་ཕོངས་གླེང་སློང་བྱེད་སྲིད་དམ།
འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ཁྲིམས་ཀྱི་དབང་སྒྱུར་ཡར་རྒྱས་གཏོང་བ་དང་ལྷན་དུ་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་རྩ་སློག་གཏོང་བ་དང་། འཚོ་གནས་ཀྱི་གནས་བབ་ཡར་རྒྱས་གཏོང་གི་ཡོད་ནའང་། འབར་མའི་རྒྱལ་ཁབ་འདི་འཛམ་གླིང་སྟེང་གི་དབུལ་ཕོངས་ཉག་ཐག་གི་རྒྱལ་ཁབ་ཁག་གི་གྲས་སུ་ལྷག་ཡོད། ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་དངུལ་ཁང་གིས་མི་སྒེར་གྱི་ཡོང་འབབ་གཞིར་བཟུང་སྟེ། འབར་མའི་རྒྱལ་ཁབ་དེ་འཛམ་གླིང་སྟེང་གི་རྒྱལ་ཁབ་ ༢༡༣ ལས་རྒྱལ་ཁབ་ ༡༧༨ ཀྱི་གྲས་སུ་བཞག་ཡོད་པ་རེད། ཉེ་ལམ་འཇར་མན་རྒྱལ་ས་བྷིར་ལེན་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་སྲིད་ཚོགས་ཀྱི་ལྐོག་ཟ་རུལ་སུངས་རྟོག་ཞིབ་དང་དྲིལ་བསྒྲགས་ལྷན་ཚོགས་ (Transparency International) ཞེས་པས་འཛམ་གླིང་སྟེང་ལྐོག་ཟ་རུལ་སུངས་ཚབས་ཆེ་བའི་རྒྱལ་ཁབ་ ༡༨༦ ལས་འབར་མ་རྒྱལ་ཁབ་ ༡༤༤ གྲས་སུ་བཏོན་ཡོད་པ་རེད།
ཉེ་བའི་ལོ་ངོ་འདི་དག་རིང་འབར་མའི་དམག་གཞུང་གི་དམག་སྤྱི་ཆེན་མོ་ཐེན་སིན་གྱི་སྲིད་དབང་སྒེར་གཅོད་འོག་གི་འབར་མའི་སྲིད་དབང་བཅོས་བསྒྱུར་དང་དམ་དྲགས་སྲིད་ཇུས་གུ་ཡངས་གཏོང་བ་དང་། རྒྱལ་ནང་གི་དངུལ་ཁང་ཁག་ལ་ཐེབས་པའི་སྟངས་འཛིན་ལྷོང་ཡངས་བཏང་སྟེ། ཕྱིའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཛུགས་སྐྲུན་ཕྱོགས་སུ་འབད་བརྩོན་བྱས་ཡོད་ནའང་། ལས་གཞི་དེ་དག་དངོས་སུ་ལག་བསྟར་ཐུབ་ཡོད་མེད་རྟོགས་དཀའ་བ་མ་ཟད། རྒྱལ་ཡོངས་དམངས་གཙོ་ཚོགས་པ་དང་དམག་གཞུང་གཉིས་མཉམ་འབྲེལ་རྟོགས་ཞིབ་ལས་གཞི་དེ་ལའང་གསལ་ཁ་གང་ཡང་བྱུང་ཐུབ་མེད་པ་རེད། འབར་མའི་རྒྱལ་ནང་གི་ཁེ་ལས་ཆེ་ཁག་མཉམ་འབྲེལ་གྱིས་འབར་མའི་རྒྱལ་ནང་གི་ས་སྣུམ་དང་གཡུ་རྡོའི་ཐོན་ཁུངས་ཡོད་ཚད་བདག་བཟུང་བྱས་ཡོད་སྟབས། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དཔལ་འབྱོར་ཚན་པའི་འགན་འཛིན་སིར་ཇི་ཕུན་ (Serge Pun) ཟེར་བས། འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དཔལ་འབྱོར་ཚན་པས་འབྱུང་འགྱུར་རྒྱལ་ནང་གི་དཔལ་འབྱོར་འཛུགས་སྐྲུན་གནང་ཕྱོགས་ཐད་ལ་དོགས་གཟབ་དགོས་ཀྱི་ཡོད་པ་དང་། ལག་སྲིད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ངོས་ནས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ཀྱི་ལམ་ལུགས་རྙིང་པ་རྩ་གཏོར་གཏོང་ཐུབ་པ་བྱུང་ཚེ། དེ་ནི་འབར་མའི་སྲིད་དོན་ལོ་རྒྱུས་ཁྲོད་ཀྱི་མི་རབས་ཤིག་གི་འཕོ་འགྱུར་ཡིན་སྐོར་བརྗོད་ཡོད་པ་རེད།
རྩོམ་པ་པོ་དང་གསར་འགོད་པ་ལྕམ་ཌིལ་ཧྥེན་སི་ཆ་རན་ཁི་(Delphine Schrank)ལགས་ཀྱིས་བརྩམས་ཤིང་། པདྨ་རྒྱལ་གྱིས་བོད་བསྒྱུར་བྱས་ཏེ་འདིར་བཀོད་ཡོད།