དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་བོད་རིགས་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་འདུག
འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཡུ་རོབ་སྦེལ་ཇམ་ཁུལ་དུ་ཡོད་པའི་ས་སྐྱའི་བརྩེ་ཆེན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ནས་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཁུལ་གྱི་གནས་སྡོད་བོད་མི་གཙོས་པའི་ཐའེ་ཝན་དང་ཨ་རི་སོགས་ཀྱི་དད་ལྡན་མང་ཚོགས་སྟོང་ཕྲག་གསུམ་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་འདུག
དེ་ཡང་ཕྱི་ཟླ་ ༤ ནས་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་བྱང་ཨ་རི་དང་ཡུ་རོབ་སོགས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཡུ་རོབ་སྦེལ་ཇམ་ནང་ཞབས་སོར་འཁོད་དེ། ཕྱི་ཚེས་ ༢༥ ནས་ ༢༦ ཉིན་གཉིས་རིང་དཔལ་དུས་འཁོར་དཔང་ཆེན་གྱི་སྟ་གོན་དང་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་སྐྱབས་རྗེ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་པོ་སྐུ་གཞོན་རིན་པོ་ཆེ་མཆོག་གི་གཙོས་པའི་དད་ལྡན་ཡོངས་ཀྱིས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་མའི་སྒོ་ནས་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཡོད་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་ཧྥ་རན་སིའི་ས་སྐྱ་བརྩེ་ཆེན་གླིང་དུ་ཞབས་སོར་འཁོད་ནས་ཁུལ་དེར་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་གཅིག་བསྐྱངས་ཡོད་འདུག
གནས་ཚུལ་ལྟར། ཕྱི་ཟླ་ ༧ ཚེས་ ༦ ཉིན་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་འཇར་མན་ནང་ཡོད་པའི་ས་སྐྱ་བཀའ་ལྡན་གླིང་གི་ཆོས་ཚོགས་སུ་ཞབས་སོར་འཁོད་དེ་ཟླ་གཅིག་ཙམ་རིང་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་གསུང་ངག་ལམ་འབྲས་ཀྱི་གསུང་ཆོས་གནང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།