བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་ཉེ་ལམ་༧གོང་ས་མཆོག་གིས་བོད་མིའི་ནད་གཞི་སྔོན་འགོག་སྐོར་ལ་བཀའ་གནང་བ་དེའི་ཐོག་འབད་འབུངས་ཞུ་རྒྱུའི་གྲོས་ཆོད་བཞག་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་དྷ་ས་བོད་ཀྱི་གསོ་མགྲོན་ཁང་དུ། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༥ པ་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པའི་ཐོག་བོད་མི་མང་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་གཙོས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་སོགས་འཛོམས་འདུག
མཇུག་སྡོམ་མཛད་སྒོའི་ཐོག་ཚོགས་གཙོ་སྨན་རམ་པ་ངག་དབང་བཟོད་པ་ལགས་ཀྱིས། ཐེངས་འདིའི་ལྷན་ཚོགས་ཐོག་གྲོས་ཆོད་དོན་ཚན་ ༧ བཞག་ཡོད་པ་ངོ་སྤྲོད་གནང་བའི་ནང་། ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ལ་དུས་རྒྱུན་དུ་ནད་པར་ཟས་དང་སྤྱོད་ལམ་སློབ་སྟོན་གནང་བཞིན་ཡོད་ཀྱང་ཉེ་བའི་ཆར་༧གོང་ས་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་འཐུས་ཤོར་འགྲོ་བཞིན་ཡོད་པར་བོད་སྨན་དེ་སྔོན་འགོག་དང་བཅོས་ཐབས་གཉིས་ཀ་ཡོད་པས་ནད་གཞི་སྔོན་འགོག་ལ་སྔར་ལྷག་འབད་སྤུངས་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གཏོང་རྒྱུ་དང་། བོད་ཀྱི་དྲ་ལམ་བརྙན་འཕྲིན་ (Tibetonline TV) ནང་བོད་ཀྱི་གསོ་བ་རིག་པའི་ཟས་སྤྱོད་སློབ་སྟོན་དང་ནད་གཞི་སྔོན་འགོག་ཐོག་ཟླ་རེར་ཐེངས་གཉིས་མཁས་དབང་གདན་ཞུས་ཐོག་གཏམ་བཤད་གནང་རྒྱུའི་ལས་འཆར་སྒྲིག་རྒྱུ། མི་མང་གི་འཕྲོད་བསྟེན་ཡར་རྒྱས་ཆེད་འཕྲོད་བསྟེན་ལས་ཁུངས་སུ་ལོ་རེར་ཉིན་གསུམ་གྱི་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་ཐོག་ནད་པར་སྨན་བཅོས་དང་ཕན་ཚུན་ཤེས་ཡོན་དང་ཉམས་མྱོང་སྤེལ་རེས། དེ་བཞིན་སྤྱི་ཚོགས་ནང་ཁྱབ་བརྡལ་ཆེ་བའི་ནད་གཞི་མཆིན་པའི་གཉན་ཚད་དང་འབྲས་ནད། ཕོ་བའི་ནད། མ་དང་བྱིས་པའི་འཕྲོད་བསྟེན་བཅས་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་ཆུང་ངོས་ནས་རྐང་འགན་འཁྱེར་བའི་ཐོག་སྤྱི་ཚོགས་འཕྲོད་བསྟེན་ཡར་རྒྱས་ལས་འགུལ་སྤེལ་རྒྱུར་རེ་སྐུལ་ཞུ་རྒྱུ། དེ་བཞིན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་མུ་མཐུད་ནས་རྒྱུན་གནས་ཡོང་ཆེད་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་གནས་དེ་རྒྱ་གར་དབུས་སྨན་ལྷན་ཚོགས་ཀྱི་ཚོགས་མིར་གཞུང་འབྲེལ་ཐད་བསྐོས་ཡོང་བའི་ཞུ་སྙན་འབུལ་རྒྱུ། ཞུ་སྙན་མཉམ་སྦྱོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འབྲེལ་ཡོད་ལས་ཁུངས་ནས་རྒྱབ་གཉེར་ཞུ་རྒྱུ་སོགས་འཁོད་འདུག
དེའི་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གསུངས་བཤད་གནང་དོ། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གལ་ཆེན་པོར་བརྩིས་ཏེ་སྒྲིག་འཛུགས་ཁག་མང་པོ་ཞིག་བཙུགས་ཡོད་པ་དང་། བོད་ཀྱི་གསོ་བ་རིག་པ་དེའི་གྲས་ཀྱི་གཅིག་ཆགས་བསྡད་ཡོད་དུས། གནད་དོན་གཙོ་བོ་དེ་ང་ཚོར་ཡོད་བསྡད་པའི་ཁྲིམས་དང་སྒྲིག་འཛུགས་ཁག་ཚགས་ཚུད་ཡོང་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་ཕེབས་ཡོང་དུས་ལས་སླ་པོ་མ་རེད། སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གསོལ་རས་གནང་བཞག་པའི་སྒྲིག་འཛུགས་འདི་ཡར་རྒྱས་ཕྱིན་ཏེ་སྒྲིག་འཛུགས་ཆེ་རུ་ཕྱིན་པ་དང་། ང་ཚོར་ལྟ་མོར་ལྟ་སྡོད་མཁན་ཞིག་ཡོད་པ་རེད། རྒྱ་གཞུང་གི་དམ་དྲག་འོག བོད་ནང་ནས་ནུས་པ་གང་ལ་གང་འཚམ་ཐོན་པ་དང་། བཙན་བྱོལ་ནང་ནུས་པ་ཞེ་དྲག་མ་ཐོན་པར་ལས་དོན་མང་པོ་ཞིག་ལྷག་བསྡད་པ་ཡིན་ན། དེ་ཞན་ཆ་རེད་མ་གཏོགས་བཟང་ཆ་གང་ཡང་མ་རེད། ཅེས་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།