ཀྲུའུ་ཝི་ཆིན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་གང་ལྟར་ཀྱང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལས་ཀ་བྱེད་སྟངས་འགྲིག་གི་མེད་པའི་རྣམ་པ་དེ་གསལ་པོ་ཐོན་ཚར་ཡོད་པ་རེད་ཟེར།
ཁ་སང་ཕྱི་ཚེས་ ༢༧ ཉིན་ཕྱི་ཕྱོགས་ཀྱི་རྒྱ་ཡིག་དྲ་བ་པའོ་ཝིན་གྱི་ནང་དུ། རྒྱ་ནག་པེ་ཅིན་དུ་ཡོད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྲུའུ་ཝི་ཆིན་གྱིས། སྤྲུལ་སྐུའི་མཚན་གནས་བཙོང་སྟེ་དཔལ་འབྱོར་གྱི་ཁེ་ཕན་བླངས་བར་བརྟེན། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་ཀྱི་ཉེས་དོན་མང་ཆེ་བ་དང་པོར་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནས་ཕྱིར་བསྒྲགས་ཡོད་པ་ལྟར། ཀྲུའུ་ཝི་ཆིན་གྱི་གནད་དོན་དེར་སྤྱི་ཚོགས་ཐོག་ནས་དོ་སྣང་ཆེན་པོ་བྱས་ཏེ་དོགས་སློང་སྣ་ཚོགས་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་དེ་ཁྱབ་མ་ཐག་ཀྲུའུ་ཝི་ཆིན་གྱིས་གོ་ལའི་དུས་བབ་(Global times)ཅེས་པའི་དྲ་རྒྱའི་ཐོག་གནས་ཚུལ་དེ་རྫུན་གཏམ་ཁོ་ན་ཡིན་ལ། རྫུན་གཏམ་བཤད་མཁན་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པ་བརྗོད་མི་དགོས་ལ། དེས་ཁོའི་ཁ་བྲལ་རིང་ལུགས་ལ་འཐབ་རྩོད་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ཡོད་སྐོར་བསྒྲགས་འདུག
པེ་ཅིན་དུ་གནས་སྡོད་བྱས་ཡོད་པའི་གནས་ཚུལ་མཁོ་སྤྲོད་པ་དེས་པའོ་ཝིན་དྲ་བའི་གསར་འགོད་པར། ཀྲུའུ་ཡིས་རྒྱ་སྒོར་ས་ཡ་ ༣ རེ་བྱས་ནས་སྤྲུལ་སྐུའི་མཚན་གནས་བཙོང་པའི་ནག་ཉེས་ཁྲོད། འདས་ལོར་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་ཆགས་པའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀྲང་ཐེ་ལིན་ཟེར་བ་ཁྲི་འདོན་བྱས་པ་དེའང་ཀྲུའུ་ཝི་ཆིན་གྱི་ས་ནས་སྒོར་མོས་ཉོས་ཡོང་བའི་སྤྲུལ་སྐུའི་མིང་གནས་ཤིག་ཡིན་སྐོར་དང་། ཀྲུའུ་ཝི་ཆིན་གྱིས་སྤྲུལ་སྐུའི་མཚན་གནས་བཙོང་སྟེ་དཔལ་འབྱོར་གྱི་ཁེ་ཕན་བླངས་བའི་དོགས་གཞི་ཡོད་པ་མ་ཟད། བཙུན་མ་ག་གེ་མོར་ཕྲུ་གུ་བཟོས་པའི་རུལ་སུངས་ཀྱི་གནད་དོན་བྱུང་རྐྱེན་ཆོས་ལུགས་མི་སྣའི་ཁྲོད་སྔ་མོ་ནས་ཀྲུའུ་ཝི་ཆིན་ལ་རྩི་མཐོང་མེད་སྐོར་བརྗོད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པ་དེས། རྒྱལ་ཁབ་ཆོས་ལུགས་ལྷན་ཁང་གིས་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ཉིན་ནས་བཟུང་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཕྱོགས་ཟེར་བ་དེ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པར་སྙན་ཞུ་ཕུལ་ཏེ་སྲིད་གཞུང་གི་ཆོག་མཆན་ཡི་གེ་ལེན་དགོས་ཤིང་། ཡང་སྲིད་ངོས་འཛིན་ལ་ཞིབ་བཤེར་ཆོག་མཆན་སྤྲོད་པའི་དབང་ཆ་དེ་ཞིང་ཆེན་རིམ་པ་ཡན་གྱི་སྲིད་གཞུང་གི་ཆོས་ལུགས་སྡེ་ཁག་ལ་ཡོད་པ་དང་། ཤུགས་རྐྱེན་ཆེ་བའི་ཡང་སྲིད་ངོས་འཛིན་ལ་རྒྱལ་ཁབ་ཆོས་ལུགས་ལྷན་ཁང་གི་ཞིབ་བཤེར་ཆོག་མཆན་དགོས་པ་དང་། དམིགས་བསལ་གྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པའི་ཡང་སྲིད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཆོག་མཆན་དགོས་སྐོར་བརྗོད་ཡོད་ཀྱང་། དོན་དངོས་ཐོག་ཆོས་ལུགས་ལས་དོན་གྱི་ཐག་གཅོད་དབང་ཆ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ཡོད་པ་ལས་ཆོས་ལུགས་ལྷན་ཁང་ལ་མེད་སྐོར་བརྗོད་འདུག
དེ་རིང་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་སྟེང་། ཀྲུའུ་ཝེ་ཆོན་གྱིས་རྫུན་གཏམ་བཤད་མཁན་དེས་ཏང་དང་སྲིད་གཞུང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལ་སེམས་ངན་བཅངས་ནས་དེ་ལྟར་བརྗོད་པ་རེད། སྤྲུལ་སྐུ་ནི་ངེས་པར་དུ་ལོ་རྒྱུས་ཀྱི་གཏན་འཁེལ་སྒྲིག་སྲོལ་དང་ཆོས་ཀྱི་ཆོ་ག་ལྟར་ངོས་འཛིན་དགོས་པ་ལས། མི་སྒེར་སུ་ཞིག་ལའང་དེ་ངོས་འཛིན་པའི་དབང་ཆ་མེད་ལ། ངས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་གནས་ལས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་གཏན་འབེབས་ལག་བསྟན་གཟབ་ནན་བྱས་ཏེ་རང་གི་ལས་འགན་བསྒྲུབས་ཡོད་པ་དང་། གཟབ་ནན་ངང་ཁྲིམས་ལྟར་དོན་བསྒྲུབས་པ་ལས། མི་སུ་ཞིག་ལའང་སྤྲུལ་སྐུ་ངོས་འཛིན་བརྒྱུད་སྒེར་གྱི་ཁེ་ཕན་རག་ཐབས་བྱེད་དུ་བཅུག་གཏན་ནས་མེད། ཅེས་བརྗོད་འདུག
ཡང་ཀྲུའུ་ཡིས། ངས་རྫུན་གཏམ་བཤད་མཁན་དེ་དང་དེའི་རྒྱབ་ལྗོངས་སོགས་ད་དུང་ཤེས་མེད་ནའང་། དེ་ནི་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་། ཀྲུང་གོ་ཁ་བྲལ་གཏོང་འདོད་མཁན་ཞིག་ཡིན་པ་ནི་སྨྲ་མི་དགོས་པ་ཞིག་རེད་ཅེས་དང་། ཁོས་ང་ལ་ཚུར་རྒོལ་བྱས་པ་དེས་རྫུན་གཏམ་བྱེད་མཁན་དེའི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་མཚོན་པ་ཁོ་ན་ཡིན། ངས་ནམ་རྒྱུན་བོད་དང་འབྲེལ་བའི་ལས་ཀ་དང་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་ལས་ཀ་བསྒྲུབས་པ་ཡིས་ཁ་བྲལ་རིང་ལུགས་ལ་ཁོང་ཁྲོ་བསླངས་ཤིང་ང་ལ་དགྲ་འཛིན་གྱི་ལྟ་བ་བཟུང་པ་ཡིན་པ་སྨྲ་མི་དགོས་པ་ཞིག་རེད། དེ་ནི་ངའི་གཟི་བརྗིད་ཡིན། རྫུན་གཏམ་དེ་དག་གིས་ང་རང་ས་ལ་བསྒྱེལ་མི་སྲིད་པ་མ་ཟད། ངའི་ཁ་བྲལ་རིང་ལུགས་ལ་འཐབ་རྩོད་བྱེད་པའི་ཆོད་སེམས་དེ་སྔར་བས་བརྟན་དུ་བཏང་སོང། ཞེས་བརྗོད་འདུག
བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་བོད་རྒྱའི་གནད་དོན་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་སུ་གནས་ཚུལ་དེའི་ཐད་གཟིགས་ཚུལ་གང་འདྲ་ཡོད་དྲིས་པར་ཁོང་གིས། གནས་ཚུལ་དེ་ཕྱི་ལོགས་ལ་ཡོད་པའི་རྒྱ་ཡིག་དྲ་རྒྱ་པའོ་ཝིན་ཟེར་བ་དེའི་ནང་ཐོན་ཡོད་པ་དང་། དེ་ཕྱི་ལོགས་ནས་ཐོན་པ་རེད་མ་གཏོགས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ཐོན་པ་ཞིག་མ་རེད། གནས་ཚུལ་དེ་ཐོན་རྗེས་ཀྲུའུ་ཝི་ཆིན་གྱིས་གོ་ལའི་དུས་བབ་(Global times)ཟེར་བ་དེའི་ནང་། ངས་སུ་ཡིན་མིན་ཞིབ་འཇུག་ཆ་ཚང་བྱ་རྒྱུ་མ་བྱུང་སྟེ་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཁ་བྲལ་གྱི་སྟོབས་ཤུགས་ཡིན་རྒྱུ་རེད་ཅེས་ལབ་ཡོད་པ་རེད། ཀྲུའུ་ཝི་ཆིན་གྱིས་སྐད་ཆ་ག་དུས་བཤད་པ་ཡིན་ནའང་ཕྱི་ལོགས་ནས་བཟོས་པ་རེད་ཟེར་བ་དེ་ཁོ་རང་གི་གཤིས་ཀ་འདྲ་པོ་ཞིག་རེད་ལ། ཁོ་རང་གིས་ག་རེ་བཤད་དང་མ་བཤད་ཁོ་རང་གི་རང་དབང་རེད། ཡིན་ནའང་། ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་བཟོས་པ་རེད་ཟེར་དུས་བོད་པ་དང་འབྲེལ་བ་ཡོད་མཁན་ཞིག་གིས་བཟོས་པ་རེད་ཟེར་གྱི་ཡོད་པ་རེད་བཱ། ངས་སྐད་ཆ་དེ་ཁུངས་ལུང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ཅེས་དང་།
ཁོང་གིས་མུ་མཐུད། ང་རང་སྒེར་གྱི་ལྟ་སྣང་ཡིན་ན། པའོ་ཝིན་ཟེར་བའི་དྲ་རྒྱ་དེའི་ནང་ཐོན་པའི་གནས་ཚུལ་དེ་བདེན་པ་ཡིན་དང་མིན། གལ་སྲིད་བདེན་པ་ཡིན་ན་ཀྲུའུ་ཝི་ཆིན་ལ་ཐག་གཅོད་ག་རེ་བྱ་རྒྱུ་རེད་ཟེར་བ་དེ་ཚོར་མུ་མཐུད་ནས་ལྟ་རྒྱུ་རེད་མ་གཏོགས་ད་ལྟ་ལབ་ཐུབ་པའི་གནས་ཚུལ་ཅི་མ་རེད། ཡིན་ནའང་། གསལ་པོ་ཞིག་ག་རེ་ཡོད་པ་རེད་ཟེར་ན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལས་ཀ་བྱེད་སྟངས་དེ་འགྲིག་གི་མེད་པའི་རྣམ་པ་གསལ་པོ་ཞིག་འདས་པའི་ལོ་གཅིག་གཉིས་ནང་ཐོན་ཡོད་པ་རེད། དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། ཞི་ཅིན་ཕིན་ཡར་བསླེབས་རྗེས་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་ཀ་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཟེར་བ་ཞིག་གཏན་འབེབས་བྱས་ཡོད་པ་དང་། གཉིས་ནས་དབུས་འཐབ་ཕྱོགས་གཅིག་གྱུར་མགོ་ཁྲིད་ལས་ཁུངས་ཟེར་བ་ཞིག་བཙུགས་ཡོད་པ་རེད། དེས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། སྤྱི་ཡོངས་ནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་ཀ་བྱེད་ཕྱོགས་འགྲིག་གི་མེད་པ་དེ་གསལ་པོ་སྟོན་གྱི་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
ཡང་ཁོང་གིས། གནས་ཚུལ་དེ་ལས་འཕྲོས་ཏེ་ང་ཚོས་དྲན་གསོ་བྱེད་དགོས་པ་ག་རེ་ཡོད་པ་རེད་ཟེར་ན། ཀྲུའུ་ཝི་ཆིན་གྱིས་ཟླ་བ་ཁ་ཤས་ཀྱི་སྔོན་དུ་ཀྲང་ཐེ་ལིན་ཟེར་བ་ཞིག་བླ་མ་བཟོས་ཏེ་ཧོང་ཀོང་དང་རྒྱ་ནག་ནང་གནས་ཚུལ་ཞེ་དྲགས་ཤུགས་ཆེན་པོ་བྱུང་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་བའི་རྒྱ་ནག་གཞུང་འབྲེལ་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུའུ་ཝི་ཆིན་གྱིས་བོད་པའི་བླ་མ་མང་པོ་རྒྱ་ནག་ཏུ་ཡོང་ནས་མགོ་སྐོར་བཏང་སྟེ་དངུལ་མང་པོ་བཟོས་རྗེས། བོད་དུ་ཕྱིན་ནས་ཁ་བྲལ་རིང་ལུགས་པ་བྱེད་ཀྱི་ཡོད་པ་རེད་ཅེས་ལབ་ཡོད་པ་རེད། སྐད་ཆ་དེ་དངོས་ཡོད་གནས་ཚུལ་མ་རེད། དངོས་གནས་བླ་མ་རྫུན་མ་ཐོན་གྱི་ཡོད་ན་ང་ཚོས་ཀྱང་ངོ་རྒོལ་བྱེད་ངེས་རེད་བཱ། ཀྲུའུ་ཝི་ཆིན་གྱིས་བཤད་པ་ནང་བཞིན་ཡིན་ན་ཁུངས་སྐྱེལ་ར་སྤྲོད་དགོས་པ་རེད། གལ་སྲིད་ཁུངས་སྐྱེལ་ར་སྤྲོད་མེད་ན། བོད་དང་འབྲེལ་བ་ཡོད་པའི་ལས་བྱེད་ཡིན་ཟེར་མཁན་ཞིག་གིས་སྐད་ཆ་དེ་འདྲ་བཤད་པ་ཡིན་ན་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་། མེས་རྒྱལ་གཅིག་གྱུར་ལ་གཏོར་བཤིག་འགྲོ་ཡི་ཡོད་པ་རེད་ཅེས་བོད་ནང་ཡོད་པའི་བོད་རིགས་ལས་བྱེད་ཅིག་གིས་དགག་པ་ཞེ་དྲགས་བརྒྱབ་ཡོད་པ་རེད། ཡིན་ནའང་། ཀྲུའུ་ཝི་ཆིན་གྱིས་ལན་གང་ཡང་རྒྱག་ཐུབ་ཡོད་པ་མ་རེད། དེ་ང་ཚོས་དྲན་གསོ་བྱེད་དགོས་པ་ཞིག་རེད་བསམ་གྱི་འདུག
ད་རེས་ཕྱི་ལོགས་ནས་ཐོན་པའི་གནས་ཚུལ་དེ་ཆ་ཚང་བདེན་པ་ཡིན་དང་མིན་ངས་བཤད་ཐུབ་ཀྱི་མ་རེད། ཡིན་ནའང་། འདི་འདྲ་བལྟས་བསྡད་པ་ཡིན་ན། གང་ལྟར་ཀྲུའུ་ཝི་ཆིན་ལ་གནས་ཚུལ་ཞིག་ལྷག་གི་མེད་འགྲོ་བསམ་བསམ་ཞིག་གསལ་པོ་མཐོང་གི་འདུག གང་ཡིན་ཟེར་ན། དེ་སྔོན་བརྒྱུད་ལམ་ཁག་ཏུ་རྒྱ་ཡིག་ནང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་དོལ་རྒྱལ་ཚོགས་པ་ལ་ངན་འབྲེལ་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། དེའི་སྒང་ལ་བོད་རིགས་ལས་བྱེད་ཕལ་ཆེར་འཇམ་དཔལ་རྒྱ་མཚོ་ཡིན་ས་ཡོད་དགག་པ་ཞེ་དྲགས་ཤུགས་ཆེན་པོ་བརྒྱབ་ཡོད་པ་རེད། གང་ལྟར་ཀྲུའུ་ཝི་ཆིན་ལ་སྐྱོན་ཡོད་པ་དེ་གསལ་པོ་ཞེ་དྲགས་རེད། དེ་འདྲ་ཡིན་དུས་ཁོ་རང་ལ་ཞིབ་འཇུག་བྱེད་ཀྱི་ཡོད་དང་མེད། གལ་སྲིད་ཞིབ་འཇུག་བྱེད་ཀྱི་ཡོད་ན་གཏིང་ཟབ་ལུགས་ག་འདྲ་ཡོད་མེད། ཞིབ་འཇུག་དེ་བརྒྱུད་ལམ་དུ་ཐོན་པ་ལྟར་སྤྲུལ་སྐུའི་མིང་སྤྲད་ནས་དངུལ་ལེན་པའི་ཐོག་ནས་བྱེད་ཀྱི་ཡོད་མེད་ཇེ་གསལ་དུ་འགྲོ་ངེས་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
ནམ་རྒྱུན་ཀྲུའུ་ཝི་ཆིན་གྱིས་༧གོང་ས་མཆོག་ལ་མཚན་སྨད་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་སྣ་ཚོགས་ཞུ་ཡི་ཡོད་པའི་ཐད་ཁོང་གིས། ང་ཚོ་བོད་པ་ཚོས་གོ་བ་འདི་འདྲ་ཞིག་ལེན་དགོས་པ་རེད་བསམ་གྱི་འདུག ཀྲུའུ་ཝི་ཆིན་གྱིས་བར་ལམ་ནས་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་མང་པོ་ཞུས་བ་དང་དངོས་དོན་མིན་པའི་སྐྱོན་བརྗོད་མང་པོ་བྱས་ཡོད་པ་རེད། ཡིན་ནའང་། ཀྲུའུ་ཝི་ཆིན་གྱི་བཤད་སྟངས་དེ་ཚོ་རྒྱ་ནག་གཞུང་གི་ལངས་ཕྱོགས་ཡིན་པའི་ངེས་པ་ཡོད་པ་མ་རེད། ད་ལྟ་ཀྲུའུ་ཝི་ཆིན་ཡོད་ས་དེ་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་སྡེ་ཚན་ཡིན་པ་དང་། དེ་ཞེ་དྲགས་ནུས་པ་ཡོད་པའི་སྡེ་ཚན་གང་ཡང་མ་རེད། ཡིན་ནའང་ཁོ་རང་གིས་བཤད་ཡ་དེ་བཤད་སྡོད་ཀྱི་ཡོད་པ་རེད། ལྷག་པར་དུ་ད་རེས་ཀྱི་གནས་ཚུལ་དེ་ཀྲུའུ་ཝི་ཆིན་གྱིས་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་བྲལ་སྟོབས་ཤུགས་ཀྱིས་བཟོས་པ་རེད་ཟེར་བ་དེ་ཁུངས་ལུང་མེད་པའི་སྐད་ཆ་རེད། གལ་སྲིད་དེ་འདྲ་ཡིན་ན་ཁ་བྲལ་སྟོབས་ཤུགས་གང་ཡིན་སྟོན་དགོས་པ་རེད། ཡིན་ནའང་། ཀྲུའུ་ཝི་ཆིན་ལ་ཁུངས་སྐྱེལ་རྒྱུ་གང་ཡང་མེད་པས་ཁུངས་ལུང་མེད་པའི་སྐད་ཆ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
མི་ངན་དེར་ཞིབ་འཇུག་བྱ་རྒྱུའི་རེ་བ་ཡོད། ཁོས་༸གོང་ས་མཆོག་དང་། བོད་མིར་དམའ་འབེབས་མཐོང་ཆུང་བྱས་པར་ཚོད་གཅིག་མེད།
ཀྲུའུ་ཝི་ཆིན་གྱིས་སྤྲུལ་སྐུའི་མཚན་གནས་བཙོང་སྟེ་དཔལ་འབྱོར་གྱི་ཁེ་ཕན་བླངས་བའི་དོགས་གཞི་ཡོད་པ་མ་ཟད། བཙུན་མ་ག་གེ་མོར་ཕྲུ་གུ་བཟོས་པའི་རུལ་སུངས་ཀྱི་གནད་དོན་བྱུང་རྐྱེན་ཆོས་ལུགས་མི་སྣའི་ཁྲོད་སྔ་མོ་ནས་ཀྲུའུ་ཝི་ཆིན་ལ་རྩི་མཐོང་མེད་སྐོར་བརྗོད་འདུག
བཙུན་མ་ཆེ་གེ་མོ་ལས། བཙུན་མ་ག་གེ་མོ་ཡིན་གྱི་མ་རེད། གང་ཟག་དང་གང་ཟག་མ་ཡིན་པ་ལ་འཇུག་ཚུལ་མི་འདྲ་བ་རེད།