༧གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་སོང་།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཁུལ་གྱི་ཉིན་གྲངས་ ༥ ཙམ་རིང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཁ་སང་ཕྱིར་ཆིབས་ཐོན་གནང་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཙམ་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གི་དབུས་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་གྷ་གྷིལ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་དང་། ངྷ་སའི་སེར་སྐྱ་མི་མང་གིས་ཕེབས་ལམ་གཡས་གཡོན་དུ་བང་སྒྲིག་སྟེ་ཕེབས་བསུ་ཞུས་པའི་ཁྲོད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་སོང་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱང་༧གོང་ས་མཆོག་གི་ཆིབས་ཞབས་དང་ལྷན་དུ་ཕྱིར་དྷ་རམ་ས་ལར་ཕེབས་འབྱོར་གནང་སོང་།
འབྲེལ་ཡོད་ནས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་གནས་མཆོག་མཚོ་པདྨ་རུ་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་པའི་གསུང་ཆོས་གནང་རྒྱུ་དང་། ཕྱི་ཟླ་ ༨ ཚེས་ ༣ ཉིན་ནས་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།