དེ་རིང་སྔ་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་འོག་ནས་ཀློད་གྲོལ་དགོས་པའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་ཚེས་ ༡༧ ཉིན་རྒྱ་གར་བྱང་ཤར་རྡེ་ར་ལྡུན་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་ནས་མགོ་བཙུགས་ཏེ་ཕྱི་ཚེས་ ༢༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཇུག་བསྡུ་རྒྱུ་ཡིན་པ་དང་། ༢༣ ཉིན་ནི་བོད་རྒྱ་གཉིས་བར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ཉིན་མོར་འཁེལ་ཡོད་འདུག
འདི་གའི་གསར་འགོད་པས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སུ་བཅར་འདྲི་ཞུས་པར། ད་ལན་གྱི་རྐང་འཁོར་སྐོར་སྐྱོད་འདི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་ཡོང་ཐབས་དང་། ཁོང་གཙོས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ། དེ་བཞིན། རྒྱ་གཞུང་གི་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོའི་ཡ་ང་བའི་ཛ་དྲག་གནས་བབ་དྲིལ་བསྒྲགས་དང་ཁོང་རྣམས་པར་གདུང་སེམས་མཉམ་སྐྱེད་ཆེད་ཡིན་སྐོར་དང་། ཐེངས་འདིའི་ལས་འགུལ་ནང་ས་གནས་གཞོན་ནུའི་ཚོགས་མི་དང་ས་གནས་མི་མང་། བོད་དོན་རྒྱབ་སྐྱོར་བ་སོགས་མི་ ༤༠ ཡོད་སྐོར་བརྗོད་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་ལ་དགོས་འདུན་དོན་ཚན་ ༤ བཏོན་ཡོད་པ་ནི། ༡༽རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་དགོས་པ་ནན་སྐུལ་བྱ་དགོས་པ་དང་། ༢༽ རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་དང་མངོན་འདོད་ཁག་ལ་འགན་ཁུར་ཡ་ལན་དགོས་པ་ནན་སྐུལ་བྱ་དགོས་པ། ༣༽ བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས་པ། ༤༽ རྒྱ་ནག་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་གྲོལ་དགོས་པ་ནན་སྐུལ་བྱ་དགོས་པ་བཅས་རེད་འདུག