རྒྱ་ནག་གཞུང་གིས་ཕྱིའི་ངན་སྐུལ་ལ་བརྟེན་ནས་བོད་དང་ཤིན་ཅང་སོགས་ཀྱི་འཐབ་རྩོད་དེ་ཨེ་རག་དང་སི་རི་ཡའི་ཟིང་འཁྲུག་ལྟ་བུ་ཆགས་རྒྱུ་ཡིན་པའི་བརྙན་ཐུང་ཞིག་བཀྲམས་འདུག
ཁ་སང་རྒྱ་ནག་མི་མང་ཆེས་མཐོའི་ཞིབ་བཤེར་ཁང་གིས་རྒྱ་ནག་སྤྱི་ཚོགས་བརྒྱུད་ལམ་ཝེ་པོ་ (Weibo) ནང་བརྙན་ཐུང་ཞིག་བཏང་སྟེ། ཨ་རིའི་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་དང་ཐའེ་ཝན་བཅས་ཀྱི་ཁ་བྲལ་བའི་རང་བཙན་འཐབ་རྩོད་ཐད་རྟིང་སྐུལ་བྱེད་པ་ནི་མུན་ནག་གི་གྲིབ་རིས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། བརྙན་ཐུང་དེ་ནི་བོད་དང་ཞིན་ཅང་། ཐའེ་ཝན་དང་ཧོང་ཀོང་བཅས་ཀྱི་རང་དབང་དམངས་གཙོའི་འཐབ་རྩོད་དེ་དེང་གི་ཨེ་རག་དང་སི་རི་ཡའི་ཟིང་འཁྲུག་ལྟ་བུར་དཔེ་བླངས་ནས་བཟོས་པ་ཡིན་འདུག
བརྙན་ཐུང་དེའི་ནང་རྒྱལ་ཁབ་ཕྱི་ནང་གི་བཙན་སྐུལ་ལས་བྱུང་བའི་སེམས་ཁྲལ་དེ་ནི་རྒྱ་ནག་གི་མཁའ་དབྱིངས་ནས་དུས་ནམ་ཡང་ཡལ་ཐབས་མེད་པ་དང་། བོད་དང་ཤིན་ཅིང་། ཐའེ་ཝན་དང་ཧོང་ཀོང་བཅས་ཀྱི་ཁ་བྲལ་བ་དང་ཁྲིམས་རྩོད་པ་ཚོའི་འཐབ་རྩོད་དང་། ནུབ་གླིང་རྒྱལ་ཁབ་ཁག་གི་བཙན་འཛུལ་སོགས་ཀྱིས་རྒྱ་ནག་ནང་ཁུལ་གྱི་བརྟན་ལྷིང་དང་འཆམ་མཐུན་ལ་གནོད་སྐྱོན་བཟོ་བཞིན་ཡོད་ནའང་། གནད་དོན་དེ་དག་གི་རྒྱབ་ལོགས་ནས་རྒྱ་ནག་གཞུང་གིས་མུན་ནག་ཁྲོད་ཀྱི་སྐར་ཚོགས་ལ་རྒྱང་ལྟ་བྱེད་བཞིན་ཡོད་སྐོར་བསྟན་ཡོད་པ་དང་འབྲེལ། རྒྱ་ནག་མི་མང་གིས་ཁ་དོག་གསར་བརྗེ་ཡི་ལངས་ཕྱོགས་བཟུང་སྟེ། རྒྱ་ནག་ནང་གི་ཞི་བདེ་བརྟན་ལྷིང་དེ་དེང་གི་ཨེ་རག་དང་སི་རི་ཡའི་ཟིང་འཁྲུག་ལྟ་བུར་མི་བསྒྱུར་བར་ནན་སྐུལ་བྱས་ཡོད་འདུག
ཨ་རིའི་སི་ཨན་ཨན་གསར་ཁང་གིས། རྒྱ་ནག་མི་མང་ཆེས་མཐོའི་ཞིབ་བཤེར་ཁང་གིས་བརྙན་ཐུང་དེའི་ནང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇོ་ཤཱུ་ཝང་སོགས་ཀྱི་འདྲ་པར་བཀོད་དེ། བོད་དང་ཤིན་ཅང་། ཐའེ་ཝན་དང་ཧོང་ཀོང་བཅས་ཀྱི་རང་དབང་དམངས་གཙོའི་འཐབ་རྩོད་ལ་འཇིགས་སྐུལ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།