ཁ་སང་ལྡི་ལིའི་ནེ་རུ་མཐོ་སློབ་ཏུ་མཁས་དབང་ཟླ་བ་ནོར་བུ་རྗེས་དྲན་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་པའི་སྟེང་གཏམ་བཤད་པ་རྣམ་པས་བཙན་བྱོལ་བོད་མིའི་གནས་སྟངས་དང་དཀའ་ངལ། བོད་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་ཆབ་སྲིད་འགྱུར་འགྲོས་སོགས་ཀྱི་སྐོར་ལ་གཏམ་བཤད་བགྲོ་གླེང་གནང་ཡོད་འདུག
ཁ་སང་ཕྱི་ཚེས་ ༧ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་། རྒྱ་གར་རྒྱལ་ས་ལྡི་ལིའི་ནེ་རུ་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་ཚོགས་ཁང་དུ། ལྡི་ལིར་ཡོད་པའི་བོད་དོན་བསྐྱར་ཞིབ་(Tibetan Review) དང་། ནེ་རུ་མཐོ་སློབ་ནང་གི་བོད་དོན་གླེང་སྟེགས་(Tibet Forum)གཉིས་ཀྱི་གོ་སྒྲིག་འོག་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་ཡོད་པ་དང་། མཛད་སྒོ་དབུ་འཛུགས་སྟེང་། ཨ་རིའི་ཇཱོར་ཇི་ཝ་ཤིན་ཊོན་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་དང་མ་ཅིག་ཚོགས་པའི་འགན་འཛིན་གཅིག་ལྕོགས་བཀྲ་ཤིས་རབ་རྒྱས་ལགས་དང་། ནེ་རུ་མཐོ་སློབ་ཀྱི་འགན་འཛིན་ཅན་ཊ་མ་ནེ་ལགས་སོགས་གདན་ཞུའི་སྐུ་མགྲོན་ ༡༣ གྱིས་གཏམ་བཤད་གནང་ཡོད་པ་དང་། མཛད་སྒོ་དེར་ནེ་རུ་མཐོ་སློབ་ཀྱི་བོད་པའི་སློབ་ཕྲུག་གིས་གཙོས་པའི་མཐོ་སློབ་གཞན་དང་སྤྱི་ཚོགས་ནང་གི་དོ་སྣང་ཅན་བཅས་མི་ ༧༠ ཡས་མས་འཛོམས་སོང་།
སྐབས་དེར་བོད་དོན་གླེང་སྟེགས་ཀྱི་གཙོ་སྐྱོང་བ་བསྟན་འཛིན་དབང་གྲགས་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་དོན། “དེ་རིང་མཁས་དབང་ཟླ་བ་ནོར་བུ་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འདི། སྔར་བགྲོ་གླེང་ཚོགས་འདུ་ཐེངས་དང་པོའི་སྐབས་གྲོས་སྡུར་བྱུང་བའི་མཁས་དབང་ཟླ་བ་ནོར་བུའི་ཞིབ་འཇུག་གི་རྩོམ་ཡིག་དང་འབྲེལ་བའི་སྐོར་ལ་བསམ་ཚུལ་བརྗེ་རེས་དང་། བོད་དོན་དང་འབྲེལ་བའི་གནད་དོན་དག་གི་སྟེང་ཞིབ་འཇུག་བྱེད་བཞིན་པའི་མཁས་དབང་རྣམས་གདན་འདྲེན་ཞུས་ཏེ་ཕན་ཚུན་བགྲོ་གླེང་བྱ་རྒྱུ་དེ་རེད། ཚང་མས་ཤེས་གསལ་ལྟར་མཁས་དབང་ཟླ་བ་ནོར་བུ་ནི། སྔར་ནེ་རུ་མཐོ་སློབ་ཏུ་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་དགེ་རྒན་ཆེན་མོ་གནང་མྱོང་ཡོད་པ་དང་། ཁོང་སྐུ་འཚོ་བཞུགས་སྐབས་བོད་དོན་དང་འབྲེལ་བའི་ཆེད་རྩོམ་དང་ཞིབ་འཇུག་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པའི་ཁྲོད་ནས། ཁོང་གིས་བརྩམས་པའི་དཔེ་དེབ། <<སྐར་ལྔའི་དར་དམར་འོག་གི་བོད>>(Red Star over Tibet) དང་། <<རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས།>>(China’s Tibet Policy) འཛམ་གླིང་<<གསུམ་པའི་མི་རིགས་རིང་ལུགས>>(Third World Nationalism) (འདིར་འཛམ་གླིང་་གསུམ་པ་ཞེས་པ་གྲང་དམག་གི་དུས་སུ། མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀ་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ལ་གོ་དགོས་ལ། དེང་གི་དུས་སུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཨ་ཧྥི་རི་ཀ་དང་ཨེ་ཤེ་ཡ་སོགས་ལ་གོ་དགོས།) སོགས་ལ་རྒྱལ་སྤྱིའི་མཁས་དབང་མང་པོས་དཔྱད་གླེང་དང་གདེང་འཇོག་ཆེན་པོ་བྱས་ཡོད། ” ཅེས་བརྗོད་སོང་།
དེའི་རྗེས་ནེ་རུ་མཐོ་སློབ་ཀྱི་འགན་འཛིན་ཅན་ཊ་མ་ནེ་(Prof. Chintamani)ལགས་ཀྱིས་མཁས་དབང་ཟླ་བ་ནོར་བུའི་སྐུ་པར་གྱི་མདུན་དུ་མར་མེ་ཞལ་འབྱེད་གནང་རྗེས་གསུངས་དོན། “འཛམ་གླིང་གི་ས་བབ་ཆ་ནས་བརྩིས་ན། བོད་ནི་ཡུལ་ལུང་དང་གཞན་དང་མ་འདྲ་བའི་དམིགས་བསལ་ཅན་ཞིག་ཡིན་པ་དང་། བཙན་བྱོལ་ལ་བོད་མིའི་མི་འབོར་དེ་ཙམ་གྱི་མང་པོ་མེད་ན་ཡང་། ཉེ་སྔོན་དམངས་གཙོའི་འགྲོ་ལུགས་དང་མཐུན་པའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ནང་བོད་མི་མང་པོ་ཞིག་འཛུལ་ཞུགས་གནང་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ང་རང་ཨ་རིའི་ཆབ་སྲིད་འགྲོ་སྟངས་ཐོག་སློབ་སྦྱོང་བྱས་པའི་རྐྱེན་གྱིས་འདས་པའི་བོད་མི་རིགས་ཀྱི་འཐབ་རྩོད་ལས་འགུལ་ལ་ཕྱིར་བལྟས་བྱེད་སྐབས། ཨ་རིའི་གསང་བའི་ལས་ཁུངས་ངོས་ནས་བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གང་ཙམ་བྱས་ཐུབ་ཡོད་ལ། རྗེས་སུ་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རང་བཙན་གཙང་མའི་ལྟ་གྲུབ་ལ་གྱུར་བ་ཕྱིན་ཏེ། ད་ལྟ་༧གོང་ས་མཆོག་གིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་ལྟ་གྲུབ་ཐོག་ཤར་སྐྱོད་གནང་བཞིན་ཡོད་པ་རེད། ད་ལྟ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་ན་ཡང་། བོད་ནང་ལ་ཆོས་དང་སྤྱི་ཚོགས་དཔལ་འབྱོར་གང་ཅིའི་ཐད་དམ་དྲག་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་ད་ལྟ་༧གོང་ས་མཆོག་གི་སྐུ་པར་ཡང་ཉར་མི་ཆོག་པའི་གནས་སྟངས་ཆགས་ཡོད། ཛ་དྲག་གི་གནས་སྟངས་འདི་འདྲའི་འོག་ཏུ་བོད་མི་ ༡༥༡ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ལ། གནས་སྟངས་འདི་(Sri Lanka and Middle East) གིས་རང་སྲོག་ལ་བརྩི་འཇོག་མེད་པར་འབར་མདེལ་གཡུག་མཁན་གྱི་མི་རྣམས་དང་མ་འདྲ་བར་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་ཡོད་པ་རེད། ” ཅེས་བརྗོད་སོང་།
ཇཱོར་ཇི་ཝ་ཤིན་ཊོན་གཙུག་ལག་སློབ་གཉེར་ཁང་(George Washington University) གི་དགེ་རྒན་ཆེན་མོ་དང་། མ་ཅིག་ཚོགས་པའི་འགན་འཛིན་གཅིག་ལྕོགས་བཀྲ་ཤིས་རབ་རྒྱས་ལགས་ཀྱིས་གསུངས་དོན། “ང་རང་ནེ་རུ་མཐོ་སློབ་ཏུ་སླེབས་པ་ཐེངས་དང་པོ་ཡིན་པ་དང་། དམིགས་བསལ་དེ་རིང་གི་མཁས་དབང་ཟླ་བ་ནོར་བུ་རྗེས་དྲན་གྱི་ཚོགས་འདུ་ཐོག་བོད་རིགས་གཞོན་སྐྱེས་མང་པོ་ཞིག་སླེབ་འདུག་པས། ང་རང་དངོས་གནས་དགའ་པོ་བྱུང་། ངས་ཤེས་གསལ་ལྟར་ན། མཁས་དབང་ཟླ་བ་ནོར་བུ་མཆོག་གིས་བོད་དོན་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་ཀྱང་། དུས་ཚོད་དེའི་སྐབས་བོད་ཕྱི་ནང་གཉིས་ཀྱིས་བོད་མི་མང་པོས་དཔྱད་གླེང་བྱས་ཐུབ་པ་བྱུང་མེད་ལ། ཁོང་འདས་ཚར་བའི་རྗེས་ལ་ཡང་། མྱ་ངན་ཚོགས་འདུ་སྟབས་བདེ་ཞིག་མ་གཏོགས། ཁོང་གི་ལྟ་བ་དང་དཔེ་དེབ་སྐོར་བགྲོ་གླེང་གང་ཡང་བྱས་ཐུབ་མེད་བསམ་གྱི་འདུག འོན་ཀྱང་དེ་རིང་བོད་དོན་བསྐྱར་ཞིབ་དང་ནེ་རུ་མཐོ་སློབ་ཀྱི་བོད་དོན་གླེང་སྟེགས་གཉིས་ཀྱིས་གོ་སྒྲིག་འོག་འདི་ལྟ་བུའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་འཚོགས་གནང་ཐུབ་པར་ངས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ངས་འདས་པའི་ལོ་ངོ་ ༢༢ སྔོན་གྱི་དུས་ཚོད་དེར་ད་ལྟ་ད་ཕྱིར་དྲན་བྱས་སྐབས། ཐེངས་ཤིག་མཁས་དབང་ཁོང་ཨོ་སོ་ཕོཊ་སློབ་ཆེན་(Oxford University)ལ་ཕེབས་ཏེ་ཞིབ་འཇུག་རྩོམ་ཡིག་ཅིག་སྒྲོག་སྦྱངས་གནང་སོང་། སྐབས་དེར་ངས་ཐེངས་དང་པོར་མཐོང་བའི་མཁས་དབང་ཟླ་བ་ནོར་བུ་ནི་ཧ་ཅང་ཞི་དུལ་དང་ཁེངས་སྐྱུང་གི་རང་བཞིན་ལྡན་པའི་མི་ཞིག་རེད། ཁོང་གིས་དེང་རབས་བོད་ཀྱི་སྤྱི་ཚོགས་ཚན་རིག་གི་ཉམས་ཞིབ་ལམ་བུའི་ཁྲོད་དུ་བྱས་རྗེས་རླབས་ཆེན་བཞག་ཡོད་ལ། མདོར་བསྡུས་ན་ཁོང་ནི་འཇིགས་སྣང་བྲལ་ཞིང་། རྒྱུ་མཚན་དང་ལྟ་གྲུབ་ཚད་མར་འཛིན་པའི་མཁས་དབང་འགྲན་ཟླ་བྲལ་བ་ཞིག་རེད་བསམ་གྱིན་འདུག ”ཅེས་བརྗོད་པ་དང་འབྲེལ་ཏེ། ཁོང་གི་མ་ཅིག་ཚོགས་པའི་ལས་དོན་སྐོར་ངོ་སྤྲོད་གནང་བ་ལྟར་ན། མ་ཅིག་ཚོགས་པ་ཟེར་བ་དེས་བོད་པའི་སློབ་ཕྲུག་ཚོར་དབྱར་གནང་གི་ཟབ་སྦྱོང་དང་གཞོན་སྐྱེས་ནུས་སྟོབས་སྐྱེད་སྲིང་། སྤྱི་ཚོགས་ཀྱི་ཁེ་ལས་ཟབ་སྦྱོང་། བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཐབས་སོགས་སུ་ཕྱག་ལས་གནང་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་སོང་།
མཛད་སྒོའི་གསོལ་ཇའི་བར་གསེང་དུ། མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་བགྲོ་གླེང་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་ལ། ཚོགས་འདུ་དང་འབྲེལ་བའི་སྒེར་གྱི་བསམ་ཚུལ་སྐོར་བཅར་འདྲི་ཞུས་པར་ཁོང་གིས། “ དེ་རིང་སྤྱི་ཡོངས་ཀྱི་ཆ་ནས་བགྲོ་གླེང་དང་ཚོགས་འདུ་གོ་སྒྲིག་བྱེད་སྟངས་ཧ་ཅང་ཡག་པོ་བྱུང་འདུག་བསམ་གྱི་ཡོད། བགྲོ་གླེང་གི་བརྗོད་གཞི་ཡང་བོད་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་ཆབ་སྲིད་འཕོ་འགྱུར་སྐོར་ཡིན་སྟབས་དངོས་གནས་ཡག་པོ་མཐོང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཡང་བོད་རིགས་མཁས་དབང་ཞིག་གདན་འདྲེན་ཞུ་ཐུབ་པ་དེ་ཡག་པོ་ཞེ་དྲགས་རེད་བསམ་གྱི་འདུག འོན་ཀྱང་ངས་བསམ་ཚུལ་ལ་རྗེས་སོར་འདི་འདྲ་བའི་བགྲོ་གླེང་ཚོགས་འདུའི་སྐབས་ལ། བོད་ནང་ལོགས་ཀྱི་གནས་སྟངས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་ཐུབ་ན་དེ་ལས་ལྷག་གི་གྲུབ་འབྲས་འཐོན་གྱི་རེད་བསམ་གྱིན་འདུག”ཅེས་བརྗོད་སོང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་ཀྱང་། “དེ་རིང་གི་བགྲོ་གླེང་ཚོགས་འདུ་འདི་བརྒྱུད་ནས་བརྗོད་གཞི་འདྲ་མིན་ཐོག་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱས་ཐུབ་པ་བྱུང་སོང་། ”ཞེས་བརྗོད་སོང་། དེའི་རྗེས་ནེ་རུ་མཐོ་སློབ་ཏུ་ཤར་ཨེ་ཤ་ཡའི་ཉམས་ཞིབ་ཚན་པའི་འབུམ་རམས་པ་ཨོ་རྒྱན་ཆོས་གྲུབ་ལགས་ལ། ཁོང་གི་ཞིབ་འཇུག་གི་ནང་དོན་དང་འབྲེལ་བའི་སྐོར་ལ་འདྲི་ཞུས་པར། ཁོང་གིས་ “བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན། ཆོལ་ཁ་སོ་སོའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་ཆོས་བརྒྱུད་ཀྱི་ལྟ་བ། ད་དུང་དཔལ་འབྱོར་གྱི་གནས་སྟངས་སོགས་གཅིག་མཚུངས་(Homogeneous) མ་ཡིན་པར། རྣམ་པ་མ་འདྲ་བ་( Heterogeneous) ཆགས་ཡོད་སྟབས། ང་ཚོས་མི་རིགས་ཀྱི་ངོ་བ་དང་རིང་ལུགས་སོགས་གང་ཞིག་གཏན་འབེབས་བྱེད་དུས། གོང་གི་རྒྱབ་ལྗོངས་འདི་དག་ལ་བསྟུན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ལ། འདི་ངས་ཞིབ་འཇུག་གི་ནང་དོན་གནད་བསྡུད་ཅིག་ཡིན་”ཞེས་བརྗོད་སོང་།
གནས་ཚུལ་མཁོ་གཏོང་བ། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།