རྒྱ་ནག་གི་རང་དབང་དམངས་གཙོ་དོན་གཉེར་བ་རྒྱ་རིགས་གཉིས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་དང་སྤྱི་མང་ནང་དཀྲོག་རྐྱེན་བཟོས་པའི་ནག་ཉེས་ཐོག་ལོ་བཞི་ནས་ལོ་གསུམ་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་འདུག
ཧོང་ཀོང་རང་དབང་གསར་ཁང་ (HKFP) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་ཧུ་པེ་ཞིང་ཆེན་ཁྲིམས་ཁང་གིས་རྒྱ་ནང་གི་རང་དབང་དམངས་གཙོ་དོན་གཉེར་བ་རྒྱ་རིགས་ཡན་པེན་ (Yuan Bing) དང་ཡན་ཞོ་ཧྭ་ (Yuan Xiaohua)ཞུ་བ་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་དང་། སྤྱི་དམངས་ནང་དཀྲོག་གཏམ་སྤེལ་བའི་ནག་ཉེས་ཐོག་ལོ་བཞི་ནས་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་ཡན་པེན་དང་ཡན་ཞོ་ཧྭ་གཉིས་ཀྱིས་ “རྒྱ་ནག་བློ་འབྱེད་ (Enlightening China) ཅེས་པའི་འབོད་ཚིག་ཐོག་རྒྱ་ནག་གི་གྲོང་ཁྱེར་ ༩ ནང་རང་དབང་དམངས་གཙོའི་ལས་འགུལ་བསླངས་པ་དང་རྒྱ་ནག་མི་མང་ལ་རང་དབང་དམངས་གཙོའི་གཏམ་བཤད་སྤེལ་བའི་གནད་དོན་ཐོག་ལོ་གསུམ་དང་ཟླ་བཞིའི་རིང་འཛིན་བཟུང་བཙོན་འཇུག་བྱས་རྗེས། ཁ་སང་རེས་གཟའ་མིག་དམར་ཉིན་ཧུ་པེ་ཞིན་ཆེན་ཁྲིམས་ཁང་གིས་ལོ་བཞི་ནས་ལོ་གསུམ་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་བ་ནས་ད་ལྟའི་བར་ཁོའི་དྲག་གནོན་སྲིད་ཇུས་འོག་རྒྱ་ནང་གི་རང་དབང་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ། ཤེས་ཡོན་པ་བརྒྱ་ཕྲག་མང་པོ་འཛིན་བཟུང་བཀག་བསྐྱིལ་དང་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་ཅིང་། པེ་ཅིན་གཞུང་གིས་དུས་རྒྱུན་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དེས་འདས་པའི་མི་ལོ་བཅུ་ཕྲག་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཕྱིན་པ་མཚོན་གྱི་ཡོད་ལུགས་ནན་བཤད་བྱེད་ཀྱི་ཡོད་པ་དང་། ཁྲིམས་ཁང་ཁག་ནས་ནམ་རྒྱུན་རྒྱ་ནང་གི་རང་དབང་དམངས་གཙོ་དོན་གཉེར་བ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བཤིག་དང་སྤྱི་མང་ནང་དཀྲོག་རྐྱེན་བཟོས་པའི་ཉེས་མིང་འོག་ཁྲིམས་ཐག་གཅོད་ཀྱི་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།