ཐའེ་ཝན་གྲོས་ཚོགས་ཀྱི་གཞུང་སྒྲུབ་ཁང་གི་གྱང་ངོས་ཤིག་ཏུ་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཤམ་སྟེ་ལས་ཀའི་རྩ་དོན་སོགས་ཀྱི་ཐོག་བློ་སྐྱེད་མང་པོ་ཐོབ་ཀྱི་ཡོད་སྐོར་བརྗོད་འདུག
ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ནས་ལྕམ་ཚེ་ཡེན་ཝིན་གྱིས་དབུ་འཁྲིད་པའི་ཐའེ་ཝན་གཞུང་འཛིན་གསར་པའི་གྲོས་ཚོགས་དབུ་འཛུགས་གནང་ཡོད་པ་དང་། གྲོས་ཚོགས་དབུ་འཛུགས་མ་གནང་གོང་དུ་འཐུས་མི་རྣམས་ཀྱིས་གཞུང་སྒྲུབ་ཁང་གི་ཁོར་ཡུག་ལེགས་བཅོས་བྱས་ཏེ་རྣམ་པ་གསར་པ་ཞིག་མངོན་ཐབས་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། ཐའེ་ཝན་ནུས་སྟོབས་གསར་པའི་མཐུན་ཚོགས་ཀྱི་འཐུས་མི་ལིན་ཁྲང་ཙོ་(林昶佐)ཡི་གཞུང་སྒྲུབ་ཁང་གི་བཟོ་བཀོད་བསྐྱར་བཅོས་ལེགས་འགྲུབ་བྱུང་ཡོད་པ་དང་། ཁོང་གིས་ཇུས་འགོད་བྱས་པའི་གཞུང་སྒྲུབ་ཁང་དུ་ཁོང་རང་ཆུང་དུས་ནས་དགའ་མོས་བྱེད་སའི་ཉི་ཧོང་གི་དེང་རབས་རི་མོའི་སྒྱུ་རྩལ་བ་གྲགས་ཅན་ཡོ་ཞི་ཐོ་མོ་ནཱ་ར་(Yoshitomo Nara )ཡི་འགུལ་གཟུགས་འདྲ་པར་དང་། ཐའེ་ཝན་གྱི་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་སོགས་ཀྱི་འདྲ་པར་བཞག་ཡོད་པ་མ་ཟད། ཁོང་རང་སྒེར་གྱི་གཞུང་སྒྲུབ་ཁང་གི་ལྡེབས་ངོས་སུ་༧གོང་ས་མཆོག་གི་ཚོན་བྲིས་སྐུ་པར་ཆེན་པོ་ཞིག་བཞག་ཡོད་པ་སོགས་སྒེར་གྱི་དད་མོས་རང་བཞིན་གསལ་པོར་མངོན་ཡོད་སྟབས། སྤྱི་ཚོགས་ནང་ཁོང་གི་རྣམ་པ་གསར་པའི་བཟོ་བཀོད་དེ་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད་འདུག
སྐུ་ཞབས་ལིན་ཁྲང་ཙོ་ལགས་ཀྱིས་གསར་འགོད་པར་ལྡེབས་ངོས་ཀྱི་༧གོང་ས་མཆོག་གི་སྐུ་པར་སྐོར་ལ་བརྗོད་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བསམ་བློའི་དབུ་འཁྲིད་ཧ་ཅང་གལ་ཆེན་པོ་ཞིག་ཡིན་སྟབས། ང་རང་གི་ངོས་ནས་བཤད་ན་ལས་ཀའི་རྩ་དོན་སོགས་ཀྱི་ཐོག་ལ་བློ་སྐྱེད་མང་པོ་ཐོབ་ཀྱི་འདུག་ཅེས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།