ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
འབྲེལ་ཡོད་ཅིག་གིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་རེབ་གོང་རྫོང་གི་བྲག་དམར་འོག་བཙོན་ཁང་དུ་བཅུག་ཡོད་འདུག
ལོ་སྔོན་མའི་ཟླ་ ༧ ཕྱི་ཚེས་ ༡༠ ཙམ་ལ། རེབ་གོང་ཐུན་རིན་རྫོང་ཉེན་རྟོག་པས་གྲྭ་སྒོ་དམར་ཆོས་འཕེལ་ལགས་ཀྱི་བཞུགས་ཤག་ཏུ་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་ནག་ཉེས་སུ་རྩིས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་བར་ཟླ་ངོ ༧ ལྷག་ལ་བཀག་ཉར་བྱས་པ་བརྒྱུད་ཉེ་སྔོན་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་ཐག་བཅད་ནས་ཉིན་བཅུའི་རྗེས་སུ་ནང་མི་བལྟ་རུ་ཡོང་ཆོག་སྐོར་བརྗོད་འདུག
དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ནི་སྒོ་དམར་སྡེ་བའི་ཕ་ཀླུ་བྱམས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༤༧ ཡིན་ལ། རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཡིན་པ་དང་། རྒྱུན་དུ་ཡ་རབས་ཚུལ་མཐུན་དང་སློབ་སྦྱོང་ལ་བརྩོན་ཞིང་དགོན་པ་ནས་བསླབ་པ་མཐར་སོན་པའི་དགེ་འདུན་པ་རྒན་གྲས་ཤིག་ཡིན་འདུག
གསར་འགོད་པ། པདྨ་མཚོ།