བློ་ལྡན།
༡ ༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་མཁྱེན་གྱི་མེད། དེ་མེད་པའི་གནས་སྟངས་ལོ་བཞི་དང་ཕྱེད་ཀའི་ནང་གསལ་བོ་ཆགས་ཟིན། སྲིད་སྐྱོང་གི་མཚན་གནས་རྗེས་འབྲེལ་གྱིས་འབུར་དུ་ཐོན་པའི་རྣམ་དཔྱོད་སྟོན་དགོས་ས་ཆབ་སྲིད་སྐོར་ཡིན་ཡང་། ད་བར་ཕྱི་ནང་གི་སྡིངས་ཆ་ཁག་དང་། གསར་ཤོག་ཁག གཞུང་འབྲེལ་གྲོས་ཚོགས་ནང་བཀའ་ཤག་གི་གསལ་བཤད་ཀྱིས་མཚོན་པའི་ཆབ་སྲིད་ཐད་ཀྱི་གཏམ་བཤད་ཁག་རང་གཞན་དོ་སྣང་འདྲེན་པ་གཅིག་ཀྱང་གསུང་ཐུབ་མེད། དེ་ནི་སྦས་པ་མིན་ལ། ཡོད་པ་དང་མཁྱེན་ནུས་འཛོམས་ཚེ་སྒྲོག་པ་ལ་ཅི་མི་སྙམ་པ་ནི་ཁོང་གི་ད་བར་གྱི་གཤིས་ཀ་ལ་བལྟས་ན་ར་སྤྲོད་ཐུབ་པས། མ་མཁྱེན་པས་ཡིན་པ་མ་གཏོགས་རྒྱུ་མཚན་གཞན་ཅི་ཡང་མེད།
༢ ༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་ཧ་ཝར་ཁྲིམས་ལུགས་སྦྱངས་བ་གྲགས་སུ་ཆེ་ཡང་ཁྲིམས་དོན་ཤེས་བྱར་རང་རྐྱ་མི་ཐུབ་པ་མ་ཟད། ཁྲིམས་རྩོད་པའི་ཡིག་རྒྱུགས་ཀྱང་འཕྲོད་མེད། དོལ་རྒྱལ་ཚོགས་པས་དོལ་འདྲེའི་གནད་དོན་ཁག་ལ་ཁྲིམས་ལུགས་ཀྱི་ཐ་སྙད་རེ་འགའ་སྤྱད་དེ་༧གོང་ས་ཆེན་པོར་ངོ་རྒོལ་བསྟུད་མར་བྱས་ཀྱང་། དེ་དག་ལ་སྟངས་འཛིན་ཐུབ་རྒྱུ་ལྟ་ཅི། ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་མཐོ་རིམ་སློབ་མར་ནང་ཆོས་ངོ་སྤྲོད་སྐབས། དོལ་ཚོགས་ཀྱི་བྱེད་བབ་དེ་རྣམས་ཁྲིམས་དང་མཐུན་མིན་གསལ་བཤད་གནང་མ་ཐུབ་པས། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་ཁྲིམས་དང་མཐུན་མིན་འགྲེལ་བཤད་གནང་དགོས་བྱུང་ཡོད། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་དང་མི་མང་ཁྲོད་ཁྲིམས་ཀྱི་ཤེས་ཚད་གོང་མཐོར་འགྲོ་གཞི་གང་ཡང་གནང་ཐུབ་མེད་ཁར། འཛིན་སྐྱོང་གི་ལས་དོན་མང་པོར་ཁྲིམས་སྒྲིག་དང་འགལ་བའི་ལས་དོན་སྣ་མང་བྱས་ཡོད། བཀའ་ཤག་གི་གྲོས་སྟོན་པ་ཟེར་བ་ནི་དེའི་དཔེ་མཚོན་ཙམ་ཡིན། གཞན་ཡང་སྲིད་སྐྱོང་རང་ཉིད་ཙམ་མིན་པར་བོད་ཀྱི་ཆེ་མཐོང་ལ་གནོད་གཞི་ཁོང་གི་ཁང་རིན་གྱི་ཡོང་ཁུངས་གཙང་མ་མིན་སྐོར་ཝ་ཞིན་གྲོན་དུས་བབ་སྟེང་ཕྱི་རྒྱལ་མི་སྣས་སྐྱོན་འཛུགས་བྱས་ཀྱང་ཁྲིམས་སར་བསྐྱལ་ཐུབ་མེད། དེའི་ཆ་ནས་བློ་བཟང་སེང་གེ་ལགས་ཀྱིས་ཁྲིམས་ཐོག་གི་ཤེས་ཚད་སྐྱོ་བོ་ཡིན་པ་ཧ་ཅང་གསལ་བོ་ཆགས་པ་མ་ཟད། དོགས་གཞི་ཆེ་བའི་གནད་དོན་མང་པོ་བསྐྲུན་ཡོད།
༣ ༽ བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་གནང་རིང་རང་ལུས་མེར་བསྲེགས་ཐད་མཆོད་འབུལ་སྨོན་ལམ་ཚོགས་ཏེ་བསྔོ་སྨོན་འདོན་རྒྱུ་ཙམ་ལས་གྲུབ་འབྲས་ལྟ་ཞོག གནང་རྒྱུ་གང་ཡང་རྙེད་མེད། ཕྱི་རྒྱལ་ཁག་གི་གྲོས་ཚོགས་འཐུས་མིར་ཞུ་གཏུག་དང་མཇལ་འཕྲད་གནང་རྒྱུ་ནི་བོད་མི་དཀྱུས་མ་དག་གིས་ཀྱང་འཇོན་ལ། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་དོན་གཅོད་སོགས་ཀྱིས་མ་འཇོན་པ་གང་ཡང་མེད། འོན་ཀྱང་། སྲིད་སྐྱོང་ལགས་ལོ་བཞི་དང་ཕྱེད་ཀར་ཕལ་ཆེར་ཕྱོགས་སྐྱོད་རྐྱང་རྐྱང་གིས་དུས་འདས་ཀྱང་། བོད་མི་ཚོར་སེམས་དྲོ་བའི་རང་སྲེག་ཐད་རྒྱལ་སྤྱིའི་རྒྱབ་སྐྱོར་ཚིག་གཅིག་སྟོན་རྒྱུ་ལྟ་ཅི། ཐ་ན་གྲོས་ཆོད་སྐམ་པོ་ཞིག་ཀྱང་རེག་མེད་པའི་དངོས་དོན་ཅི་ཡིན་མི་མང་ལ་ཞུས་མེད། དེ་ལྟར་ནའང་། བོད་ནང་རེ་སྟོང་ཚད་ལས་བརྒལ་བ་སྤྲད། དཔེར་ན། ”༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཡི་ཡིན། ང་ཁྱེད་ཚོའི་རྒྱབ་ན་ཡོད། ཁྱེད་ཚོའི་རེ་བ་ཆུད་ཟོས་གཏོང་གི་མིན་”ལ་སོགས་པ་གསུང་ནས་དུས་འདས། བོད་མིའི་གནད་ཡོད་དང་ཤེས་ཡོན་པ་དག་གི་རང་སྲེག་སྐོར་གྱི་བསམ་ཚུལ་ལ་ཉན་འཇོག་རྩ་བ་ནས་གནང་མེད། ༼བཀྲས་མཐོང་བསྟན་རྣམ་དང་རྒྱ་རི་རིན་པོ་ཆེ་སོགས། ༽
༤ ༽ བློ་བཟང་སེང་གེ་ལགས་ལ་བྱ་སྤུ་གནོན་གྱི་འཛིན་སྐྱོང་རིགས་ལམ་དང་ཁྲིམས་ཀྱིས་གཞུང་སྐྱོང་བའི་འདུ་ཤེས་མེད། ལོ་བཞི་དང་ཕྱེད་ཀའི་རིང་གཞུང་ཞབས་རྒན་གྲས་བྱས་ཅན་མང་པོ་ཞིག་ཐུགས་ཕམ་དུ་བཅུགས་པ་མ་ཟད། བརྒྱུད་རིམ་དང་བྱས་རྗེས་གང་ཡང་མེད་པའི་ཁོའི་གྲོགས་པོ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཨ་རིའི་དོན་གཅོད་དུ་བསྐོས། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དོན་གཅོད་ཁག་གི་༧གོང་ས་ཆེན་པོའི་མཚན་གནས་ཕྱིར་འཐེན་བཀོད་ཁྱབ་ཡུན་རིང་བར་ཉར་བྱས་ཏེ། བཀའ་ཤག་ལྷན་རྒྱས་དང་གྲོས་བསྡུར་མ་གནང་། སྤྲེལ་ལད་ཅན་རྣམས་ཡར་འཐེན་ཞིང་། གཞུང་སེམས་ཆེ་ལ་ཤེས་ལྡན་བྱས་ཅན་རྣམས་ཀྱི་སྐྱོན་བརྗོད་ལ་གསན་མ་ཐུབ་པས་གཞུང་ཞབས་ནང་སྲིད་སྐྱོང་གི་རིན་ཐང་དང་གུས་ཞབས་ཡོངས་སུ་ཉམས་ཡོད།
༥ ༽ བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཆོད་སེམས་བརྟན་པོ་མེད། དམ་འབུལ་གནང་ནས་ལོ་གསུམ་དང་ཕྱེད་བར་འབྲེལ་མོལ་ཐད་ཀྱི་གྲོས་ཚོགས་འཐུས་མིའི་དྲི་བ། མི་མང་གི་ཐུགས་སྣང་གཞེན་སྐུལ། དབུ་མའི་ལམ་ལ་གཞི་མེད་སྐྱོན་བརྗོད་ཀྱི་བཤད་ཡམས་སོགས་གང་ལའང་འགན་འཁུར་ཚུལ་བཞིན་མ་བཞེས་པ་མ་ཟད། བསམ་བཞིན་གྲོས་ཚོགས་ལ་ལན་འདེབས་རང་འདོད་ལྟར་གནང་བ་ལས། དྲི་བ་ཅི་ཡིན་ལ་ཐུགས་སྣང་མེད་པར་ཡོངས་སུ་སྣང་ཆུང་བཏང་། དེ་བཞིན་སྤྱི་ཚོགས་ནང་དབུ་མའི་ལམ་དང་འབྲེལ་བའི་ལབ་གླེང་མང་པོ་བྱུང་བས་༧གོང་ས་ཆེན་པོ་ཡང་། ཞེ་ས་མ་ཞུས་ན་འུ་ཐུག་སྟེ་ལ་དྭགས་དང་ཤི་ལོང་། ས་ལུ་གྷར་སོགས་སུ་བཀའ་ནན་ཕེབས་དགོས་ཆགས་ཡོད། གཞན་”བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་”གི་སྲིད་བྱུས་མུ་མཐུད་འཛིན་ཚུལ་གསུང་ཡང་། སྐུ་ཚབ་ད་བར་བསྐོ་བཞག་བྱས་མེད།
༦ ༽ བློ་བཟང་སེང་གེ་མཆོག་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྐད་ཡིག་སོགས་ཀྱི་ཤེས་ཚད་ཁྱོན་ནས་མེད་པར་བརྟེན། བཀའ་ཤག་ནང་དུའང་དེ་རིགས་མང་པོ་ཐོན་ཡོད་པ་མ་ཟད། གསར་འབྱོར་གཅིག་ཀྱང་བཀའ་བློན་དུ་བསྐོ་བཞག་བྱས་མེད། ཐ་ན་ཁོང་གིས་བོད་ལ་ལོ་རྒྱུས་ནང་རྒྱལ་ཁབ་ཅིག་བྱུང་མྱོང་མེད་ཅེས་ཀྱང་གསུངས་ཏེ། རྒྱལ་སྤྱིའི་བོད་འབྲེལ་ཆབ་སྲིད་ཡིག་ཚགས་ནང་བསུབ་མི་ཐུབ་པའི་ནག་ཉེས་བཞག་ཡོད། ལོ་བཞི་དང་ཕྱེད་ཀ་འདས་ཀྱང་། གཞིས་ལུས་རྒྱ་ཆེ་མི་མང་། ༧གོང་ས་མཆོག་ཅེས་རྟག་ཏུ་ཞལ་ནས་གསུང་ཡང་། མི་རིགས་རང་གི་ཡི་གེ་ཀློག་འདོན་ཙམ་ཡང་ཡག་པོ་ཞིག་ད་དུང་ཆགས་མེད། བོད་ནང་གི་བོད་མི་ཚོས་བོད་ལ་ཡི་གེ་དར་བ་ནས་དེ་རིང་བར་སྲིད་སྐྱོང་བོད་ཡིག་མི་ཤེས་མཁན་ཞིག་བྱུང་བར་རྣམ་རྟོག་བྱེད་ཀྱི་ཡོད་ལ། དེ་དང་འབྲེལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆད་རེ་བ་མི་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་པའི་མཇུག་འབྲས་ཚབས་ཆེན་ཞིག་ཡོང་རྒྱུ་ནི་གདོན་མི་ཟ། དེའི་རྐྱེན་ཁོང་སྲིད་སྐྱོང་དུ་སླེབས་ན། བོད་ཕྱི་ནང་གི་འབྲེལ་བའང་སྡུག་ཏུ་འགྲོ་ལ། བཙན་བྱོལ་མི་མང་དང་ཤེས་ལྡན་པས་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརླག་ངེས།
༧ ༽ སྲིད་སྐྱོང་བློ་སེང་གེ་ལགས་ནི་ནམ་ཡང་སྒེར་གྱི་གཏམ་གྲགས་གལ་ཆེར་བརྩི་མཁན་ཞིག་ལས་གཞུང་དང་མི་མང་གཙོ་བོ་འཇོག་མཁན་ཞིག་མ་རེད། དཔེར་ན། རིང་ས་ནས་ཞུ་མི་དགོས་པར། སྲིད་སྐྱོང་སྐབས་གསུམ་པའི་འོས་བསྡུའི་བརྒྱུད་རིམ་ནང་། རྡོག་རྩ་གཅིག་སྒྲིལ་དང་མང་གཙོའི་འཕེལ་རིམ། མི་མང་ལ་འགན་འཁུར་ཏེ་འོས་བསྡུའི་ཁྱབ་བསྒྲགས་གང་ཡང་བྱས་མེད། དེ་ལས་ལྡོག་སྟེ་གཞུང་འབྲེལ་གྱི་ལས་དོན་ཞོར་དུ་གཡོ་སྒྱུའི་རྣམ་པ་ཅན་གྱི་ལས་དོན་རྐྱང་གཉེར་བ་མ་ཟད། སྤྱང་གྲུང་ཆེ་ཤོས་ལྟ་བུར་རང་རློམ་གྱི་གནང་སྟངས་ལ། གྲོས་ཚོགས་དང་མི་མང་གིས་དེ་ལུགས་ཐེར་འདོན་ཅི་ཙམ་བྱས་ཀྱང་གསན་འཇོག་རྩ་བ་ནས་གནང་གི་མེད། དེའི་ངན་འབྲས་སུ་དབུས་འོས་བསྡུ་ལས་ཁང་གིས་ཨ་རིའི་དོན་གཅོད་སྐལ་རྡོར་ལ་ཡིག་ཐོག་ནས་ཟླ་འདིའི་ཚེས ༦ ཉིན་ཉེན་བརྡ་བཏང་ཡོད། དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲང་པོ་མིན་པའི་དྲི་བ་འདྲི་སྟངས་དེར་བསྐྱར་དུ་སྐྱག་རྫུན་རྐྱང་རྐྱང་གིས་ལན་བཏབས། དཔེར་ན། དུས་དབང་སྐོར་ཚོགས་གཙོས་གསུང་བ་བརྙན་འཕྲིན་ནང་ཤར་བཅུགས་ནས་དྲི་བ་དྲིས་མེད། དེ་དག་གི་ནི་ལྐོག་མཐུན་གཡོ་ཇུས་སྔོན་ནས་སྒྲིག་ཡོད་པའི་རྟགས་མཚན་གསལ་བོ་ཡིན་པས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རུལ་སུངས་ལས་དོན་བྱེད་ཕྱོགས་ལོ་རྒྱུས་ཀྱིས་ཐར་བ་གཏོང་མི་སྲིད། མི་མང་ལ་ལས་འཆར་ཅི་གང་གསུང་རྒྱུ་མེད་པར། ཁ་གཏད་ནག་པོ་བཟོ་ཐབས། འོས་ཤོག་ཐོབ་ཆེད་ཁོ་ན་ཡིན་པ་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་རེད།
༨ ༽ བློ་བཟང་སེང་གེ་ལགས་སྲིད་སྐྱོང་དུ་བསྐྱར་དུ་ལངས་པ་ཙམ་གྱིས་ཆོལ་ཁའི་བར་འགལ་ཟླ་ཆེན་པོ་ཞིག་ཤོར་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་བྱས་ཅན་གཟུར་གནས། མི་མང་དོ་སྣང་ཅན། ཤེས་ལྡན་པ་ཕལ་མོ་ཆེས་མགྲིན་གཅིག་གིས་ཁོང་ལ་རྒྱབ་སྐྱོར་གནང་གི་མེད་པ་ནི་ན་ཚ་ཚབས་ཆེན་ཞིག་རེད། ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མང་ཆེ་བར་ལུང་ཚན་དང་ཆོལ་ཁའི་ཞེན་ཁོག་ཅན་དང་། གནས་ཚུལ་མགོ་མ་འཚོས་པ་ལས་རྒྱུ་མཚན་གཞན་མེད། ཞེན་ཁོག་ཅན་ཚོས་ཁམས་པ་གཟུར་གནས་པ་དག་གིས་བློ་བཟང་སེང་གེར་རྒྱབ་སྐྱོར་མ་བྱས་ཚེ་གནོན་ཤུགས་རབ་དང་རིམ་སྤྲོད་རྒྱུ་ནས་མགོ་བཙུགས་ཏེ། སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་མང་དག་ཅིག་ལ་འཇིགས་སྐུལ་རྣམ་ཅན་གྱི་ཡི་གེ་དང་པར་སོགས་འབྱོར་བཞིན་པ་ནི། མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ཞིག་ཡིན་ཡང་། ཁོང་གིས་སྟངས་འཛིན་ལམ་སྟོན་གང་ཡང་གནང་གི་མེད། དེ་ལས་ལྡོག་སྟེ་སྤེན་པ་ཚེ་རིང་གིས་རང་གི་རྒྱབ་སྐྱོར་བ་དག་ལ། སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ཆོལ་ཁའི་བར་འགལ་ཟླ་མེད་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མ་འགལ་བའི་རྩ་དོན་གསུམ་རྒྱབ་སྐྱོར་གནང་སྐབས་དམ་འཛིན་དགོས་པའི་ལམ་སྟོན་གནང་ཡོད།
༩ ༽ བློ་བཟང་སེང་གེ་ལགས་ཀྱིས་འོས་ཤོག་ཆེད་༧གོང་ས་མཆོག་དང་གནས་ཆུང་གཉིས་ཀ་བེད་སྤྱོད་རིམ་པར་བཏང་བས། ཁོང་ལ་བླ་མ་དང་སྲུང་མར་ཡིད་ཆེས་བརྩི་བཀུར་ཅི་ཙམ་ཡོད་མེད་མཚོན་ཐུབ། བཀའ་ཤག་གི་དུས་དབང་གསལ་བཤད་ཟེར་བའི་ནང་མི་མང་ལ་བརྡབ་གསིག་མི་ཡོང་ཆེད། སྐུ་ངལ་གསོ་དགོས་ཞེས་བརྡ་ལན་བཏང་ཡོད་ཟེར་ནའང་། ༧གོང་ས་མཆོག་ཨ་རིར་ཕེབས་ཤུལ་དུ་གནས་ཆུང་གི་བཀའ་ལུང་ལ་བཀའ་ཤག་གི་བཀོད་ཁྱབ་འོག ཆོས་རིག་ལས་ཁུངས་ཀྱི་ལས་ཤོག་སྟེང་༼ཛ་དྲག་༽ཞེས་པའི་ཁ་བྱང་འོག་ཞབས་རིམ་གཞིས་བྱེས་གཉིས་སུ་བཀྲམས་ཏེ་མི་མང་ནང་བརྡབ་གསིག་འགྲོ་མིན་ལ་སྣང་བ་བཏང་མེད། སྟབས་ཡག་ནས་མི་མང་གིས་དངོས་དོན་མཁྱེན་མེད་ན། བོད་མི་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་ཤོར་ཡོད། གཞན་དུས་དབང་ཕྱིར་འགྱངས་སྐོར་རྡོ་རྗེ་སྐེད་བཟུང་གིས ༢༠༡༥། ༨། ༢༩ །ནས་ཨུ་ཚུགས་བསྐྱོན་ཏེ་བཅོས་སྒྲུང་མགོ་རྔ་མི་མཚུངས་པ་ཞིག་ནན་གྱིས་གསུང་བ་མ་གཏོགས། སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཉིས་ཀས་ངྷ་སའི་ཆུ་སྒང་ཟེར་བར་ཆོས་ཕྱོགས་ནས་ཚོགས་བསགས་ཐེངས་གཅིག་བྱ་རྒྱུའི་གོ་སྐབས་ཀྱང་མ་གནང་སྐོར་ཚིག་གཅིག་གསུང་མེད་ཁར། ལྡི་ལིའི་ཆུ་སྒང་ཟེར་བའི་ངོ་སྲུང་མཐའ་འཁྱོངས་གནང་སྟེ་འོས་ཤོག་ཁོ་ནར་དམིགས་པ་ལས། བོད་སྤྱིའི་ཆིག་སྒྲིལ་ཕར་ཟད། ཁམས་པ་ནང་ཁུལ་གྱི་མཐུན་ལམ་ཙམ་ལའང་ཤ་ཚ་མེད་པ་གསལ་བོ་བསྟན་ཡོད།
༡༠ ༽ བཟང་སྤྱོད་དང་ངོ་ཚ་ཤེས་པ། གཞན་ནམ་ཕ་རོལ་པོའི་གནས་བབ་ལ་བསམ་བློ་བཏང་སྟེ་རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་ལས་དོན་སྐྱོང་དགོས་པ་ནི་འཇིག་རྟེན་པ་ཞིག་གི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཀྱི་གཞི་རྟེན་ཡིན་ལ། གངས་ཅན་པའི་རིག་གནས་ཀྱིས་བསྐྱེད་པའི་མགོ་ཁྲིད་ཞིག་གི་མ་མཐའི་ཆ་རྐྱེན་ཡིན་ཡང་། སྲིད་སྐྱོང་མཆོག་གིས། བཀའ་ཤག་རྒྱབ་ཏུ་དྲངས་ཏེ། ཁ་གཏད་སྲིད་སྐྱོང་འོས་མིར་འོས་མི་ཐོབ་ཆེད་ཙམ་མིན་པར། དངོས་ཤུགས་བརྒྱུད་གསུམ་ནས་མི་རྒྱུ་གཉིས་ཀྱིས་ནག་པོ་བཟོ་ཐབས་བར་མེད་དུ་བྱེད་པ་ནི། བོད་ཀྱི་སྤྱི་ཚོགས་འཁྲུགས་གཞི་དང་། མི་རབས་གསར་པ་ཚོར་མིག་དཔེ་ངན་པ་ཡོང་གཞི་ཡིན་པ་ཀུན་གྱིས་མཁྱེན་ཡང་། སྲིད་སྐྱོང་གིས་སོ་སོར་འོས་ཐོབ་སོང་ན། ཐབས་ཤེས་ཅི་ཡིན་ཡང་ལག་ཏུ་བསྟར་ཕོད་པ་འདི་ནི་ཧ་ལས་པའི་བློ་ཕམ་གྱི་གནས་དེ་རེད། རྒྱུ་མཚན་འདི་དག་གི་རྐྱེན་པས། བློ་བཟང་སེང་གེ་ལགས་ལ་གཞི་རིམ་གྱི་བཟང་སྤྱོད་ཙམ་ཡང་མེད་པ་གསལ་སྟོན་བྱས་འདུག་པས། ཁོང་བསྐྱར་དུ་སྲིད་སྐྱོང་ལ་ཕེབས་ན། བོད་མི་རིགས་ལ་ཕན་ལས་གནོད་འཚབ་ཆེ་བ་ནམ་ལངས་ཉི་ཤར་རེད།།
༢༠༡༦། ༢། ༡༣། ཉིན།།
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་མཁྱེན་གྱི་མེད། དེ་མེད་པའི་གནས་སྟངས་ལོ་བཞི་དང་ཕྱེད་ཀའི་ནང་གསལ་བོ་ཆགས་ཟིན། སྲིད་སྐྱོང་གི་མཚན་གནས་རྗེས་འབྲེལ་གྱིས་འབུར་དུ་ཐོན་པའི་རྣམ་དཔྱོད་སྟོན་དགོས་ས་ཆབ་སྲིད་སྐོར་ཡིན་ཡང་། ད་བར་ཕྱི་ནང་གི་སྡིངས་ཆ་ཁག་དང་། གསར་ཤོག་ཁག གཞུང་འབྲེལ་གྲོས་ཚོགས་ནང་བཀའ་ཤག་གི་གསལ་བཤད་ཀྱིས་མཚོན་པའི་ཆབ་སྲིད་ཐད་ཀྱི་གཏམ་བཤད་ཁག་རང་གཞན་དོ་སྣང་འདྲེན་པ་གཅིག་ཀྱང་གསུང་ཐུབ་མེད། དེ་ནི་སྦས་པ་མིན་ལ། ཡོད་པ་དང་མཁྱེན་ནུས་འཛོམས་ཚེ་སྒྲོག་པ་ལ་ཅི་མི་སྙམ་པ་ནི་ཁོང་གི་ད་བར་གྱི་གཤིས་ཀ་ལ་བལྟས་ན་ར་སྤྲོད་ཐུབ་པས། མ་མཁྱེན་པས་ཡིན་པ་མ་གཏོགས་རྒྱུ་མཚན་གཞན་ཅི་ཡང་མེད།
བློ་ལྡན་ལགས་ནི་བློ་དང་ལྡན་པ་ཞིག་རང་རེད་འདུག། ཁྱེད་ཀྱི་གསུང་པའི་དོན་ཚན་ཚང་མར་རྒྱུ་མཚན་ཤུགས་ཆེན་འདུག། དེ་ནི་བོད་མི་ཚང་མས་བསམ་བློ་གཏིང་ཟབ་ཀྱི་དཔྱད་པ་བྱ་དགོས་པའི་གནས་དོན་གལ་ཆེན་ཞིག་ལས། དེ་མིན་གྱི་ཁྱེད་ལ་ལན་འདེབས་སམ་འགྲིག་མིན་བརྗོད་མཁན་གྱི་སྐྱེ་བོ་ཀླད་སྟོང་ཅན། རང་གི་བསམ་བློ་ཕྲན་བུ་ཙམ་ཡང་མ་གཏང་བར། ལམ་སེང་དགའ་མི་དགའ་སྡུག་དང་ཆོལ་ཁའི་གཞན་ཁོག་ལྐུག་པ་དེ་རྩེར་འཁྱེར་མཁན་དེ་ཚོའི་བྱེད་སྟང་གི་སངས་རྒྱས་ཁོང་གི་དགོངས་པ་དཀྲུགས་བོད་མའི་དབར་འགལ་ཟླ་བཟོ་རྒྱུ་ལས་གཞན་གང་ཡང་མེད།
སྲིད་སྐྱོང་འོས་མི་གཉིས་ལ་ཀུན་སྤྱོད་ཀྱི་ཆ་ནས་གཤིབ་བསྡུར་བྱས་པ།
—ཕུར་རྡོར་གྱིས།
མིག་སྔར་གྱི་སྲིད་སྐྱོང་འོས་མི་གཉིས་ལ་བལྟས་ཏེ་ཀུན་སྤྱོད་གཅིག་པུའི་ཐོག་ནས་གཤིབ་བསྡུར་ཞིག་བྱས་ན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ཡིས་མང་ཆེ་བ་འབྱུང་འགྱུར་གྱི་འཆར་གཞི་དང་། གཞན་གྱིས་སྐྱོན་བརྗོད་བྱས་པར་དཔང་རྟགས་ཀྱི་སྒོ་ནས་གསལ་བཤད་བྱ་རྒྱུ་ཤ་སྟག་ལས། གཞན་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་ཀྱི་མེད། ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གིས་ནི་དེ་ལས་ལྡོག་ནས་ཁ་གཏད་དེ་ལ་གཞི་མེད་སྐྱོན་བརྗོད་ཤ་སྟག་སྟེ། དཔེར་ན། དུས་དབང་གསལ་བསྒྲགས་བྱེད་སྟངས་ཀྱི་ཐད་ལ་གཞུང་གི་གསང་བ་ཕྱི་བསྒྲགས་བྱེད་མི་ཆོག་པ་དེ་ལག་ཆ་རུ་བྱས་ཤིང་གོ་སྐབས་སུ་བཟུང་ནས་ཉེ་སྔོན་ཨ་རིར་གཏམ་བཤད་ཅིག་གི་ནང་དུ། དུས་དབང་ཕྱི་འགྱངས་བྱས་པ་དེའི་རྒྱབ་ཏུ་གསང་བ་ཆེན་པོ་ཞིག་ཡོད་པ་ཤེས་ཀྱི་ཡོད་མདོག་མདོག་གིས་༸གོང་ས་མཆོག་གི་ཞལ་གསུང་དྲོན་མོ་ལོག་འགྲེལ་བྱས་ཏེ། ཧམ་པ་ཆེན་པོས་སྐྱག་རྫུན་རོ་འདྲ་ཞིག་གིས་མི་དམངས་མགོ་སྐོར་བཏང་བ་ཡིན། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་བཞེས་མཁན་གཙོ་བོ་རྣམ་པ་སྟེ། ལྷན་ཁང་ཁག་གི་བཀའ་བློན་ལྷན་རྒྱས་སེམས་ཀྱིས་མ་བཟོད་པར་༼བཀའ་ཤག་གི་གསལ་བཤད།༽ཅེས་པ་ཞིག་སྤེལ་ནས་ཚོགས་གཙོ་སྤེན་ཚེའི་གདོང་ལྤགས་མཐུག་པོ་དེ་བཤུ་དགོས་བྱུང་པ་ཡིན།
ཡིན་ནའང་སྐྱག་རྫུན་གཅིག་གིས་གོ་མ་ཆོད་པར་ཡང་བསྐྱར་སྐྱག་རྫུན་བཤད་ནས། “སྲིད་སྐྱོང་གིས་ང་ལ་དེ་སྔ་ནས་ལབས་པ་ཡིན་ན་སྐབས་དེར་ངས་དེ་ལྟར་བཤད་ཀྱི་མ་རེད།”ཟེར་ནས་རང་ཉིད་འགེབ་སྲུང་བྱེད་ཐབས་བྱས། སྲིད་སྐྱོང་གིས་སླར་ཡང་“ངས་བཀའ་བློན་རྣམ་པ་བཞི་དང་ཚོགས་གཞོན་ཆ་ཚང་ཡོད་སའི་མདུན་ནས་ཚོགས་གཙོ་ལ་ཞལ་པར་ཕུལ་ནས་ཆ་ཚང་བཤད་པ་ཡིན།”ཟེར་ནས་ཡང་བསྐྱར་དམར་རྗེན་དུ་བཏོན། ཡིན་ནའང་ཁྲེལ་མེད་ནི་ཁྲེལ་མེད་རང་སྟེ། ད་དུང་ས་གནས་ཁག་ཏུ་སྐོར་སྐྱོད་བྱེད་བཞིན་ད་ལྟའི་སྲིད་སྐྱོང་གིས་ཅི་ཅི་ཅིག་འཇོན་མ་སོང་ཉི་ཉི་ཉིས་ཐོན་མ་སོང་ཟེར་ནས་ཁྲམ་པ་དང་ཧམ་པ་ཁོ་ནས་མི་དམངས་མགོ་སྐོར་གཏོང་བཞིན་སྐོར་སྐྱོད་བྱེད་བཞིན་ཡོད།
སྲིད་སྐྱོང་འོས་མི་གཉིས་ཀྱི་གསུང་བཤད་ཀྱི་ནང་དོན་ལས། ཁོང་རྣམ་པ་གཉིས་ཀྱི་བསམ་བློའི་གནས་ཚད་དང་ཤེས་ཡོན་གྱི་རྒྱབ་ལྗོངས་སོགས་མང་པོ་ཞིག་ལ་ཚད་འཇལ་མི་དགོས་པར། ཞལ་རྫུན་བཤད་མིན་གྱི་གནད་དོན་ཁོ་ནའི་སྟེང་ནས་ཀྱང་ཁོང་རྣམ་གཉིས་ཀྱི་ཀུན་སྤྱོད་ལ་ཚད་འཇལ་བཏུབ་པའི་གནས་སྟངས་སུ་གྱུར་ཡོད། དེ་བས། ང་ཚོ་ལ་བོད་སྤྱི་པའི་རྩ་དོན་གྱི་སླད་དུ་མ་མཐའ་ཡང་ཞལ་རྫུན་མི་གསུང་མཁན་གྱི་སྲིད་སྐྱོང་ཞིག་དགོས་སམ། ཡང་ན་༸གོང་ས་མཆོག་གི་ཞལ་གསུང་དྲོན་མོ་ལ་མངོན་སུམ་གྱིས་བསྙོན་ཏེ་ཁྲམ་པ་དང་སྐྱག་རྫུན་ཤ་སྟག་གིས་མི་དམངས་མགོ་སྐོར་གཏོང་མཁན་གྱི་སྲིད་སྐྱོང་ཞིག་དགོས་མིན་དེ་ང་ཚོ་ཚང་མར་འདེམ་ཀ་བྱེད་རྒྱུའི་དབང་ཆ་ཡོད་པས། ཚང་མས་ཅིས་ཀྱང་ཐུགས་བསམ་ལེགས་པོ་བཞེས་ཏེ་སྲིད་སྐྱོང་མ་ནོར་བ་ཞིག་གདམ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་། །
བོད་མི་རིགས་ཀྱི་གནས་སྟངས་ད་བར་གང་འདྲ་ཞིག་ལ་ཐུག་འདུག་དྲ་གྲོགས་རྣམ་པ་ལགས་འུ་ཚོས་འདི་ལྟར་རྩོད་པ་བྱེད་འོས་པ་ཞིག་རེད་དམ། མ་ཟད་སྲིད་སྐྱོང་འོས་མི་གཉིས་སུ་ཡིན་རུང་གང་ཙམ་ཡག་པོ་ཡོད་པར་མ་ཟད་སློབ་སྦྱོང་རེད་འཇོན་ཐང་གང་ཐད་ནས་འགྲིག་གི་འདུག་བསམ་པ་བྱུང་། ཡིན་ན་ཡང་དྲ་ཐོག་ཏུ་གནས་ཚུལ་འདྲ་མིན་དང་སྐྱོན་བརྗོད་འདྲ་མིན་གནང་བ་ཡིན་ན་རྗེས་སུ་ཁོང་གཉིས་སུ་ཞིག་སྲིད་སྐྱོང་ལ་ཕེབས་པ་ཡིན་ན་མི་མང་གིས་དངོས་འཛིན་གང་འདྲ་གནང་རེད་འུ་ཅག་བོད་མི་རེད་བོད་ལ་དར་རྒྱལ་ཁབ་མེད་པར་ཡུལ་གྱར་བྱས་ནས་འདུག་དགོས་བྱུང་བ་ཐོས་ཡོད་དམ་ཡོད་ན་ངེས་པར་ཁོང་གཉིས་སུ་ཞིག་ལ་ཡིན་རུང་གཞི་མེད་སྐྱོན་བརྗོད་མ་གནས་རོགས་ཞུ་འདོད་བྱུང་ཐུགས་རྗེས་གཟིགས།
བློ་ལྡན་ལགས་ཀྱིས་བཀོད་པའི་རྩོམ་ཡིག་དེ་ཡག་པོ་ཞིག་བྲིས་འདུག ངོས་ལེན་ཡོད། རྒྱབ་སྐྱོར་ཡོད། གཞི་མེད་སྐྱོན་འཛུགས་ཤིག་གཏན་ནས་རེད་མི་གདའ། ད་ཚང་མས་ཅིག་གཟིགས་དང་། སྲིད་སྐྱོང་རང་ཉིང་ཀྱང་གཞུང་འབྲེལ་ཕྱོགས་བསྐྱོད་སྒེར་དགོངས་ལ་བསྒྱུར། འོས་བསྡུའི་དྲིལ་བསྒྲགས་སྐབས་རང་ཉིད་དཀར་འདོན་བྱེད་ཐབས་སུ་ཕ་རོལ་བོ་ནག་པོ་བཟོ་ཐབས་བྱེད་སྟངས། སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས་སྲིད་སྐྱོང་ཕྱོགས་བསྐྱོད་སྐབས་བྱེད་སྟངས་ལ་ཅིག་གཟིགས་དང་། མིག་མཐོང་ལག་ཟིན་རེད། མགོ་དཀར་ཚང་སྐལ་རྡོར་གྱིས་གཙོས་པའི་མི་བུ་ཀླད་མེད་ཚོའི་བྱེད་སྟངས་ལ་ཅིག་ལྟོས་དང་། ལྷག་པར་དུ་བགྲོ་གླེང་གཙོ་སྐྱོང་བ་ཚོས་དྲི་བ་བཀོད་པ་ལ་ཕྱོགས་དང་རིས་སུ་བཅད་ནས་སྟངས་འཛིན་བྱེད་སྟངས་ལ་ཅིག་ལྟོས་དང་། ངོ་མ་མང་གཙོའི་ལུང་པ་ནས་སྒེར་གཅོད་པ་རང་ཆགས་ཡོང་གི་འདུག གནས་ཚུལ་དེ་ཚོ་རིམ་པ་ལྟར་དྲ་ཐོག་ལ་མཐོང་ཡོང་གི་རེད།
༼ ༄༅། །འདིར་ཕེབས་མཁན་ཚོས་གོང་གི་བརྗོད་གཞི་དང་འབྲེལ་བའི་ཐོག་སྤྱི་ལ་ཕན་པའི་དཔྱད་གཏམ་སྤེལ་རྒྱུར་དགའ་བསུ་ཞུ་བཞིན་ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི། གང་ཟག་སྒེར་ལ་དོན་མེད་སྐྱོན་བརྗོད་བྱེད་པ་དང་། ཆོལ་ཁ་ཆོས་ལུགས་ཕྱོགས་འཐེན་བྱེད་པ། མི་གཞན་གྱི་མིང་ཐོག་ནས་དཔྱད་གཏམ་སྤེལ་བ་སོགས་མི་གནང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད་ལ། བོད་ཀྱི་དུས་བབ་ནི་བོད་ཡིག་རྐྱང་པའི་དྲ་ཚིགས་ཤིག་ཡིན་སྟབས་རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ཡིག་གཞན་ཡང་མི་སྤྱོད་རྒྱུ་ཐུགས་འཇགས་ཞུ།༽
དུས་བབ་ཚང་གི་སྐད་ཆ་འདི་ལ་སྣང་འགྲོ་སོང་། ཡིན་ན་ཡང་གོང་གི་རྩོམ་རྙོག་འདི་གཉིས་འགལ་བ་རེད་འདུག་དེའི་རྒྱུ་མཚན་གང་ཡིན་ན། འོ་ན་གོང་གི་རེ་སྐུལ་དེ་དུས་བབ་ཚང་གི་འབྲལ་ཡོད་རྣམས་ལ་དེ་ལྟར་གསུང་མི་ཆོག་པའི་རེ་སྐུལ་ཡིན་ནམ། ངོ་མ་ཡ་ཚན་རེད།
སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་ཤོག་སླེབས་ལ་ཉེ་བའི་སྐབས་འདིར་ཡི་གེ་བ་སུས་བསམ་འཆར་སྤེལ་ཡང་ཚད་ལྡན་ཁུངས་འཕེར་དངོས་ར་འཕྲོད་ཐུབ་པ་སྤེལ་དགོས་པ་ལས། བདེན་མིན་སྤྱི་སྦམ་ཐན་ཐུན་རིགས་བྲིས་ན་མི་མང་མགོ་སྐོར་གྱི་གཞིར་འགྱུར་ངེས་ཡིན་པས་བསམ་བློ་སྤྱི་ལ་བཏང་ནས་བརྒྱུད་བསྐུར་གནང་དགོས་པ་ནི་ད་ལྟའི་དུས་སུ་ཧ་ཅང་གི་གནད་འགག་ཅིག་རེད་བསམ་གྱི་ཡོད།
དེ་མིན་འོས་མི་གཉིས་ཀྱིས་ཀྱང་ཕན་ཚུན་ཚིག་ཚོན་གཡུག་རེ་དང་། དེ་དང་འབྲེལ་ནས་ཕན་ཚུན་ཕྱོགས་གཏོགས་ཀྱིས་ཚིག་ཚོན་གཡུག་རེ་བྱས་ན་བོད་པ་སྤྱིའི་མཚན་མཐོང་ལ་གནོད་ངེས་ཡིན་པས་དེ་ལྟར་དགོངས་བཞེས་གནང་དགོས་པར་འདུག
གོང་གི་རྩོམ་ཡིག་ནང་བོད་མིའི་སྒྲིག་འཛུགས་ཀྱི་བྱས་ཅན་གཟུར་གནས། མི་མང་དོ་སྣང་ཅན། ཤེས་ལྡན་པ་ཕལ་མོ་ཆེས་མགྲིན་གཅིག་གིས་ཁོང་ལ་རྒྱབ་སྐྱོར་གནང་གི་མེད་པ་ནི་ན་ཚ་ཚབས་ཆེན་ཞིག་རེད། ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མང་ཆེ་བར་ལུང་ཚན་དང་ཆོལ་ཁའི་ཞེན་ཁོག་ཅན་དང་། གནས་ཚུལ་མགོ་མ་འཚོས་པ་ལས་རྒྱུ་མཚན་གཞན་མེད་ཅེས་བཀོད་འདུག་་་་་་
གོང་དུ་བློ་ལྡན་ཟེར་བ་ཞིག་གིས་དུས་ཚོད་ཆུད་ཟོས་ཨོ་ཙམ་བཏང་འདུག ཡིན་ཡང་ཁྱེད་རང་ཤ་ཚ། ཡིག་ཉོག་དེ་ལ་གོ་ཡ་གེ་མི་འདུག་ཏེ་བྲིས་ཁུལ་བྱས་འདུག
དངོས་གནས་བློ་ལྡན་ཞེས་པ་མིང་དང་དོན་མཚུངས་འདུག། བློ་སེང་གི་སྐྱོན་མཚང་རྣམས་རེ་རེ་བཞིན་ཐེར་འདོན་གནང་འདུག་པས་ཐུགས་རྗེ་ཆེ། ད་མི་མང་རྨོངས་གཉིད་ལས་སད་པའི་རེ་བ་ཤིན་ཏུ་ཆེ།
ད་དུང་བོད་ཀྱི་སྐད་ཡིག་ཡར་རྒྱས་ཀྱི་ཐབས་ལམ་ཤེས་ཡོན་སྲིད་ཇུས་ནད་པ་བཟོས་པའི་ནག་ཉེན། ༸རྒྱལ་བ་དོན་གྱི་བདག་པོས་སྐུ་ཚེ་གང་པོར་སྐུ་ལས་སྐྱོན་པར་བཀའ་དྲིན་བསམ་ཤེས་མེད་པར་ཁོ་རང་གིས་འདས་ལོ་བཞིའི་ནང་རྨང་གཞི་བཏིང་ཚུལ་བཤད་པ། འོས་བསྡུའི་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེའི་མཚན་གཏམ་བཤད་གཅིག་གི་ནང་གྲངས་ཉི་ཤུ་ནས་སུམ་ཅུའི་བར་སྨོས་ན་ཡང་དེ་སྔོན་ཁོ་རང་གིས་སྲིད་སྐྱོང་གནང་རིང་དོལ་རྒྱལ་ཚོགས་པ་ལ་གནད་དུ་ཁེལ་བའི་གདོང་ལེན་བྱས་མེད་པ། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེ་རྒྱལ་ཚོང་པ་རེད་ཅེས་སྐད་གསང་མཐོ་པོར་སྒྲག་མཁན་དག་ལ་ཚིག་གཅིག་ཀྱང་མ་བཤད་པར་ངན་པ་རྒྱ་ཡན་ཏུ་བཏང་བ་དང་། ཁོང་རང་དང་འབྲེལ་བའི་གནས་ཚུལ་བྱུང་མ་ཐག་དངོས་ལྡན་ཡིན་མིན་ལ་མ་བལྟོས་པར་བཀའ་ཤག་བེད་སྤྱད་ནས་གསལ་བསྒྲགས་ལོག་པ་སྤེལ་བ་སོགས་མཐའ་ཡས་སོ།།
གནས་ལུགས་དང་རྒྱུ་མཚན་འདུག་བཀའ་དྲིན་ཆེ།
སྐུ་ཤུ་མིང་ཅན། ༧གོང་ས་མཆོག་གིས་དེ་སྔོན་སྦར་སག་ཆོས་སྒར་དེ་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཡོད་ས་ཚུར་གལ་ཆེ་དོན་ཆེར་གཟིགས་ནས་སྤོས་པ་རེད་གསུངས་པ་དེ་ཚོ་ཁྱེད་ཀྱིས་མ་ཐོས་པ་སྡུག་རྣ་དེ་གང་གཏད་ནས་བསྡད་པ་ཡིན། ཤེས་མདོག་མ་བྱེད།
སྤྱིར་དགོན་པ་ཞེས་པ་ནི་གནས་དབེན་པར་ཞིག་དགོས་པ་དང་། བོད་ཀྱིས་ནང་ཆོས་དག་ཀྱང་མཐར་དགོན་པ་གྲ་ཚང་ཁག་ལ་རག་ལུས་ཡོད། འོན་ཀྱང་ད་ལྟ་སྲིད་སྐྱོང་ལས་ཐོག་པས་དགོན་པའི་ཉེ་འགྲམ་དུ་གཞུང་ཞབས་ཟུར་པ་བཞུགས་ས་ཡིན་ཟེར་ནས་རིན་གོང་མཐོ་བའི་ཁང་པ་རྒྱག་པ་དང་དེར་མ་ཟད་དགོན་པའི་ཉེ་དབས་སུ་གསར་འབྱོར་གཞིས་ཆགས་ཡིན་ཟེར་བ་སོགས་གང་ལྟར་མ་འོངས་པར་དགོན་པ་གཙང་མ་བཟོ་ཡ་ཆེད་དུ་ཡིན་པ་གསལ་པོ་རེད། དེ་ཡང་རི་བོ་དགེ་ལྡན་པའི་གདན་སའི་ཉེ་འདབས་སུ་ལས་གུལ་སྤེལ་མུ་ཡིན་འདུག བློ་ཕམ་ཡོད་སྲིད་སྐྱོངས་ལགས།
བཙན་བྱོལ་ནང་བོད་ཡིག་ཁྱ་ཁྱོ་ཙམ་ཤེས་མཁན་འདི་ཚོ་གྲས་ཡོད་པ་ལས་མེད་ན་བཟང་། དཔྱད་གཏམ་སྤེལ་ཁུལ་འདྲ་བྱེད་འདུག་ཀྱང་དྲང་བདེན་དང་ཕྱོགས་ལྷུང་མེད་པའི་དཔྱད་གཏམ་ཞིག་ཕར་ཆེར་མ་མཐོང་། བློ་ལྡན་ལགས་ཁྱེད་རང་གི་རྩོམ་རྙོག་འདི་བྲིས་པ་ནི་དུས་ཚོད་ཆུ་ཟོད་ལས་མ་འདས་སོ། འདི་བྲིས་པ་ནི་སུ་དང་གང་ལ་ཕན་ཐོགས་ཏིལ་འབྲུ་ཙམ་པར་ཟད། བོད་པའི་ཡ་རབས་བཟང་སྤྱོད་དང་ཆིག་སྒྲིལ་ལ་གནོད་པ་ཙམ་དུ་མ་ཟད་་་་ཁྱེད་རང་ཉིད་ཀྱི་མི་གཤིས་ཀྱང་འདི་འདྲ་ཞིག་ལས་མེད་ཚེ་བོད་ཡིག་སྦྱང་གོ་ཆོད་མི་འདུག
༄། །གོང་དུ་སྲིད་སྐྱོང་ལས་ཐོག་བློ་སེང་མཆོག་ལ་མ་དགའ་བའི་རང་མདོག་མངོན་སུམ་དུ་ཐོན་ནས་རྒྱུ་མཚན་དང་ཁུངས་ལུངས་སྣེ་གཅིག་མེད་པའི་སྲིད་སྐྱོང་མི་འོས་པའི་དོན་ཚན་བཅུ་ཞེས་པ་མཐོང་བས། འབྲི་བ་པོ་ངོ་མ་ཚ་ནའང་ང་ཀློག་པ་པོ་ཧང་ཅང་གི་བློ་ཕམ་དང་དུས་ཚོད་ཆུད་ཟོས་སུ་གྱུར་སོང་། རྒྱུ་མཚན་ནི་ང་ཚོ་བོད་ཆོས་ལྡན་གྱི་མི་རིག་ཙམ་མ་ཟད་༧གོང་ས་མཆོག་མདུན་ནས་བཀའ་དབང་དང་ཟབ་ཆོས་ཞུ་མཁན་ནང་དུའང་འདི་ལྟབུའི་ཀུན་སྤྱོད་ཅན་མཐོང་སྐབས་བོད་རྒྱ་ལག་ཏུ་ཤོར་བའང་ཁག་མི་འདུག་བསམ་པ་དྲན་སོང་། ད་མི་འདྲི་སེམས་སྐྱོ་་་་་་་་་་
༼དེ་ལས་ལྡོག་སྟེ་སྤེན་པ་ཚེ་རིང་གིས་རང་གི་རྒྱབ་སྐྱོར་བ་དག་ལ། སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ཆོལ་ཁའི་བར་འགལ་ཟླ་མེད་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མ་འགལ་བའི་རྩ་དོན་གསུམ་རྒྱབ་སྐྱོར་གནང་སྐབས་དམ་འཛིན་དགོས་པའི་ལམ་སྟོན་གནང་ཡོད།༽ འདི་གད་མོ་ཤོར་བའི་གནས་ཚུལ་རེད།
སྒང་ནས་བློ་སེང་ལ་སྐྱོན་བརྗོད་དེ་སྣང་བ་འགྲོ་པོ་ཨོ་ཙམ་བྱུང་སོང་། འོན་ཀྱང་གཤམ་དུ་སྤེན་པ་ཚེ་རིང་ཡར་བཀྱག་ལུགས་དེར་བལྟས་དུས་ཁྱེད་ཀྱང་གཡག་ཞ་ར་རེད་འདུག
སྤེན་པ་ཚེ་རིང་ནས་གྲོས་ཚོགས་ཐིང་གཉིས་དཀྲུག་སོང་ངམ། ད་དུང་དེ་ལས་འགོར་ལོག་ཆེ་བ་ཞིག་དགོས་ཀྱི་ཡོད་
དམ་ཞེས་དྲི་བ་ཡིན། ཚང་མས་ཐུགས་ལ་དགོངས་པ་ཡག་པོ་བཞེས་རོགས་གནང་ལག་གཉིས་ཐལ་མོ་སྦྱར་ནས།