ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་སོགས་ལ་བརྩི་མཐོང་དགོས་སྙན་ཐོ་ཞིག་བཏོན་པ་དེར་རྒྱ་གཞུང་གིས་ངོས་ལེན་བྱེད་ཐུབ་མེད་སྐོར་བརྗོད།
དེ་རིང་ཨེ་ཕེ་ (AP) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཡུ་རོབ་མཐུན་ཚོགས་ནས་དེ་སྔོན་ཧོང་ཀོང་གྲོང་ཁྱེར་གྱི་རྒྱ་རིགས་དཔེ་དེབ་འཚོང་མཁན་ཁ་ཅིག་གློ་བུར་བོར་བརླག་ཕྱིན་པའི་གནད་དོན་ཐད་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༦ ཉིན་པེ་ཅིན་གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཇུས་གཏོགས་མི་ཆོག་པའི་སྐྱོན་བརྗོད་དང་། ཉེ་ཆར་ཧོང་ཀོང་གྲོང་ཁྱེར་གྱི་རྒྱ་རིགས་དཔེ་དེབ་འཚོང་མཁན་ ༥ བོར་བརླག་ཕྱིན་པའི་གནད་དོན་ཐད་རྒྱ་ནག་གཞུང་གིས་རྟོགས་ཞིབ་བྱས་པ་བརྒྱུད། ཁོ་ཚོས་རྒྱ་ནག་མངའ་ཁོངས་ཀྱི་རང་སྲིད་རང་སྐྱོང་དང་རྒྱ་ནག་གི་ཁྲིམས་ཀྱི་དབང་སྒྱུར་ལ་གཏོར་བརླག་བྱས་ཡོད་ལུགས་བཤད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་ཡང་ (Hua Chunying) ཟེར་བ་ཞིག་གིས། འདི་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཡིན་པ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་སྔོན་ཆད་དབྱིན་ཇིའི་མི་སེར་སྤེལ་ཡུལ་ས་ཁུལ་གྱི་གནད་དོན་ལ་སེམས་འཁུར་བྱེད་རྒྱུ་མཚམས་འཇོག་དགོས་ལུགས་སྐོར་ལ། ཧོང་ཀོང་དང་འབྲེལ་བའི་གནད་དོན་འདི་རྒྱ་ནག་ནང་ཁུལ་གྱི་གནད་དོན་བསྙོན་མེད་ཅིག་རེད། ང་ཚོས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཧོང་ཀོང་གི་དོན་དག་ལ་ཇུས་གཏོགས་བྱས་པའི་སོ་སོའི་སྐད་ཆ་དང་བྱ་སྤྱོད་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་ཛ་དྲག་གི་འབོད་སྐུལ་རྒྱུ་ཡིན་ཞེས་སོགས་བརྗོད་འདུག
གནས་ཚུལ་ལྟར་ན། ཡུ་རོབ་མཐུན་ཚོགས་ཀྱིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དཔེ་དེབ་འཚོང་མཁན་རྒྱ་རིགས་ ༥ གློ་བུར་བོར་བརླག་ཕྱིན་པ་དང་། ཕྱིས་སུ་རྒྱ་ནག་གཞུང་གིས་རྒྱ་རིགས་དཔེ་དེབ་འཚོང་མཁན་དེ་ཚོར་ཞིབ་བཤེར་བྱས་པ་བརྒྱུད། ཁོ་ཚོ་ཧོང་ཀོང་གྲོང་ཁྱེར་ནང་ཡོད་པའི་དཔེ་ཁང་དང་དཔེ་སྐྲུན་བྱེད་མཁན་ཞིག་ལ་འབྲེལ་བ་ཡོད་ལུགས་བཤད་ཡོད་སྟབས། རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་། ཁྲིམས་ཀྱི་དབང་སྒྱུར་བཅོས་ལ་བརྩི་མཐོང་དགོས་པའི་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། གནད་དོན་དེ་ནི་ཧོང་ཀོང་གི་དོ་གལ་ཆེ་བའི་ཆབ་སྲིད་རང་སྐྱོང་རྩོད་ལེན་བྱེད་ཕྱོགས་ཤིག་ཡིན་སྐོར་འཁོད་ཡོད་འདུག
ཉེ་ལམ་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གྲོང་ཁྱེར་གྱི་དཔེ་དེབ་འཚོང་མཁན་ཚོར་ཞིབ་བཤེར་བྱས་ཏེ་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་རིགས་དཔར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པ་དང་། དཔེ་དེབ་འཚོང་མཁན་རྒྱ་རིགས་ཀེ་མིན་ཧྭེ་ (Gui Minhai) དང་ལེ་པོ་ (Lee Bo) ཟེར་བ་གཉིས་རྒྱ་ནག་སྐམ་ས་ཆེན་མོར་བཙན་ཁྲིད་ཀྱིས་ཞིབ་བཤེར་བྱེད་ཀྱི་ཡོད་སྟབས། ཧོང་ཀོང་དང་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་གསང་བའི་ལས་བྱེད་ཚོས་ཚད་ལས་བརྒལ་བའི་བཅའ་ཁྲིམས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་ལ་བློ་འཚབ་བྱེད་བཞིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།